དབྱར་གྱི་དཔལ་ཡོན་བཞད་པའི་རང་ཡུལ་གྱི་མཛེས་ལྗོངས་ལ་བསྔགས་པ་བཻཌཱུརའི་རྒྱུད་མངས་སྟོང་གི་སྒྲ་དབྱངས།

བེ་རི་འཇིགས་མེད་དབང་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-04

དགེ་ལེགས་འོ་མའི་ཆུ་གཏེར་ཡངས་པོའི་འཇིངས། །
ཆུ་ཤེལ་ལྕུག་ཕྲན་གཡོ་བའི་ཡལ་འདབ་ཀྱིས། །
བཻཌཱུརའི་རྒྱུད་མངས་རྩེན་པའི་དབྱངས་ཅན་ལྷ། །
སྙན་འགྱུར་འདོད་རྒུར་སྒྱུར་པའི་ཤིས་པ་སྒྲུབས། །

རང་གི་ལྟེ་ཁྲག་ས་ལ་འཕོས་པའི་ཡུལ། །
གངས་ཅན་ས་ལཱའི་སྨད་ཁམས་དཀར་མཛེས་ཀྱི། །
རྨད་བྱུང་མཛེས་པའི་ལྗོངས་ལ་བསྔགས་པ་ཡི། །
བཻཌཱུརའི་རྒྱུད་མངས་སྟོང་ཕྲག་འདི་ན་འཁྲོལ། །

ཡིད་འོངས་ཤེལ་དཀར་ས་འཛིན་ཕྲེང་བ་ཡི། །
མུ་ཁྱུད་མཛེས་པའི་གངས་ཅན་མ་ག་དྷ། །
མཉེས་གཤིན་གྲོགས་ཁྱོད་ཞབས་ཟུང་བསྒྱུར་མྱོང་ངམ། །
གལ་ཏེ་མྱོང་ན་དེ་ཡི་བཀོད་པ་ཤེས། །
རང་མཐོང་འུད་ཀྱིས་ཁེངས་པའི་ས་འཛིན་ཕལ། །
དྲེགས་པའི་རྡུལ་མང་དགུང་དུ་བརྩེགས་པ་རྣམས། །
རབ་བརྗིད་སྒང་དྲུག་རི་བོའི་དཔངས་མཐོང་བས། །
རྒུད་པས་ས་འོག་མུན་པའི་ཁུངས་བུར་ཡིབས། །

སྲིད་པའི་མེས་པོ་སྤྲིན་གྱི་ལ་ཐོད་ཅན། །
ར་བ་སྒང་དང་ཟལ་མོ་སྒང་གི་བར། །
བཀྲ་ཤིས་གཡས་སུ་འཁྱིལ་བའི་ཏྲེ་ཤོད་ཅེས། །
གྲགས་པའི་དབྱངས་སྙན་ཚངས་པའི་འཇིག་རྟེན་འུར།།

མེས་པོའི་ལྷ་སྲུང་བྱེ་བའི་བསྟི་གནས་གཙོ། །
དབང་ཕྱོགས་ཁ་བ་བརྩེགས་པའི་བློ་གྲོས་རི། །
ཟླ་ཟེར་འཐུང་བའི་བཻཌཱུར་དཀར་པོ་བཞིན། །
ཕུན་ཚོགས་འབྲུ་སྣའི་གཏེར་གྱི་མཛོད་དུ་བསྔགས། །

རབ་དཀར་ཁྱུ་མཆོག་སྤོས་ཀྱི་གླང་པོ་ལ། །
རབ་བརྗིད་གཉིས་འཐུང་སྟོང་གིས་སྐོར་བ་ལྟར། །
རབ་མཛེས་ཁ་བ་བློ་གྲོས་འཛིན་མའི་ལྷུན། །
རབ་མང་མཐོ་བརྗིད་ལྷུན་པོས་ཀུན་ནས་སྐོར། །
མཁའ་ལྡིང་དབང་པོ་བྱིའུའི་ཚད་གཞལ་ཞིང༌། །
ཉི་ཟླའི་བགྲོད་པའང་ཆེས་ཆེར་དམའ་བས་ན།།
ཆུ་འཛིན་སྔོན་པོའི་སྐ་རགས་འཆིང་པ་ཡི། །
ས་འཛིན་ཕལ་བ་གཞན་གྱིས་འགྲན་བཟོད་མིན། །

སྔོ་བསངས་གནམ་མཐོངས་དགུང་ལ་འདེགས་བྱེད་པའི། །
གཡང་ཊིའི་ཀ་བ་གྱེན་དུ་སློང་ངོ་ཞེས། །
སོམ་ཉི་དོགས་པའི་དཔྱང་ཐག་མི་འཛིན་ཏེ། །
གངས་དཀར་རི་བོའི་ཁྱད་ཆོས་ཡིན་པས་སོ། །

དཔངས་མཐོའི་གནམ་གྱི་ཀ་བར་སྙེམས་པ་ཡི། །
ས་ལཱའི་ལྗོན་པའི་འཁྲི་ཤིང་ཀུན་ནས་གཡོ། །
སྔོ་བསངས་གཡུ་ལོ་མཛེས་པའི་ཁུར་འཆང་བ། །
སྣ་ཚོགས་རྐང་འཐུང་བུ་མོའི་མཛེས་སྡུག་ངོམས། །

མངར་སྐྱུར་ཁ་དང་བསྐ་བའི་བྲོ་བ་ཅན། །
དམར་སེར་འབྲས་བུས་ཕྱུག་པའི་གཏེར་གྱི་མཛོད། །
ཏྲེ་ཤོད་ས་བརྟོལ་ལྗོན་པའི་དགའ་ཚལ་ཞེས། །
སྙན་པའི་བ་དན་དྲི་བཞོན་བུ་མོས་གཡོ། །
མ་རྒད་ཐགས་སུ་བཏགས་པའི་གོས། །
བཻཌཱུརའི་དར་གྱི་སྐ་རགས་ཅན། །
ས་འཛིན་ཕྲེང་བའི་ལང་ཚོ་ཡིས། །
སྐབས་གསུམ་བུ་མོའི་མཛེས་སྡུག་བསླུ། །

སྣ་ཚོགས་ནོར་བུ་མུ་ཏིག་གི །
ཕྲེང་བའི་རྗེས་འབྲངས་རྣམ་བཀྲ་བ།།
རྣམ་མང་མེ་ཏོག་དོ་ཤལ་ནི། །
རྒྱན་དུ་འཆང་བའི་མཛེས་སྡུག་ངོམས།།

དགུན་གྱི་བགྲེས་སོང་རྒན་མོའི་ཁ་བའི་གོས།།
དཔྱིད་ཀྱི་ན་ཆུང་གཞོན་ནུས་ཕུད་པ་དང༌། །
རིན་ཆེན་ཕྲ་ཚོམ་སྤུད་པའི་མ་རྒད་ཀྱི། །
ཡི་འོངས་ན་བཟས་བཀླུབས་པས་མཛེས་པ་སྐྲུན།།

ཨིནྡྲ་ནཱི་ལ་བཞུས་པའི་ཁུ་བ་ནི། །
ལན་བརྒྱར་བྱུགས་པའི་མཐའ་ཀླས་སྤང་གཤོངས་དག།
དྲི་བཞོན་བུ་མོས་དལ་བུར་བདས་པ་ན། །
ལྡེམ་ལྡེམ་གཡོ་བའི་རྩེད་དགའི་གར་ལ་རོལ། །
གསེར་འོད་སྐྱུགས་པའི་སྣང་བྱེད་ཉི་གཞོན་གྱིས། །
བསིལ་ལྡན་གྲང་ལྷགས་ཁྱུད་མིད་བྱས་དང་ལྷན། །
སྲ་མཁྲེགས་ལྕགས་དང་འདྲེས་པའི་འཁྱགས་རམ་རྣམས།།
བཞུས་ཏེ་ནོར་འཛིན་བུ་མོའི་བཞིན་རས་བཀྲུས།།

མཐའ་ཀླས་འདབ་ལྡན་ཆུ་སྐྱེས་ན་ཆུང་མས།།
སྦྲང་རྩིའི་ཕོན་པོ་སྨིན་པའི་སོ་ཕྲེང་སྒེག །
བྷ྄་མ་ར་དག་དགའ་བའི་གླུ་དབྱངས་ལེན། །
ཕྱེ་མ་ལེབ་ཀྱིས་སྐྱིད་པའི་ཟློས་གར་རྩེན། །

རིན་ཆེན་གཡུ་ཡི་ལྡིང་ཆ་ཡངས་པོའི་སྟེང༌། །
དཀར་དམར་དར་ཟབ་གོན་པའི་གཞོན་ནུ་མ།།
འདོད་རྒུའི་གར་དུ་སྒྱུར་རམ་འདམ་སྐྱེས་ཚོགས།།
རླུང་གིས་བདས་པས་ལྡེམ་སྙམ་འཕྱང་མོ་ཉུག །

རྣམ་པར་རབ་བཀྲ་མིག་གི་གཟི་ལེན་དཔལ། །
ལྡེམ་ལྡེམ་གཡོ་བའི་ལྷ་ཡི་མེ་ན་ཀ༔། །
འདྲ་ཡང་སྙན་འཇེབས་དྲི་ཟའི་གླིང་བུའི་གདངས། །
མི་ཏོན་ཕྱིར་ན་ཆུ་སྐྱེས་གཞོན་ནུར་ངེས། །
སྤང་ལྗང་སྨིན་ལེགས་ཉི་མའི་བུར་ཆགས་ཏེ། །
ལུས་ཀྱི་མཛེས་སྡུག་ཆ་ཤས་ངོམས་པའི་སླད། །
སྨུགས་པའི་དར་གོས་དུམ་བུར་དབྲལ་བྱས་ཏེ། །
སྔོ་བསངས་དབྱིངས་སུ་སྤྲིན་གྱི་ཟོལ་དུ་གཡུགས། །

ཀུན་གསལ་དབྱིངས་སུ་དལ་གྱིས་བསྐྱོད་པ་ཡི། །
ས་འཛིན་རྐང་བཏེགས་འཆང་བའི་ཆུ་འཛིན་ཕྲེང༌། །
སྐབས་འགར་རི་ལྡེབས་ཁད་ཀྱིས་རྒྱུ་བ་ནི། །
ལི་ཤིའི་ཚལ་ན་སྤོས་ཀྱི་གླང་པོ་བཞིན། །
སྐྱེ་རྒུའི་གདུང་སེལ་སྤྲིན་གྱི་ཡོལ་བ་ཆེ། །
ཉི་མས་གདུངས་པའི་རྔུལ་ནག་གིས་བརླན་པ། །
ཐིགས་ཕྲེང་མཛེས་མའི་འགྲམ་ཆང་གིས་འབྱེད་པས།།
དུས་ཀྱི་བ་ཀུ་ལ་ཡི་ལང་ཚོ་བརྟས། །

མཁའ་དབྱིངས་སྤྲིན་སྔོན་རལ་བའི་དོ་ར་ལ། །
དབྱར་གྱི་རྔ་བསངས་བརྡུངས་པའི་འགྲོས་བསྟུན་ཏེ། །
བདེ་ཐུང་གློག་གི་བུ་མོས་གར་ལ་རྩེན། །
ཟིལ་ཟིལ་སྤྲིན་གྱི་མེ་ཏོག་ཕྱོགས་ཀུན་འཐོར། །

དེ་ལ་སྡང་སེམས་སྐྱེས་པའི་ནོར་འཛིན་མས། །
སྔོ་ལྗང་དོ་རར་ཁུ་བྱུག་གླིང་བུ་སྒྲོག །
རྨ་བྱས་སྒྲོ་ཟླུམ་ངོམས་པའི་གར་ལ་རྩེན། །
སྣ་ཚོགས་འདམ་སྐྱེས་མཛེས་པའི་ཤམ་བུ་འཛུམ། །

སྣ་ལྔའི་འབྲུ་ཡིས་གཏམས་པའི་ཞིང༌།།
ནེམ་མདངས་འཛུམ་པའི་ལྗང་ལོ་ནི།།
རླུང་གིས་བསྐུལ་པའི་གཡུ་མཚོ་ཡི།།
རླབས་ཀྱི་རྩེད་དགའ་རྒོད་པ་བཞིན།།
བདེ་འབྱུང་རལ་པའི་གདེངས་ཀ་ནས།།
དལ་གྱིས་འབབས་པའི་གངྒཱ་མས། །
མཚོན་ནུས་མ་ཡིན་མདོ་ཁམས་ཀྱི།།
རྫ་ཆུ་གཙང་པོའི་གཟི་རྔམས་ལ། །

ཨིནྡྲ་ཞུན་མའི་རྒྱུན་བཟང་གིས། །
དགྲ་ཟླར་འཛིན་པའི་ཉལ་འགྲོ་གང༌། །
གཡུ་འབྲུག་ས་ལ་འཁྱུག་པ་བཞིན། །
ལྷུག་ལྷུག་འབབས་པའི་ཉམས་སྒེག་འཆང༌། །

ཛམྦུ་ནཱ་དའི་དལ་འབབ་དང༌། །
ལམ་གསུམ་འབབས་པའི་གསེར་ལྡན་མ། །
རྫ་ཆུ་གཙང་པོའི་གཟི་རྔམས་རྣམས། །
ཕན་ཚུན་རྣམ་པར་འགལ་བ་འཛིན། །

ཆུ་མིག་རྟིང་ཀ་རྟ་ཆུ་དང༌། །
ན་ཆུ་སྤང་ཆུ་རི་ཆུ་སོགས།།
དྭངས་གཙང་བརྒྱད་ལྡན་བདུད་རྩིའི་དཔྱིད། །
སྐྱེ་རྒུའི་གདུང་སེལ་སྐྲུན་པ་མང༌། །
འཆི་མེད་རྫིང་རིང་ས་ལ་འཁྱིལ་བའམ། །
བཻཌཱུར་སྔོན་པོའི་འཇིག་རྟེན་ལ་འགྲན་པའི། །
མུ་མཐའ་བྲལ་བ་ཟླ་བའི་མ་མ་དང༌། །
ཡི་འོངས་མཚེའུ་དུ་མས་ཀུན་ནས་སྐོར། །

ལེགས་བྲིས་མིག་མང་རིས་སུ་བཀྲ་བ་ལྟར།།
ཁོ་ལག་ཡངས་པའི་གྲོང་དང་གྲོང་རྡལ་དག །
གསེར་རིའི་ཁྲོད་ན་སྔོན་གྱི་ལྷ་ཡི་གྲོང༌།། །
ལྟ་ན་སྡུག་པ་ཡིས་ཀྱང་འགྲན་བཟོད་མིན། །

རྣམ་སད་སུམ་རྩེན་ཞིང་གི་སྙེམས་པ་ཀུན། །
གཅིག་ཅར་འཕྲོག་བྱེད་དཀར་མཛེས་གྲོང་རྡལ་ན། །
ནོར་ལྷའི་ཁེངས་པ་བྱེ་མའི་ཆངས་བུ་ལ། །
སྒྱུར་བྱེད་རིན་ལྡན་ནོར་གྱི་འཚོང་ཟོག་མང༌། །

ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །
བརྟན་པོའི་ཐུགས་བསྐྱེད་ཡོངས་འདུའི་གསེར་ཤིང་ལས། །
སྨིན་པའི་མདོ་ཁམས་བཅུ་གསུམ་ཆོས་ཀྱི་སྡེས། །
གསེར་སྦྱངས་གཙང་མས་ནོར་འཛིན་ཤིས་པ་སྒྲུབ། །
རིས་མེད་ས་རྙིང་བཀའ་འབྲུག་བོན་ལ་སོགས། །
བཤད་དང་སྒྲུབ་པའི་ཆོས་སྡེ་ནོར་བུའི་ཕྲེང༌། །
འཇིག་རྟེན་མུན་པའི་གདུང་སེལ་འོད་སྣང་འཛུམ། །
ལྷམ་མེར་འཕྲོས་པས་རྒུད་ཚོགས་འཇོམས་ལ་བྲེལ། །

གསེར་རིའི་དབུས་ན་གསེར་གྱི་ལྷུན་པོ་བཞིན། །
དཀར་མཛེས་བཤད་སྒྲུབ་རླབས་ལྡན་ནོར་བུའི་གླིང༌།།
ལུང་རིགས་གདེངས་ཀའི་གཟི་མདངས་རབ་འབར་བའི། །
རིགས་གྲོལ་ཀླུ་དབང་བྱེ་བས་རྩེད་དགའ་རྒོད། །

རི་དྭགས་རྒྱལ་པོ་སྟག་གཟིག་དོམ་དྲེད་རྐྱང༌། །
གངས་དང་རྫ་སྐྱེས་གཡག་རྒོད་རུ་ཐུར་གཟེར། །
ཤྭ་གནའ་གླ་དགོ་ཁ་ཤྭ་རྩེད་ཁྱུ་མཛེས། །
ཅང་ཤེས་རྟ་ལུག་འབྲི་མཛོ་ར་ལུག་མང༌། །

ཁུ་བྱུག་ནེ་ཙོ་འཇོལ་མོ་སྙན། །
ངང་པ་ངུར་སེར་ཁྲུང་ཁྲུང་འཕྱོ། །
མཐིང་རིལ་ཁྱིམ་བྱ་རྨ་བྱ་མཛེས། །
གཞན་ཡང་འདབ་ལྡན་བགྲང་ལས་འདས། །
དཀར་དཀར་ཁ་བའི་སྨད་ཁམས་མཛེས་ལྗོངས་ལ། །
མང་མང་རི་སྐྱེས་འདབ་ལྡན་མ་བོས་པར། །
མཛེས་མཛེས་ལེགས་བྲིས་ཞིང་བཟང་ལ་འཁྲུལ་ཏེ། །
མྱུར་མྱུར་རྐང་གཤོག་ལྡེམ་པས་བྲེལ་བར་སྙམ། །

དེ་ཚེ་དེ་དག་གངས་དང་ནགས་ཀླུང་སོགས། །
གང་ཞིག་གང་འདོད་གླིང་དུ་ཞུགས་པ་ན། །
ལེགས་བྲིས་ལེགས་ལྡན་ཞིང་གི་སྙེམས་པ་ཡང༌།། །
དོན་མེད་དོན་གྱིས་ཞིག་པ་མིན་ནམ་སྙམ། །

རང་བྱུང་ཁམས་ཀྱི་ཐོན་ཁུངས་ལས་བྱུང་བའི། །
གསེར་དངུལ་ཟངས་ལྕགས་དངུལ་ཆུ་ཞ་ཉེ་ཁྲོ། །
རྡོ་སྣུམ་རྡོ་སོལ་སྣ་ཚོགས་ནོར་བུས་མཚོན།།
ས་འོག་བསྡུས་པའི་འཛད་མེད་གཏེར་གྱིས་ཕྱུག །

མདོ་ཁམས་དཀར་མཛེས་ལྗོངས་ཀྱི་ས་འོག་གི །
ཁྱད་ནོར་འབུམ་གྱིས་ཕྱུག་པའི་དབྱིག་གི་གཏེར།།
ཕྱུར་བུ་གཏམས་པའི་ཕུན་ཚོགས་འདི་མཐོང་ཚེ།།
ངལ་བསོའི་བུ་ཡང་བྱང་གི་ཕྱོགས་སུ་ཡིབས། །
དེ་ཚེ་ལེགས་བྲིས་ཞིང་གི་གཞོན་ནུ་རྣམས།།
མི་ཡི་ནོར་འཛིན་ཕང་པའི་མཛེས་སྡུག་ལ། །
ཤིན་ཏུ་ཆགས་ཏེ་མེས་པོ་མཆོད་པ་ཡང༌།། །
དོར་ཏེ་འཇའ་ཡི་དཔྱང་ཐག་ཐུར་དུ་བསྟར། །

གདོང་བཞིས་དམོད་ཚིག་རླུང་གིས་བཏབ་པའམ།།
དབང་པོས་ཞོ་འཐུང་རུས་པས་བཞུས་བྱས་ཏེ། །
མི་ཡི་འཇིག་རྟེན་འགྲིན་པའི་སྐས་ཀ་གང༌།། །
སྣ་ལྔའི་འཇའ་ཚོན་འཁྱོག་པོར་བསྒྱུར་ཏམ་སྙམ།།

མདོ་ཁམས་ཏྲེ་ཤོད་གསེར་ལྗོངས་འཛིན་མའི་ཁམས།།
བསྔགས་འོས་དགེ་ལེགས་བྱེ་བའི་རླབས་གཡོ་བས།།
ཆུ་གཏེར་རྣམ་བཞིའི་མཐའ་ལ་རྒོལ་བ་ལས། །
ཀུ་ཤའི་རྩེ་མོས་ཆེ་ལོང་ཙམ་ཞིག་བླངས། །

བལྟ་ན་སྡུག་པའི་རང་གི་སྐྱེས་ཡུལ་ལ། །
ཕྲ་ཞིང་ཞིབ་འབྲིའི་བསྔགས་བརྗོད་མེ་ཏོག་ཕྲེང༌། །
བྲེལ་མེད་དལ་བུར་བགྲང་བར་ཆེས་འདོད་ཀྱང༌།། །
དུས་ཀྱི་ཁོམ་པའི་གཞན་དབང་སུས་ཟློག་ནུས། །

དེ་སྐད་རང་གི་མཛེས་ལྗོངས་ལ་བསྔགས་པའི། །
བཻཌཱུརའི་རྒྱུད་མངས་སྟོང་གི་སྒྲ་དབྱངས་འདི།།
ངག་དབང་དབྱངས་ཅན་དགྱེས་པའི་བློ་ལྡན་གྱིས།།
ལྷོ་ཕྱོགས་མ་ལ་ཡི་རི་ནས་བྲིས། །
             ༡༩༩༥།༤།༡༤ ཉིན། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱར་གྱི་དཔལ་ཡོན་བཞད་པའི་རང་ཡུལ་གྱི་མཛེས་ལྗོངས་ལ་བསྔགས་པ་བཻཌཱུརའི་རྒྱུད་མངས་སྟོང་གི་སྒྲ་དབྱངས།

2015-03-04 བེ་རི་འཇིགས་མེད་དབང་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།