གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཅད་མའི་ཤོམ་ར་ཞེས་བྱ་བ།

2015-02-09 13:37:16 བདའ་ཚང་སྙེམས་གྲོལ། ཀློག་གྲངས། མཆན ཡོད།

               དང་པོ། རྨི་བཤད།

རྩིག་ངོ་ཆུ་ཡི་མདངས་ཀྱིས་བཞུར་སོང་།།
སྒོ་དང་སྒེ་འུར་མུན་པ་ཆགས་སོང་།།
ནད་ཀྱང་ཤིན་ཏུ་དྭངས་སྐབས་ཤིག་ལ།།
ཆམ་པ་བརྒྱབ་ནས་སྣ་ཡང་འཚུབས་སོང་།།
ཆར་བའི་ནང་ནས་གཟུགས་བརྙན་འགུལ་སོང་།།
ལམ་འགྲམ་གཉི་ག་སྨུག་པས་བཀབ་སོང་།།
རིག་པའི་ནམ་མཁའ་གློ་བུར་སངས་ཏེ།།
སྡིག་སྒྲིབ་དག་པའི་རྩྭ་ལོ་བཏུས་ཡོད།།
རྐང་འོག་སྨུག་པའི་མཚོ་ཡིས་བཀྱགས་ཡོད།།
ཞྭ་མོ་རླུང་དང་སྤྲིན་གྱིས་མནན་ཡོད།།
ཤེལ་སྒོ་དཀར་པོར་སྙན་ཚིག་འབྲི་མཁན།།
ཉི་ཟླའི་འོད་སྣང་མ་གཏོགས་མེད་དོ།།

             གཉིས་པ། གདུགས་ཚོད་ཀྱི་ཁ་རུ་བྲིས་པ་ཞིག

ཙག་དང་བསེར་བུའི་མདའ་ཡིས་ཤག་ཏུ་བཙུད།།
དཔེ་ཆའི་ངོ་ནས་གཉིད་ལྕོག་མང་དུ་བརྒྱབ།།
ཨལ་སྟོང་མང་པོས་གཞན་དག་སུན་པར་བྱས།།

གཉིད་ཀྱི་ཟིལ་ཤུགས་ང་འདྲས་བཟློག་པར་དཀའ།།
ངག་གི་འཁོར་ལོ་མི་བསྐོར་བསྐྱུར་ལ་ཞོག།
གླེགས་བམ་དག་གི་ཞལ་ཁེབས་མི་འགྱོག་གོ།
ད་སྟེ་ལྕགས་ཀྱི་ཐབ་ཀའི་སོ་བར་ལ།།
ཨོང་བ་ཏིལ་ཙམ་བླུགས་ཏེ་གཉིད་པར་བྱ།།

              གསུམ་པ། རྫབ་ཆགས་ཀྱི་མགུར།

ཐ་བ་སྐྱ་ཆགས་ཀྱི་ལོ་ཟླ།།
ཙི་གུའི་ཁ་སྤུ་དང་འདྲ་བ།།
ཞི་ལའི་སྡེར་མོ་དང་མཚུངས་པ།།
བྱེའུ་རྟུག་སྐམ་པོར་ཡང་འཁྲུལ་བ།།
ཉི་མའི་ལག་པ་འདི་རིང་བ།།
རི་རྩེ་བྱེ་བ་རུ་བརྐྱངས་འདུག།
ཨ་མཚར་དགུ་མཚར་གྱི་ང་རང་།།
མུན་པའི་བླ་འོག་ཏུ་ཉལ་ཡོད།།
ཟག་ཕུང་སྒྱུ་ལུས་ཀྱི་འཇའ་ཚོན།།
གཡས་གཟུར་གཡོན་གཟུར་གྱི་ངང་གིས།།
ཚེ་མཐའི་དུར་ཁྲོད་དུ་བསླེབས་ཏེ།།
རྒོད་པོས་བཏོགས་པ་ཞིག་མཐོང་བྱུང་།།
ཆོས་བརྒྱད་མེ་ཏོག་གི་འགྲམ་ཆང་།།
ཤེལ་ཕོར་སྐྱ་བོ་རུ་བླུགས་ཏེ།།
ཉིན་མཚན་ག་ཚོད་དུ་མཆོད་པས།།
ལྡོག་ལམ་གསེག་གསེག་ཏུ་སྣང་བྱུང་།།
འཕྲིན་ཡིག་སྣ་ཚོགས་ཀྱི་ལག་པས།།
རྣ་བ་སྒོམ་ཆེན་གྱི་རས་ཡོལ།།
ཅུང་ཟད་བཀྱགས་པ་དང་བསྟུན་ཏེ།།
འདུ་འཛི་ཤིང་རྟ་རེ་དྲུད་འོང་།།
གྱང་ངོར་མེ་ཏོག་གིས་བཀལ་པའི།།
གཤིན་རྗེ་དུས་ཚོད་ཀྱི་སེག་སྒྲས།།
བྲང་ངོར་སེན་འདྲད་རེ་བྱས་ཚེ།།
སྐྲག་པའི་བ་སྤུ་ཡང་ཞོགས་འགྲོ།།
སྣང་བ་ལང་ལིང་གི་མདའ་རྩེ།།
སྐྲ་མགོའི་སེ་བརྡ་ལ་འགྲོགས་ཏེ།།
ཡར་འཕུར་མར་འཕུར་གྱི་སྟངས་ཀས།།
སྒྱུ་མའི་གྲོང་ཁྱེར་ཞིག་བཞེངས་འདུག།
རྐང་བ་ཟང་ཟིང་ལ་བཞག་ནས།།
མཆུ་ཏོས་དབེན་པ་ལ་སྙེག་པའི།།
ཟ་ཉལ་འཐུང་ཉལ་གྱི་ང་ལ།།
བཙུན་ཚུགས་ཅི་ཞིག་གིས་འོང་ངམ།།
འཆར་སྒོའི་མེ་ལོང་གི་ངོས་སུ།།
ཕྱེ་ལེབ་ནག་པོ་ཞིག་འབྱར་འདུག།
སྨྱུ་གུའི་མདུང་རྩེ་རུ་འཇུ་བའི།།
ལས་ཀྱི་གྲིབ་མ་འདི་བཙན་ཨང་།།
ཤ་ཟིན་སྤུ་ཟིན་གྱི་ཚིག་འདི།།
སྒྱིད་པའི་ཉྭ་ཤ་དེ་ལུག་པའི།།
མི་མཐའི་ཡང་མཐའ་བ་བདག་གིས།།
གང་ཤར་ཐོལ་བྱུང་དུ་སྦྱར་རོ།།

              བཞི་བ། སྟོན་པ་དྲན་བྱུང་།

རི་མོའི་ཐོག་ལ་རི་མོ་བྲིས།།
མིག་ཆུའི་རྒྱུན་ལ་མིག་ཆུ་འོང་།།
དེ་དུས་ཁྱེད་ནི་ཉི་མ་སྟེ།།
རང་རང་སོ་སོའི་ཐད་ཀ་ནས།།
འོད་དང་བཅས་ཏེ་འཕྲོ་བར་བྱེད།།
རྒྱབ་ཡོལ་ལོ་མ་སྔོན་པོས་གཡོགས།།
དབུ་ན་འོད་ཟེར་ལང་ལོང་གཡོ།།
སེམས་ཅན་ངུ་བའི་མིག་ཆུ་ཡིས།།
བསྐལ་བ་སྟོང་བ་བརྒྱལ་བར་བྱེད།།

              ལྔ་བ། ཚུལ་ཁྲིམས་རྒྱ་མཚོ།

ཟླ་འོད་ཟ་ཟིའི་ལག་པ་ཡིས།།
ཁོང་གི་དྲན་པ་བསེད་བཀྲོལ་བྱས།།
གྲིབ་མའི་ནང་གི་མེ་ཏོག་རྣམས།།
རླུང་བུའི་ཤུགས་ཀྱིས་ཡོམ་པར་བྱེད།།
གློ་བུར་དྲན་པའི་ཟླ་བོ་རྣམས།།
མུན་པའི་དཀྱིལ་དུ་འཛུལ་ཙ་ན།།
གསལ་མི་གསལ་གྱི་རྒྱབ་གཟུགས་ལས།།
བསྐལ་བ་བྱེ་བའི་དྲན་ཤིང་འཕྱུར།།
དུས་ཀྱི་གྲུ་རྫིངས་བགས་ཀྱིས་གཡོ།།
སྟེང་དུ་འཆི་བདག་ནག་པོ་ངེར།།
སྨོན་ལམ་ཡུངས་འབྲུ་ཙམ་གྱིས་ནི།།
ཐར་བའི་སྐས་རྐང་མང་པོ་བརྩིགས།།
ཤེལ་སྒོའི་ངོས་ཀྱི་ཆུ་ཟིལ་ལས།།
འཁྲུལ་བའི་བྱི་འུ་སྣ་ཚོགས་འཕུར།།
རི་རྩེའི་ཉི་མ་འཆར་རག་ཏུ།།
བྲག་རྒྱབ་རེ་ལ་ཚང་རེ་བཞག།
མུན་པས་མུན་པར་གདོང་ཁ་འགྱེད།།
འོད་ཀྱིས་འོད་ལ་ཅོ་ཡང་འདྲི།།
འཇིག་རྟེན་ཕར་འཛུར་ཚུར་འཛུར་གྱིས།།
ཚུལ་ཁྲིམས་རྒྱ་མཚོར་མིག་ཆུ་ཐོན།།

              དྲུག་པ། ཉལ་ཁ་མའི་ཨ་སྟོང་།

ཨ་སྟོང་མང་པོ་བྱས་པའི་འཕྲོར།།
མགོ་བོ་སྔས་སུ་བཞག་མ་ཐག།
སྤྲོས་པའི་ཁུར་གྱིས་གཅིར་བའི་སེམས།།
ཁབ་རྩེར་སྲན་རྡོག་ཆགས་པ་ལྟར།།
རྒྱུ་རྐྱེན་མང་པོས་སྒུལ་བར་བྱེད།།
སྒྱུ་མའི་དྲི་ཡིས་སླུ་བར་བྱེད།།
དོ་དགོང་མུན་པའི་གྱང་གསེབ་ཏུ།།
སུ་ཞིག་སྦེད་དེ་ཡོད་པར་ངེས།།
རྨི་ལམ་ཏོག་ཙམ་བརྒྱབ་པའི་ནང་།།
རྐང་ལག་འབྲེང་བས་བཀྱིགས་པ་དང་།།
མིད་པ་ཐ་གུས་བསྡམས་པ་ཡི།།
སྡུག་བསྔལ་མིག་ལ་འཁོར་ཞིང་འོང་།།
ཤ་འདར་སྤུ་འདར་ཕྲིལ་ཕྲིལ་གྱིས།།
ད་ནི་གང་ལ་སྐྱབས་སུ་འགྲོ།།
ཉི་མའི་ངོགས་སུ་ཆུ་བོ་འབབ།།
དེ་ན་སུ་ཡིས་སྐྲ་ལོ་ཤད།།
གཉིད་ལྕོག་རྒྱག་པའི་མི་རྣམས་ཀྱིས།།
ཟླ་བ་བྱུང་ངོ་ཅོག་གི་ནི།།
ངོས་སུ་དགྲ་ཡི་གྲིབ་མ་འབྲི།།
ཨ་མཚར་ཆེ་བའི་དོ་ནུབ་ཀྱི།།
སྙན་ངག་པ་ཡི་ཤག་ཆུང་དུ།།
འཆི་བདག་ངེར་བའི་རྔམ་ཟིལ་གྱིས།།
དཀར་མེ་སྦར་བའི་ཟོལ་ལ་བྲེལ།།

              བདུན་པ། རྟ་མོག་མོག་གི་སྤུ་ལྟ་བུའི་ང་།

ང་ནི་སྟོན་གཞུག་སྦྲང་མ་མགོ་འཁོར་ཞིག།
འཐོར་རླུང་དྲག་པོ་རྒྱབ་ཏུ་ངེར་ཞིང་འོང་།།
ཁ་བ་བུ་ཡུག་སྔུན་ནས་འཁོར་ཞིང་འོང་།།
མིག་ལ་ཤར་ཚད་རྨི་ལམ་གྲང་མོ་ཞིག།
ནུབ་ཀའི་གྲིབ་སོ་ཚུར་ཚུར་འོངས་པ་ལྟའི།།
མི་རྣམས་བརྗེད་སྡུག་མེད་ན་དགའ་ཨང་སྙམ།།
སང་ཕོད་ད་ཚོད་ད་དུང་སེམས་ཀྱིས་ནི།།
ཇི་ལྟ་བུ་ཞིག་འབྲི་བ་དཔོག་ཐབས་བྲལ།།
དོ་ཞག་བཙོན་དུ་ཉལ་བ་ལྟ་བུ་འམ།།
ཡང་ན་མཆི་མའི་ནང་ནས་སད་དང་མཚུངས།།
སྐྱོ་བའི་ཐ་གུ་ནག་པོས་བཅིངས་བཅིངས་ཏེ།།
དགྲ་མི་ཤ་བོའི་ལག་ཏུ་ཚུད་པ་བཞིན།།
གར་འགྲོ་འདིར་འགྲོ་མེད་པའི་གནས་སྐབས་སུ།།
དགའ་སྡུག་འཇའ་ཡི་རི་མོ་ངག་ལ་བྲིས།།
དཔེ་དང་རྒྱན་གྱི་འཇིལ་ལི་མང་པོ་དོད།།
དེ་ནི་དབུགས་ངལ་གསོ་བའི་བདུད་རྩིར་འཁྲུལ།།
མེ་ཏོག་ལྡུམ་རའི་ནང་གི་ཡི་དྭགས་ཀྱེ།།
ང་ཡིས་དྭངས་མོ་ཆུ་ཡི་འབབ་རྒྱུན་འབྲི།།
མ་འཐུངས་འཐུངས་འདྲའི་བྲོ་བ་མཆི་འོ་ཞེས།།
བདེན་པའི་ངག་ལ་མནའ་ཡི་རྒྱ་ཡང་འདེབས།།
དེ་ཚེ་རི་རྩེའི་ཟླ་བ་འཆར་རམ་ཅི།།
དེ་ཡང་དབྱངས་ཅན་མ་མ་ཨེ་ཡིན་སྙམ།།
དེ་ཚེ་ང་ཡང་བྱ་རྒོད་དཀར་པོ་ཞིག།
ཁ་ཡི་ཡོད་ཚད་སྨྲེང་གླུ་ཨེ་ཡིན་སྙམ།།

              བརྒྱད་པ། སྣ་གཞས་ཐུང་ངུ་།

ད་ནངས་ཉི་མའི་འཆར་སྲོལ།།
ཐུར་གསེག་ཡིན་པ་འདྲ་བོ།།
རླུང་བུ་བསིལ་མོའི་དཔུང་ཤུགས།།
སྟན་གྱི་འོག་ནས་ཆས་འདྲ།།
སྤྲིན་པའི་གྲུ་གཟིངས་ཡོམ་གྱིན།།
དམར་སེར་མདངས་ཀྱིས་བཞུར་དུས།།
ལྷ་ཡིས་རྒྱན་གོས་བཤིགས་ཏེ།།
གར་རྩེད་བྱེད་པ་མཐོང་བྱུང་།།
མགོ་སྐྲ་ཟིང་ཟིང་བྱས་ཏེ།།
ཆུ་མོའི་ཁ་རུ་ཐལ་དུས།།
བྱེའུ་ཆུང་དཀར་ཁྲ་ཞིག་གིས།།
རྣམ་འགྱུར་འདྲ་མིན་བསྟན་སོང་།།
ཞག་མཐར་ཞག་གིས་རྫོགས་ཏེ།།
དགའ་སྐྱོའི་སྤུ་ལོང་བསེད་དུས།།
གང་གི་གཏིང་ཞབས་ཤིག་ནས།།
སྒྱུ་མའི་རོལ་དབྱངས་འཐོར་བྱུང་།།
ལོ་མ་ལྗང་གུའི་སྟེང་ལ།།
ལྷ་ཚོགས་ཁྲ་ཁྲ་ཤིགས་ཤིགས།།
ཕྱེ་ལེབ་ཆུང་ཆུང་ཞིག་གིས།།
གཡས་སྐོར་གཡོན་སྐོར་བརྒྱབ་སོང་།།
རྩིག་པ་རྡོ་ཡི་ཕོ་བྲང་།།
དམར་སེར་མདངས་ཀྱིས་འཕིགས་པའི།།
མེ་ཏོག་ཁྱེད་རང་འཁྲུངས་ས།།
ཨ་ཅང་འགྲིག་མདོག་ཁ་བོ།།
ལྡེབས་སུ་བབ་པའི་སྦྲང་ཐལ།།
དོ་ཞག་གར་འཕུར་ཆ་མེད།།
ང་ཡི་སྣང་བ་ཞིག་ལ།།
རྒྱང་ཐག་རིང་བ་འདྲ་བྱུང་།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།