གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་ཆོག་མཁས་པ་ཐམས་ཅད་ལྟས་ངན་མིན།

2014-06-06 12:41:00 སྒོ་རབ་རྒྱས། ཀློག་གྲངས། མཆན ཡོད།

གྲོང་ལ་བསོད་སྙོམས་སློང་དུ་འགྲོ་བའི་སྲོལ།།
སྟོན་པ་སངས་རྒྱས་དུས་ནས་ཡོད་མོད་ཀྱང་།།
གྲོང་ཆོག་འགྲིམས་ནས་སྒོར་མོ་བཙལ་ཚུལ་དེ།།
ནམ་ཞིག་དར་མིན་ང་ལ་བཤད་རྒྱུ་མེད།།
དེ་ལྟ་ནའང་ལུགས་སྲོལ་འདི་ཉིད་ཀྱིས།།
གྲྭ་རྐྱང་འཚོ་བར་མཐུན་རྐྱེན་བསྐྲུན་པ་ལ།
ཕྲག་དོག་ཅན་གྱི་ཁྭ་ཏའི་ཚོགས་ཁག་གིས།།
འཇིགས་སྐུལ་ཚོགས་པ་བཞིན་ཏུ་ཁ་རྡུང་བཏང་།།
ཤབ་ཤུབ་སྨྲ་བའི་གཏམ་དེ་གཟན་པ་ལ།།

དེ་རིང་སང་ཉིན་ཁྱིམ་པ་འགའ་ཤས་ཀྱིས།།
ཨ་ཁུ་འདི་ཚོ་སྣོག་རྒྱུ་མང་གི་ཟེར།།
རིམ་གྲོ་འདོན་ཆེད་གདན་འདྲེན་ཞུས་ན་ཡང་།།
དཀོར་གྱིས་རྒྱགས་ནས་ཡོང་ཁ་མི་ཉན་ཟེར།།
སྐད་ཆ་དེ་ཉིད་བདེན་རྒྱུ་མེད་ནའང་།།
མེད་པའི་རྒྱུ་མཚན་བཤད་ན་མི་འདོད་ཀི།
ཁྱིམ་བདག་ལ་ལའི་རྣམ་འགྱུར་མཐོང་དུས་ན།།
གྲོང་ཆོག་འགྲོ་རྒྱུ་དེ་ཡང་དཀའ་མོ་རེད།།
མི་འགྲོ་ཟེར་ན་ཁོང་ཁྲོ་ལང་ངེས་རེད།།

འབུལ་བའི་མང་ཉུང་གྲྭ་བས་མ་བཤད་མོད།།
རྫུན་ལ་གོམས་པའི་ཁྱིམ་པ་ཁ་མཁས་ཚོས།།
སྒོར་མོ་མང་ཙམ་བྱིན་འདྲའི་བཟོ་ལྟ་སྟོན།།
ལྕགས་ཁེམ་འཁུར་ནས་ཞོར་ལས་སོང་ན་ཡང་།།
འདི་ལས་ཉུང་ཙམ་མིན་པ་ཚོར་གི་མེད།།
སྦྱིན་བདག་ཚང་ལ་འཛེམ་དོགས་བྱེད་ཞོར་དུ།།
མིག་རིལ་མ་ལྷུང་བར་དུ་དཔེ་ཆར་བལྟས།།
འདོན་པ་འུར་འུར་འདོན་རྒྱུ་དཀའ་ནའང་།།
དཀའ་སྡུག་འདི་ཉིད་ཚོར་མཁན་ཉུང་ཉུང་ཡིན།།

ཆ་རྒྱུས་ཅི་ཡང་མེད་པའི་ཁྱིམ་པ་འགས།།
གྲྭ་བས་སྒོར་མོ་བཙལ་ཚུལ་སྐྱིད་ཀི་འདོད།།
སྐྱིལ་ཀྲུང་བྱས་ནས་འདུག་རྒྱུ་སླའོ་ཟེར།།
ཁ་ཟས་གང་ཞིམ་ཟོས་ན་ཆོག་གི་ཟེར།།
དེ་ལྟར་སྐྱིད་པོ་བཤད་ན་སླ་མོད་ཀྱང་།།
རྐུབ་དང་རྐང་བ་ན་རུང་བཙན་གྱིས་བཙོག།
ཅི་ཟེར་གཏམ་ལ་དོགས་ནས་ཁ་རོག་བསྡད།།
རང་གི་ལས་དོན་དེ་ཡང་རྒྱབ་ལ་གཡུགས།།
ལུས་སེམས་བཙན་གྱིས་འགོག་རྒྱུ་དཀའ་མོ་རེད།།

ཀླད་པ་འཕྲུལ་ཆས་མིན་པས་ཅིས་མི་ངལ།།
སེམས་པ་ཕ་བོང་མིན་པས་ལོས་ཀྱང་འགུལ།།
གཅེར་བུ་འབུད་ལ་ཉེ་བའི་ཁྱིམ་བདག་མར།།
མི་བལྟ་ཟེར་རྒྱུ་དེ་ཡང་དཀའ་མོ་རེད།།
ལན་ཅིག་བལྟས་ནས་སྡོམ་པ་ཤོར་སོང་ན།།
དགོན་པའི་ནང་དུ་ཡོང་ན་མི་ཆོག་ཅེས།།
བུད་མེད་འགོག་པའི་ཁྲིམས་ཤིག་བཟོས་ན་རེད།།
རིམ་གྲོ་ཚར་གཅིག་བཏོན་ཁུལ་བྱས་པ་ལ།།
སྡིག་པ་སྣ་དགུ་བསགས་དོན་ཨེ་ཡོད་སྙམ།།

མནའ་མ་གསར་བ་ལེན་པའི་སྟོན་ཐོག་ཏུ།།
གཡང་འབོད་བྱེད་དུ་སོང་ན་ཅིས་མི་སྐྱིད།།
ཉེ་མིར་གཏན་དུ་བྲལ་བའི་ཁྱིམ་ཚང་དུ།།
ཤི་ཆོས་འདོན་དུས་སེམས་པ་སྐྱོ་ནའང་།
དགའ་སྐྱོ་གང་ཡང་མེད་པར་འདོན་ཁུལ་གྱིས།།
ཁ་པར་ལག་ཏུ་བཟུང་ནས་འགྲོ་ཐབས་བྱས།།
དཔེ་ཆ་ལག་ཏུ་བཟུང་ནས་གཉིད་པ་སོགས།།
གཞན་ལ་མགོ་སྐོར་གཏོང་བའི་གྲོང་ཆོག་པར།།
མཛུབ་མོ་བསྟན་ནས་སྡིགས་ན་ཁྲིག་སེ་རེད།།

གྲོང་ཆོག་མཁས་པ་ཐམས་ཅད་ལྟས་ངན་ཞེས།།
གྲྭ་རྒོད་ལ་ལས་སྡིགས་མོ་བྱེད་མོད་ཀྱང་།།
ཕྱུག་བདག་རྒན་པོས་འདོན་བཅོལ་བྱེད་དུས་ན།།
མི་ཁོམ་མི་འགྲོ་ཟེར་མཁན་ཉུང་ཉུང་ཡིན།།
གསལ་དག་གཙང་གསུམ་ངང་ནས་ཆོས་འདོན་དུས།།
ཨ་ཁུ་འདི་ཉིད་ཀློག་ལ་མི་མཁས་ཟེར།།
ཁ་པར་སྣོག་ཞོར་བམ་ཀློག་བྱེད་མཁན་ཚོར།།
མཁས་ཚུལ་རྒྱན་ཚུལ་མང་དུ་ལབ་རྒྱུ་ཡོད།།
ཞིབ་ཏུ་བསམ་ན་དགོད་རྒྱུ་གཏིང་ནས་ཡོང་།།

གྲྭ་རྐྱང་དག་གིས་ཉི་མ་གཅིག་གི་རིང་།།
ཇི་ལྟར་བཏོན་ཡང་སྒོར་མོ་བརྒྱ་ལས་མེད།།
བླ་སྤྲུལ་དག་ལ་དུས་ཚོད་ཕྱེད་ཀའི་རིང་།།
ཤོག་སྒོར་སྟོང་ཕྲག་མང་པོ་སྟེར་དགོས་ཡོད།།
འདོན་པའི་ཆོས་ལ་བཟང་ངན་མེད་ན་ཡང་།།
གནམ་སའི་ཧེ་བག་ཡོད་འདྲའི་རྣམ་འགྱུར་གྱིས།
དུས་དབང་ཆ་བཞི་ཇི་བཞིན་འདོན་མཁན་གྱི།།
ཆོས་མེད་ཕྱུག་བདག་དེ་ཚོ་ཕར་བཞག་སྟེ།།
ཆོས་ལས་བསམ་རྒྱུ་མེད་པའི་གྲྭ་རྐྱང་ཚོར།།
སྡང་སྡིགས་སྣ་ཚོགས་བྱེད་དོན་ཨེ་ཡོད་སྙམ།།

གཞུང་ཆེན་ལམ་རིམ་ཁྲིད་པའི་དགེ་བཤེས་ཚོས།།
འཇིག་རྟེན་འཁོར་བར་སྙིང་བོ་མེད་ཚུལ་དང་།།
རྙེད་བཀུར་གྲགས་གསུམ་སྤང་བྱ་ཡིན་ནོ་ཞེས།།
ཁ་ལྕེ་མ་སྐམ་བར་དུ་བཤད་མོད་ཀྱང་།།
རྒྱུ་ནོར་ཆེད་དུ་སྨྱོན་པ་ཆགས་གྲབས་བྱེད།།
ཞེ་སྡང་ཕྲག་དོག་ཆེ་བ་བཤད་སྲོལ་མེད།།
སེར་སྣ་ཆེ་བ་ཁྱིམ་པ་ལས་ཀྱང་ཐུ།།
བདག་མེད་སྒོམ་ཞོར་བདག་འཛིན་བསྐྱེད་ཆོག་ན།།
ཤེས་མེད་གྲྭ་རྐྱང་དེ་ཚོར་ཁག་མེད་ཨང་།།

མཐོན་པོ་ཁྲི་ལ་འགྱིང་བའི་བླ་སྤྲུལ་གྱིས།།
ཁུལ་དཔོན་རྫོང་དཔོན་ལ་སོགས་མིག་དཔེར་བལྟས།།
གཡོན་དང་གཡོན་དུ་བུད་མེད་མང་པོས་བསྐོར།།
གྲོང་ཁྱེར་ཆེ་ཁག་དག་ནས་ཁང་བ་ཉོས།།
རླངས་འཁོར་རྩ་ཆེན་བསྐོར་ཏེ་གང་སར་ཐོན།།
གཉེན་སྒྲིག་བྱས་རུང་རིག་མ་བཞེས་སོ་ཞེས།།
རྨོངས་པའི་སློག་ཧྲུལ་གྱོན་པའི་ཁྱིམ་པ་ཚོས།།
ཞེ་ས་སྦྱར་ཏེ་ད་དུང་དད་པ་བྱེད།།
གྲྭ་རྐྱང་སུ་ཞིག་གྲྭ་ལོག་བྱས་པ་ན།།
བསྟན་པའི་དགྲ་བོ་ཟེར་ནས་འཕྱ་དམོད་བྱེད།།
གྲོང་དུ་རིམ་གྲོ་འདོན་གི་ཕེབས་དུས་ཀྱང་།།
ཁྱིམ་མཚེས་ཚང་གི་ན་ཧྲི་སུ་རེད་ཟེར།།
ཏ་ཀོང་འདི་རེད་ཞོ་ཀོང་དེ་ཡིན་ཞེས།།
ལས་བཟོ་བ་ཡི་ཚུལ་དུ་འཇོག་པ་ནི།།
དད་པ་ཅན་གྱི་ལས་སྲོལ་ཨེ་ཡིན་ནམ།།

ང་ནི་གྲོང་ཆོག་འགྲོ་རྒྱུར་མི་དགའ་ཡང་།།
མཐོང་ཐོས་མདོར་ཙམ་བཀོད་ན་འདི་འདྲ་རེད།།
གནའ་ནས་དར་བའི་གླུ་ཤགས་ལ་གཞས་སོགས།།
བོད་ལ་མཁོ་ན་འདི་ཡང་ལོས་ཀྱང་དགོས།།
གཞན་དག་རིག་གཞུང་ཁོངས་སུ་བསྡུས་ཆོག་ན།།
ཆོ་ག་ཡོངས་སུ་ཚང་བས་ལུགས་སྲོལ་འདི།།
བཙན་གྱིས་མར་ལ་འཕེན་དོན་ཨེ་ཡོད་སྙམ།།
དེ་བས་རང་རང་ལག་གི་རིག་གཞུང་ལ།།
ནུས་ཤུགས་ཆེན་པོས་འབད་འབུངས་བྱེད་པར་འཚལ།།

ད་ནི་སྐད་ཆའི་བཤད་མཚམས་མ་གཞག་ན།།
ཁ་ནས་ཅི་འབྱུང་རང་གིས་མི་ཤེས་པས།།
ཁུ་ནག་ཧུང་གང་འཐུང་ནས་ཁ་རོག་ངང་།།
གཉིད་ཀྱི་བདེ་བ་རོལ་ན་དགའ་ས་རེད།།
སྤྱིར་ན་གཏའ་གཏོ་དང་ནི་སྟོང་མཆོད་ལ།།
སྐུ་ཡོན་མང་དུ་འབུལ་བའི་གནས་ཚུལ་དང་།།
རྒྱལ་བའི་བཀའ་བསྟན་བཀླགས་པའི་སྐུ་ཡོན་དུ།།
གོང་དང་བསྡུར་ཐབས་མེད་པའི་གསང་བ་སོགས།།
ཅི་ཡིན་གསལ་བོར་བཤད་ན་འདོད་མོད་ཀྱང་།།
ལ་ལའི་སེམས་ཀྱི་ངན་རྟོག་ལྡོག་པའི་ཕྱིར།།
འཚབ་བེ་འཚུབ་བེ་ངང་ནས་འདི་ཙམ་བཀོད།།
      ༢༠༡༢ ༧ ༣ ཉིན་ཁ་བརྡ་ཞིག་ལ་རྐྱེན་བྱས་ཏེ་ཤར་མར་བྲིས་པ་དགེའོ། །

  
  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།