སྦྱར་མའི་རྨི་ལམ།
དགོང་ཁའི་མཚམས་སྤྲིན་ཀློང་ནས།།
མུན་པའི་ཕོ་ཉ་འཛུམ་དུས།།
གདོང་ལ་འཛུམ་གྱིས་བྱུགས་མཁན།།
འུག་པ་ཁོ་ན་ཡིན་ནམ།།
སེམས་ཀྱི་ལྷ་ལམ་ཡངས་པོར།།
རང་དབང་གཤོག་ཟུང་བརྐྱངས་ཏེ།།
ཐོག་མའི་རྨི་ལམ་དམར་བོ།།
འཚོལ་རྒྱུའི་རྒྱགས་ཕྱེ་སྣམ་ཡོད།།
གློ་བུར་ཆར་གྱི་རྒྱལ་པོས།།
གད་རྒྱངས་ཐོག་དང་སྦྲགས་ཏེ།།
ཟིལ་ཤུགས་ཆེས་ཆེར་ངོམས་བཞིན།།
བདག་གི་བར་སྣང་འཕྲོག་སོང་།།
ཆར་བའི་དམག་ཤུགས་བཙན་ཡང་།།
མ་འཇིགས་འཕུར་བར་བརྩམས་དུས།།
གློག་ཞགས་འཁྱུག་ཐེངས་གཅིག་གིས།།
གཤོག་ཟུང་རྩ་ནས་བཅད་སོང་།།
འཕུར་ལམ་བཀག་པའི་མཚན་མོར།།
རྨ་ཁར་ལྕེ་ལྡག་བྱེད་བཞིན།།
ཨག་སྐད་ནགས་ལ་བརྒྱབ་ཀྱང་།།
སྡང་མིག་གནམ་ལ་བགྲད་ཡོད།།
ཐང་ལ་བརྡབ་པའི་དཀར་ཡོལ།།
མཆིལ་མའི་སྦྱོར་དགོས་བྱུང་རུང་།།
རྨི་ལམ་འཚོལ་བའི་གོམ་པ།།
སྤོ་མཚམས་མི་འཇོག་ཁོ་ཐག།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།