གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐུབ་པའི་བྱིན་རླབས།༼ ཞར་བཀོད་གཉིས་ཡོད ༽

2015-04-29 10:55:22 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།


ད་རེས་ཐུབ་པའི་ང་ལ་སྤྱན་མིག་གཟིགས་བྱུང་།།
ཆམ་པ་དྲོས་འཁྱག་ཅིག་གི་དངོས་གྲུབ་གནང་བྱུང་།།
ངས་ཀྱང་སྐབས་ཤིས་འདི་ལ་འཕལ་ཀར་སྤྲད་ནས།།
ལས་ཀྱི་སྡིག་སྒྲིབ་འགའ་ཞིག་འདག་པར་བྱེད་དོ།།
རེ་ཞིག་མགོ་བོ་ན་ཞིང་གདོང་པ་གཟེར་ལ།།
སྐབས་སྐབས་མིག་ཆུ་འཆོར་ཞིང་སྣབས་ཀྱང་ལུག་འགྲོ །
ཉལ་གྱིས་མི་བདེ་རུས་པ་གས་གས་སྣང་ལ།།
ལངས་ནས་མི་གཟོད་མགོ་ལ་གློག་གིས་བརྒྱབ་འདྲ།།
དབུགས་ཀྱི་གཏོང་ལེན་སྣ་ཡིས་ཚོད་འཛིན་བྱས་ཡོད།།
ཟས་ཀྱི་ཡི་ག་ཁ་ཡི་ཐན་དྲིས་བཅད་འོང་།།
རྐང་ལག་བཞི་བོ་ཚེགས་དང་རྨུགས་པས་བྱིང་འགྲོ།
འདི་ལྟར་མྱོང་ཞིང་དེ་ལྟར་འདག་པའི་སྐབས་སུ།།
ལས་ཀྱི་བག་ཆགས་སད་པའི་རྟོགས་པ་ཞིག་གམ།།
ཤེས་རབ་འོད་སྣང་དད་པའི་ངོས་སུ་འཕྲོས་བས།།
དངོས་གྲུབ་དངོས་སུ་ཐོབ་པའི་གོ་བ་རྙེད་བྱུང་།།
མཉམ་མེད་ཐུབ་པ་ཆེན་པོའི་ཐུགས་རྗེ་སྙོམས་པོ།།
ད་ནི་ལན་གཅིག་རེག་པར་ཐེ་ཚོམ་འགག་སོང་།།
སྔོན་ཚེ་ལས་ཀྱིས་བསགས་པའི་སྡིག་སྒྲིབ་ཕུང་བོ།།
ཟུར་དུ་རྨོངས་བས་སྐྲུན་པའི་ཉེས་པ་སྣ་ཚོགས།།
དག་པར་གཟས་ནས་ཆམ་པའི་དངོས་གྲུབ་རེད་ལགས།།
དེ་ན་ང་ཡིས་འཕག་འཚག་མང་ཙམ་བྱེད་དོ།།
དེ་ན་ང་ཡིས་མནར་གཅོད་མང་ཙམ་གཏོང་ངོ།།
སྐབས་འདིར་ཆམ་པས་མནར་བའི་སྐྱེ་འགྲོ་ཡོངས་ཀྱི།།
སྡུག་བསྔལ་ཡོད་ཚད་ང་ཡི་སྟེང་ལ་ཕོབས་ཤིག །།
              ༢༠༡༤ལོར་ཆམ་པས་གཟེར་དུས་ཤིག་ལ།

               མགྲོན་པོ་བུད་སོང་།

                       ———འགར་སྟོན་རིན་པོ་ཆེའི་དགོངས་པ་ཆོས་ཀྱི་ནམ་མཁར་འཐིམས་རྗེས།

ས་དང་ལམ་གྱི་བགྲོད་པ་མཐར་རྫོགས་པའི།།
འཕྲུལ་གྱི་རྐང་བ་ཞིག་ནི་ཡང་ཅིག་སོང་།།
སྣོད་ལ་ཤོང་ཐབས་མེད་པའི་རིན་ཆེན་ཞིག།
དེ་དང་མཉམ་དུ་རུམ་ལ་བཟུང་སྟེ་ཆས།།

དུས་ཀྱིས་སྨིན་མ་བསུྡས་པའི་ཁྲོ་གཉེར་ལ།།
འོད་ཀྱི་མེ་ཏོག་ལན་དུ་ཕུལ་ན་ཡང་།།
རིན་ཐང་རས་སུ་སྟོར་བ་དེ་ཙམ་གྱིས།།
ཁྱེད་ནི་བརྡ་རྟགས་ཤིག་གི་དོད་དུ་བཞུད།།

ས་དང་ཆུ་ཡིས་འགྱིག་པའི་སྒང་བུ་འདིས།།
ཁྱེད་དང་ཁྱེད་ཀྱི་ནོར་རྣམས་མི་ཐེག་ན།།
རྟེན་འབྲེལ་རྟ་ལ་ཞོན་པ་འོས་མོད་དེ།།
འདི་ན་ད་དུང་ཁྱེད་ཀྱི་ཚིག་མཚམས་ཡོད།།

མགྲོན་པོ་བཞུགས་དུས་མགྲོན་ངོ་མི་ལེན་པའི།།
མྱ་ངན་རུས་པ་འཆའ་བའི་མི་འདི་ཚོའི།།
བཞུད་ཚེ་ཨ་ཆུ་འཐམས་པའི་སྡུག་ཡུས་འདིར།།
ཚིག་གིས་མཚོན་ཐབས་མེད་པའི་གསང་རྒྱཡོད།།
                       2014,8,24

 

              དྲན་འཁྲུལ།

ཉི་འོད་དབུས་སུ་ཁྱེད་ཉིད་ཡོད་དམ་ང་ཡི་འཛུམ་པ་ལྷུག་ལྷུག་བཏང་།།
རླུང་བུའི་གྲས་ན་ཁྱེད་ཉིད་སྐུངས་སམ་ང་ཡི་གདོང་པ་བསིལ་བསིལ་གནང་།།
མིག་གིས་བདག་གི་མཛེས་སྡུག་ཁྱེར་བའི་རྒྱང་རིང་གྲོང་གི་ཞེ་ཐོགས་མ།།
ཕྱིར་དྲན་ནང་གི་ཆར་བ་བབས་ནས་ང་ཡི་ལྗང་ལོ་ནེམ་བྱས་ཀྱང་།།
དྲན་པའི་སྤྲིན་པས་ཁ་བ་བཏབ་སྟེ་ང་ཡི་ལྗོན་ཤིང་ཁོག་འདར་བརྒྱབ།།

ཁྱེད་ཀྱི་སྙིང་གཏམ་ཇ་ཕོར་ནང་ལ་འཁྱིལ་རྒྱུ་བྱུང་ན་ཅི་མ་རུང་།།
ཁྱེད་ཀྱི་བརྩེ་འཛུམ་དཔེ་ཆའི་ཁུག་ནས་སྟོན་རྒྱུ་བྱུང་ན་ཅི་མ་རུང་།།
ཚིག་གིས་བདག་གི་འཇིག་རྟེན་བསྡམས་པའི་དམན་ཆུང་ནང་གི་ནུས་ཆེན་མ།།
ཞལ་གྱིས་བཞེས་པའི་དམ་བཅའ་བསམ་ན་ང་ཡི་ཡིད་སེམས་དགའ་ཀྲོག་ཀྲོག།
མི་ཐུགས་བྱེར་བའི་དཔག་ཚད་དྲན་ཚེ་ང་ཡི་སྙིང་ཁ་འཁྱག་སིབ་སིབ།།

ཁྱོད་དང་འཕྲད་དུས་རྒོངས་ཀ་ཡིན་པས་རྒོངས་ཀ་དག་ཏུ་ཁྱོད་རང་དྲན།།
ཁྱོད་དང་བྲལ་དུས་ཞོགས་ཀ་ཡིན་པས་ཞོགས་ཀ་རྣམས་ལ་ཁྱོད་རང་དྲན།།
མེ་ཏོག་གློ་ཁ་བདག་ལ་ཕབ་པའི་གསང་བའི་སྦུགས་ཀྱི་དྲན་ཤིང་མ།།
ཉིན་མོ་འདི་དག་ཚིག་མཛོད་ཅིག་ལྟར་རེ་རེ་ཕར་ལ་བསློགས་བསློགས་ཀྱང་།།
ཁྱོད་ཀྱི་ཐ་སྙད་མན་ངག་ཅིག་འདྲར་རྙེད་རྒྱུ་མེད་པ་འདིས་ཅི་མཚོན།།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།