གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཚོད་ངོས་ཀྱི་དཀར་ཁྲ་དམར་ཁྲ།

2015-04-25 13:51:10 སྨྱུག་མདའ། ཀློག་གྲངས། མཆན ཡོད།


དོ་དགོང་ཟླ་བས་བཟའ་ཉལ་བརྒྱབ་འདུག་སྐར་མ་དེ་ཚོར་ཡོམ་ཡོམ་འདར།།
འོད་ཟེར་སྔོན་པོས་གཤོག་རྩལ་ངོམ་སྟེ་འདྲེ་སྲིན་འགའ་ཡི་ལག་པ་གསིག།
དབྱངས་ལ་བསྐུས་པའི་རྗོད་རིས་སྣ་ཚོཊ་ཤིང་རྐང་ལེན་པའི་ཧབ་ཆ་སྒྲོག།
འཚོ་བའི་ཤོག་ལྷེ་འདི་ཙམ་ཡིན་བཞག་མེ་ཏོག་རྙིང་གོག་དབུངས་རྩ་ལྷེམ།།
ཁ་བའི་སྐྲ་ལོ་ཕུར་འཕུར་བྱས་ཤིང་ཡིག་འབྲི་འགའ་ཡང་ཞགས་པས་བསྡམ།།
འོད་ཀྱི་ཤེས་རབ་འདི་རུ་སྐྱེས་སོང་ལྕགས་གཞུས་རི་བོ་མཁྲེགས་སེ་འོ།།
སྲུང་མ་འཁྲུགས་པའི་ཡ་སོའི་བར་ནས་མུན་པའི་གློ་ཁུག་ཚ་གཟེར་ལུས།།
རྔུལ་ཆུ་ཁུར་བའི་དབུ་མགོའི་སེར་ཐིག་ངལ་གསོའི་སྟེཊ་བུ་བར་མཚམས་མེད།།
སྐེ་ལ་སྲུང་མདུད་མང་དུ་བཏེགས་པའི་དད་པའི་རྒན་པོ་ཞར་ར་རེད།།
ཡི་གེ་དམར་པོའི་དར་ཤིང་བཙུགས་ཏེ་མཆི་མར་ཐེམ་པ་ག་ཚོད་ཕབ།།
སྒེར་ཧམ་ཆེན་པོས་སོ་སྒྲ་འཆའ་བཞིན་འདམ་རྙོག་ཁུ་བ་གང་སར་གཏོར།།
ནང་རོལ་སྟོང་བའི་དྲ་ཐག་རེ་རེར་གློག་སྒམ་ནང་དུ་གཅེར་བུར་གྲུབ།།
སྨག་གིས་མཚོན་པའི་མཚན་མོའི་སྲིད་སྟེཊ་ནགས་སུ་སྟག་མོས་ངར་སྐད་ཙམ།།
རང་དབང་ཉི་མའི་ཚོགས་འཁོར་དག་ཀྱང་ཁ་དོག་ཅིག་གི་ཕར་ཚུར་རེད།།
ཕོར་བ་འུར་གྱིས་བཟེད་པར་དགའ་བས་གསང་བའི་ཆོམ་པོ་མང་དུ་ཕྱིན།།
སྙིང་གི་སྒོ་རུ་ལྕགས་ཐག་སིལ་སིལ་ནུ་མ་མེད་པའི་མཆུ་སྒྲོས་ཤིག།
མེ་ཡིས་བསྲེགས་པའི་རྐང་གི་རྨ་ཁ་མདང་ནུབ་ངུས་པའི་ལོ་རྒྱུས་བཞག།
སྤྱང་ཀིའི་འཛུམ་མདངས་འཚེར་སྟངས་ཤིག་གིས་སྐེ་ཤ་ཚུར་ལ་ལྷོད་དུ་འཐེན།།
འཚོ་བའི་རོལ་མོ་འབུད་རྡུང་བྱས་ཞེས་གྲིབ་མ་འགའ་ཞིག་ཡོར་ཡོར་བྱས།།
སྨུག་པའི་ནང་ལ་བྱིས་པ་དག་གིས་ཡི་གེ་ཞིག་ཀྱང་སུབ་ཀྱིན་གདའ།།
སྐུད་སྣེར་འཐམ་པའི་བར་དང་བར་ན་གྲྭ་རྒོད་འཁོར་ཞིག་ལྕེམས་སོང་ངོ་།།
དོག་ཅིང་བསྡམས་པའི་དོར་མ་དེའང་ཆགས་པའི་སྣང་བརྙན་ཧར་གྱིས་ཕྱེས།།
མི་རུ་སྐྱེས་པའི་མགྲོན་པོ་ང་ཡང་བསམ་པའི་དེབ་ཅིག་མཁོ་ཚོད་རེད།།
ངར་གྱིས་རྒྱུག་པའི་གློག་གི་ལྕེ་རྩེས་ཨུ་ཤུ་རྡོག་ཅིག་སྐྱེས་སུ་གདེག།
འཁྲིས་ན་བདུད་པོས་ལག་སྙོབ་བྱེད་བཞིན་སྙིང་ལ་གདོན་གཟུགས་ཤར་སེ་བསྒྲིགས།།
འདི་ལྟར་ཤོར་ན་བདག་གི་རྒུད་པ་སེམས་ཅན་ཟེར་ཡང་འདི་ཙམ་མོ།།
ཕྱི་རུ་འབྱིན་པ་དངངས་པ་བཅས་ཏེ་ཚད་ཐིག་སྐོར་ཞིག་སུམ་སྒྲོག་བརྒྱབ།།

                    ༢༠༡༥ ༡ ༦ མཚན་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།