གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཟེར་ན་ཆུ་དང་རླུང་རེད།༼ ཞར་བཀོད་གསུམ་ཡོད ༽

2015-03-30 19:21:21 འབུམ་ཕྲག༼ གཙོས ༽ ཀློག་གྲངས། མཆན ཡོད།


སེམས་འདི་རི་སྒང་འབའ་འབུར་བརྒལ་ཏེ་ཁྱོད་ཀྱི་འགྲམ་ལ་ལོག་སོང་སྐད།།
ལུས་འདི་དུས་དང་གནས་ཀྱིས་བཀག་པས་ཁྱོད་ཀྱི་སྔས་མགོར་ལུས་སོང་ཟེར།།
ང་ནི་རྡུལ་དང་རྡོ་བ་ཐོགས་ཏེ་ཁྱོད་ལ་འཐམས་པར་འདོད་ཐེངས་རེར།།
ཁྱོད་ནི་ཆུ་དང་ཁྱོད་ནི་རླུང་རེད་ང་ཡིས་ཟིན་པ་མི་སྲིད་དེ།།
ཟླ་འོད་འབབ་ཅིང་དྲན་པ་བཞུར་བས་ལམ་ནི་གཙང་བོར་ཆེན་པོར་གྱུར།།

ཤིན་ཏུ་ཟབ་པའི་མུན་ནག་ཉིད་ནི་ཁྱོད་ཀྱི་ལུས་ལ་གོས་བཞིན་གཡོགས།།
སྦྲུལ་དང་སྡིག་སྲིན་གཅན་གཟན་མང་པོས་ཁྱོད་ཀྱི་མཐའ་ནས་བསྐོར་བ་རྒྱག།
ང་ནི་དེ་ལ་རབ་ཏུ་འཇིགས་ཤིང་རྒྱང་ནས་རྒྱང་དུ་བཀྱེད་ན་ཡང་།།
ཁྱོད་ཀྱིས་མིག་ལ་མེ་ལྕེ་བསྐོལ་བཞིན་ང་ནི་གཏན་ནས་མི་གཏོང་ལ།།
སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའི་དམྱལ་བ་མནར་མེད་མྱངས་སུ་བཅུག།

རི་རྒྱལ་ལྷུན་པོ་སྟོང་བར་ལུས་རྗེས་ཆུ་དང་རླུང་གཉིས་བསྐལ་བར་འཐབ་ངེས།།
དེ་དུས་ཁྱོད་ནི་སིལ་བུར་འཐོར་ནས་སྲིད་འདིའི་གྲུ་ཟུར་ག་སར་ཁྱབ་ངེས།།
འོད་དང་མུན་པས་རེས་མོས་བཞིན་ཏུ་ང་ཡི་སྐོམ་གདུང་སེལ་བར་སྲིད་པས།།
ཁྱོད་རང་འཇིག་པར་ང་ལ་འགྱོད་གདུང་སྤུ་ཙམ་ཞིག་ཀྱང་མེད་པར་ངེས་ཏེ།།
ཁྱོད་ནི་ཆུ་རེད་ཁྱོད་ནི་རླུང་རེད་ང་ཡིས་ཟིན་ཐབས་མི་འདུག་གོ།

                                  2014/12/7ཉིན་སྦྱར།

             དོ་ནུབ།

དོ་ནུབ་ཁོ་བོའི་ནམ་མཁའི་དབྱིངས་ན་ཉི་མ་ཁྲ་ཆིལ་དགུ་ཆིལ་འཛུམ།།
ཡོལ་བས་བཅད་པའི་དྲ་མའི་ཕྱི་ནས་ལྡིར་སྒྲ་སྣ་ཚོགས་མཚམས་མེད་འདར།།
ངས་ནི་གྲོགས་པོའི་གདོང་ལ་ཅེར་ཏེ་བསམ་གཞིགས་ག་ཚོད་བྱེ་མར་འཐག།
གཞས་དང་ཇ་དང་འོད་དང་ལྷན་ཏུ་དུས་ཚོད་གཏམ་གྱི་གཙང་བོར་བླུགས།།

དོ་ནུབ་སེམས་ཀྱི་ཁུར་བོ་ཡོད་ཚད་འདི་ནས་ཕོག་ཆོག་གྲོགས་མཆོག་ལགས།།
སང་ཉིན་ཅི་འབྱུང་དཔོག་པར་དཀའ་ན་ད་ནི་བྱོ་དང་ངས་ནི་འཐུང་།།
ཁང་མིག་གྲུ་བཞིའི་བར་སྟོང་འདི་ནས་ཁྱོད་དང་ངེད་གཉིས་འཕུར་ཞིང་འགྲོ།།
འཇིག་རྟེན་འདི་ལ་འབྲེལ་མེད་བཞིན་དུ་བསམ་ནས་འདུག་གོ་རྨི་ལམ་རྨི།།

གལ་ཏེ་དོ་ནུབ་ཆང་ཞིག་བཏུང་ན་དྲན་པ་ཡོད་ཚད་ཆུ་བཞིན་བཞུར་ཞོག།
དཀར་ལ་དམར་བའི་བཞིན་རས་དེ་ཡང་ཆང་ལ་སྦངས་ནས་འཐུང་སྙིང་འདོད་དོ།།
གལ་ཏེ་དོ་ནུབ་རྫོགས་པ་མེད་ན་སེམས་འདི་ཞི་བདེའི་འཇིངས་སུ་ཐོབས་ཤིག།
ང་ནི་ཆུ་བཞིན་ག་སར་རྒྱུ་ཞིང་རླུང་བཞིན་ངང་གིས་བསྐྱོད་ན་བསམ་མོ།།

                                   2014/12/14ཉིན་གྱི་མཚན་མོར་ཇ་ཁང་ཞིག་ནས།

              མིང་མེད།

              ༡
དུས་འདིར་ངས་ནི་ཡིད་ཀྱི་སྤང་ལྗོངས་བསྲེག་ན་འདོད་དེ་ཁྱོད་ཀྱི་ནམ་མཁའ་བརླག་ན་འདོད།།
ཚིག་གི་སྐར་ཚོགས་ས་རུ་བརྡབས་ནས་འོག་གི་གཤིན་རྗེའི་ཕོ་བྲང་དེ་ཡང་དཀྲུགས་ན་འདོད།།
དེ་ལྟར་ཆུ་ལ་མེ་ཡིས་འཐབ་ཅིང་རླུང་ལ་རྡུལ་གྱིས་རབ་ཏུ་འཛིང་ནས་འགྲོ་ན་འདོད།།
              ༢
སེམས་ཀྱི་ལྷ་མོ་མདུན་ནས་རྒྱུ་ཡང་ལུས་ཀྱི་ཞགས་པས་ཟིན་ཐབས་བྲལ།།
དེ་ཡང་སེམས་དང་སྨྲ་ལྕེའི་བར་གྱི་གཟུགས་མེད་ཆོམ་རྐུན་དེ་རང་ལན།།
ཡིན་ཡང་ང་ནི་དེ་ལ་འཇིགས་ཤིང་ཁོ་རང་ཤོར་བར་ལྷག་ཏུ་སྔངས།།
             ༣
མཚན་འདིའི་གདོང་རྣམ་གང་ལ་བྲོས་སོང་ང་ལ་ཤོད།།
རྨི་ལམ་ལྷ་མོ་གང་ལ་སྦེད་སོང་ང་ལ་དྲིས།།
ཁ་བའི་གཏམ་རྒྱུད་སུ་ཡིས་ཉན་འདོད་འདི་ལ་ཤོག།
              ༤
འདི་ལྟར་ང་རང་ཟད་འགྱུར་ན།།
གླེགས་བམ་གསེང་ནས་ས་རྡུལ་རྣམས།།
ཁྱོད་ཀྱི་མདུན་ལ་འཕྱུར་ཡོང་ངོ་།།

                                   2014/12/17ཉིན་གྱི་མཚན་མོར་ཇ་ཁང་ནས།

               མིག

མུན་པ་བཤེར་ཁུའི་རྣམ་པས་འབབ།།
མིག་ནི་ཤེལ་ལེབ་ངོས་སུ་འཐིམ།།
སྟོང་བའི་ནམ་མཁའ་བསམ་བཞིན་དུ།།
སྙིང་གི་ལྟེང་ཀ་སློག་པ་ན།།
མིང་དང་ཚིག་རྣམས་གྲང་འདར་རྒྱག།
གློ་བུར་ཆུ་རླུང་འཐབ་པ་དྲན།།

ལག་པ་ཕར་ལ་བསྲིངས་ན་ཡང་།།
རླུང་བུ་ཙམ་ལའང་རེག་མི་བཏུབ།།
རྐང་བ་ཕར་ལ་སྤོས་ན་ཡང་།།
ས་རྡུལ་གཅིག་ཙམ་འགོམ་མི་ཐུབ།།
ང་ནི་འདི་འདྲའི་གནས་བབ་ཀྱིས།།
དུས་ཚོད་སྐར་ཆ་རེ་རེ་བསྐྱལ།།

ཧ་ཅང་ཟབ་པའི་དཔེ་བཞག་ན།།
འཇིག་རྟེན་ཆུ་ཡི་མེ་ལོང་ཉིད།།
ཤིན་ཏུ་དཔའ་བའི་ཀི་བཏབ་ན།།
ཡོད་ཚད་བྱེ་མའི་ལངས་གཟུགས་ཙམ།།
འོན་ཏེ་མལ་དུ་ལོག་ཙ་ན།།
རྨི་ལམ་སྒྱུ་མ་ཙམ་ལས་ཅི།།
                                     
                                      2014/12/18ཉིན་ཀླུ་ཆུ་ནས།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།