གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེ་བ་ཅན་ནས་རྒྱང་གཟིགས་མཛད་པ།

2015-04-12 13:48:44 ཐེ་སྙོམས་གྲགས། ཀློག་གྲངས། མཆན ཡོད།


སྤྲེའུ་རྒན་ཞིག་གི་རུས་རྐང་དཀར་པོས།།
ཡར་ཀླུང་གཞུང་ནས་སྟག་ཚང་བསྐྲུན་ཅིང་།།
སྲིན་མོ་ཞིག་གིས་ནུ་ཞོ་ལྡུད་རྗེས།།
དམར་ཡག་སྟག་གི་འཛུམ་དྲུག་རྒྱས་སྐབས།།
མདུང་དར་ཐོགས་པའི་ཤན་པ་དམར་པོ།།
ཝ་མོ་ཞིག་གི་བརྟུལ་ཞུགས་བཟུང་ཡོད།།

སྟག་མོ་ཞིག་གིས་སྟག་ཕྲུག་ཁྲིད་ཞོར།།
གཅོང་རོང་དོགས་མོའི་འགག་འཕྲང་བཅད་དེ།།
རི་ཆེན་ཉུལ་བའི་རྔོན་པ་སྒུག་དུས།།
དཔའ་རྒོད་དཔུང་བ་ཐག་པས་སྦྲེལ་ཏེ།།
མཚོན་གྱི་གྲི་གུ་དགུང་ལ་འཕྱར་ཡང་།།
དམར་ཡག་སྟག་གི་དཔའ་རྩལ་མ་ཉམས།།

ནས་འབྲུ་སྔོན་མོའི་ཁུ་བ་རྔུབ་བཞིན།།
ཀི་ཀི་བསྭོ་བསྭོ་ང་རོ་སྒྲོག་ཞོར།
རྡུལ་དམར་འཚུབ་པའི་འཐབ་མོ་ཁྲོད་དུ།།
ལྕགས་ཀྱི་དབུ་རྨོག་ཀླད་ལ་གྱོན་ཏེ།།
ཕས་ཀྱི་རྒོལ་བ་རལ་ཁ་བརྡར་དུས།།
གྲོང་མཐའི་རྒན་མོས་མཐེ་བོང་སྒྲེང་མྱོང་།།

རས་ལྷེབ་དམར་པོ་ལྷབ་ལྷུབ་གཡོ་བཞིན།།
འཕང་བྱའི་མཚོན་གྱི་མདེའུ་ལྕགས་རྣོན་པོ།།
རུས་གཅིག་ནགས་ཀྱི་ཤྭ་ན་གཟས་ཏེ།།
འཇིག་རྟེན་རྟོགས་པའི་ཀླད་ཆེན་འགེམས་པས།།
མཁར་ཤུལ་སྟོང་བས་ཤུ་གླུ་གྱེར་བཞིན།།
བདེ་བ་ཅན་ལ་ཁྱོད་འགྲོ་ང་འགྲོ།།

སྤང་རྟོགས་ཡོན་ཏན་གཙུག་ཏུ་བཀུར་ཅིང་།།
དཔྲལ་ཀོ་མཐུག་པོ་རྦད་ཀྱིས་བཅད་དེ།།
ལོག་པར་མངོན་པའི་ཆོས་ཉིད་སྤང་ནས།།
བདེན་པའི་དེ་ཉིད་གསོང་པོར་སྨྲས་ན།།
བདེ་ལྡན་ཞིང་ན་བདེ་བ་ལོས་ཡོད།།
འོག་དཔག་མེད་ཀྱི་ཞིང་ཁམས་ཡིན་རེད།།

བདེ་བ་ཅན་ནས་རྒྱང་གཟིགས་མཛད་ཚེ།།
སྟོང་ཉིད་རྟོགས་པའི་རིགས་རུས་དེ་ཚོ།།
བཀྲེས་སྐོམ་ལྟོ་བ་སྒལ་བར་འབྱར་བཞིན།།
དུས་རབས་འདི་ཡི་རླུང་འཚུབ་ཁྲོད་དུ།།
ནུབ་ནས་ནུབ་ཏུ་ཞབས་ཀྱིས་བཅག་པ།།
མཐོང་ལམ་མངོན་དུས་མིག་ཆུ་ཉུལ་ཉུལ།།

སློང་མོ་ཞིག་གི་རྣམ་ཐར་བསྐྱངས་ནས།།
ནང་གི་ན་ཟུག་ཡིད་དུ་སྦས་ཏེ།།
ཕུ་ནུའི་གོམ་ཁ་ནུབ་ལ་བསྒྱུར་ཡང་།།
ཤར་རླུང་ངར་མས་ལུས་ཟུངས་སྦྲིད་པ།།
བྱ་ར་བ་ཡི་མིག་ལམ་མངོན་ན།།
བདེ་བ་ཅན་ན་སྡུག་ཅིག་འདུག་གོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།