གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་མཇུག་དང་བཅད་འདྲེས།

2014-06-30 20:13:00 རྩེ་སྐྱེས་རིག་པའི་རྣོ་གྲི། ཀློག་གྲངས། མཆན ཡོད།

རྟེན་སྟོང་འདྲེས་ངེས་ཀྱི་བཙན་རླུང་ནག་པོའི་ཧྲག་ནས།།
སྟོང་གསུམ་རྨི་ལམ་གྱི་ངོས་ལ་ཡོར་ཡོར་འགུལ་གྱིན།།
ངག་གི་སྒྱུ་རྩལ་ལ་དུངས་པས་འོ་ཞིག་གནང་མཁན།།
ཀྱེ་ཀྱེ་དབྱངས་ཅན་མར་དད་པའི་སྙིང་ཕྱག་འདི་འབུལ།།

དཀའ་སྡུག་བསྲེས་ངོམས་ཀྱི་བྱ་ཕོའི་གཤོག་གི་སྣེ་རུ།།
ཡིད་བརྙན་སྣ་ཚོགས་ཀྱི་ཉི་ཟླས་ལང་ཚོ་བཤེར་དུས།།
ཆུ་འཛིན་སྒེག་ལྡན་མར་བྲིས་པའི་འཕྲིན་གྱི་ཐོག་མ།།
བཞུད་ཉེར་ལོ་མཇུག་དང་ང་ཡི་བཅད་འདྲེས་འདི་གོ།།

བསླུ་མེད་ལས་འབྲས་གྱི་ཚགས་ཤོག་དགུང་ལ་སྦིར་ན།།
དག་དང་མ་དག་གིས་འཁྲབ་པའི་གཞོང་བཟང་མདོ་རུ།།
ཚོར་དྲུག་རྣམ་ཤེས་ཀྱི་མཛའ་མོ་བག་མར་ཕེབས་པས།།
གནའ་དེང་ཆོས་ཉིད་ཀྱི་རྒུད་རྟགས་གྲོལ་གྲོལ་འཁྱུག་འདྲ།།

རྟོག་པས་རི་རྐེད་ལ་བཏབ་པའི་སྣང་འོད་སེར་ཆེན།།
བྲལ་འདུ་དམར་ནག་ལ་བརྒྱུས་པའི་ལོ་ཟླར་འཐིམ་དུས།།
རང་སེམས་གླག་ནག་གི་ཨག་སྐད་མགྲོན་དུ་ཉུལ་ས།།
ཨ་ཧོ་ལོ་མཇུག་འདིར་ཇི་ལྟར་གཅིག་ཏུ་དྲན་དགོས།།

གངས་དཀར་ལྷ་མོ་ལ་ངོ་ཚའི་འབྲོང་ཁྱུ་འཁོར་མྱོང་།།
རྟོགས་ལྡན་ཚེ་ལོ་ཡང་དགའ་སྤྲོའི་རྨ་བྱ་བབས་མྱོང་།།
གཞི་གཅིག་བརྩིས་ཙང་ན་སྙིང་ན་སྟན་མོ་མངའ་བའི།།
གཅིང་འབྱོར་ལོ་མཇུག་འདིར་སྣང་བའི་རྨི་ལམ་ཙམ་མོ།།

ཀུན་གཞིའི་བག་ཆགས་ཀྱི་གཞུང་གི་གསེར་གྱི་ཁ་བ།།
བརྟན་དང་གཡོ་ཉིད་སྲིད་པའི་སེང་རྒན་འགྲམ་ནས།།
ངག་རིག་སྟག་དམར་གྱི་དཀྱིལ་ན་མྱུར་འགྲོ་བྱེད་བཞིན།།
ལོ་ཟླའི་སངས་རྒྱས་ལ་ཆགས་པའི་ང་རོ་ལྷང་ལྷང་།།

སྒྲ་སྙན་རོལ་ཆ་ཡི་དབྱངས་སུ་བཏེགས་དང་ཉེ་བའི།།
ཚོར་བའི་འཇིག་རྟེན་གྱི་བཅད་འདྲེས་རྫོབ་པོ་འདི་ཉིད།།
བལྟས་ཀྱིན་མ་འོངས་དང་འདས་ཟིན་ཡིད་ལ་རྩེན་པའི།།
གར་གྱི་སྟེགས་བུ་དང་མཚུངས་ཞེས་བྱེད་པ་པོ་ཡིས།།
 
      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།