སྲོད་ཁའི་རྣམ་ཤེས།༼ ཞར་བཀོད་གཉིས་ཡོད ༽

བཀྲ་ཤིས་རྡོ་རྗེ།༼ རྨ་ཆུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-05-02


དགོང་ཁའི་གྲིབ་མ་ཐོད་ལ་བབས་ནས།།
ཚེ་ཡི་དར་ཐག་ཐུང་དུ་ཕྱིན་དུས།།
འུ་ཅག་འཁོར་བའི་མགྲོན་པོ་འདི་ཚོ།།
སྲང་གི་ལྟད་མོ་འཚོལ་བར་བྲེལ་ཅིང་།།
ཡིད་ཀྱི་ན་ཟུག་བརྗོད་པར་སྤྲོ་བས།།
ཕྱི་མིག་མེད་ལ་ཁེངས་སེམས་ཅི་ཡོད།།

རང་བྱས་ལས་ཀྱི་མཐའ་མ་ཞིག་ལ།།
འགྱོད་པའི་ན་ཟུག་སྙིང་ལ་འཚེར་ཡང་།།
གཏོང་བའི་སེམས་ནི་ཆགས་ཐབས་བྲལ་བས།།
མི་ཚེ་ཟེར་བ་དགའ་སྡུག་གཉིས་ཏེ།།
སུ་དང་གང་གིས་རང་དབང་མིན་པ།།
གདོང་ལ་དོད་པའི་གཉེར་མས་བསལ་ཡོང་།།

ང་ནི་ཆང་རག་བརྟེན་པར་ཞེན་ཡང་།།
ལན་རེར་འདི་ལས་ལྷག་པའི་གྲོགས་མེད།།
ལྷག་པར་ཡིད་སེམས་སྐྱོ་བས་གཟིར་ནས།།
གྲིབ་མ་ཁོ་ནར་ཁེན་དགོས་ཐུག་དུས།།
མི་ཚེའི་ལ་འགོར་མུན་པ་དགུ་འཁྱིལ།།
བདུད་རྩི་ཆང་གིས་ག་ལེར་བསང་ཡོང་།།

གཞན་གྱིས་མི་རྙེད་ཁང་ཀོག་ཅིག་ཏུ།།
གཅིག་པུར་བེམ་གཟུགས་སྐྱ་མོར་འགྲེང་ནས།།
བས་མཐའ་ཞིག་ཏུ་འཁྱམ་ཉུལ་བྱེད་པ།།
ང་ཡི་སྣང་བའི་སྒོ་མོ་ཡིན་ན།།
ཉིན་དང་ཞག་གི་ལག་པའི་རི་མོ།།
རབ་རིབ་ཤིག་ལས་སྣང་རྒྱུ་མ་བྱུང་།།

 

 

ཧ་ཅང་གནག་པའི་མཚན་མོ་ཞིག་ཏུ།།
སྒོ་ཁྱིའི་ཟུག་སྐད་རྣ་བར་ལྷུང་དུས།།
འཚོ་བ་ཞིག་གི་ཕྱི་ནང་བསམ་ཞིང་།།
ལས་དང་རླུང་རྟའི་ཁ་འཚབ་དྲན་ནས།།
བྱིས་པའི་དུས་ཀྱི་ངུ་མ་དགོད་ཁ།།
ད་དུང་སྙིང་ནས་ག་ལེར་འཚེར་ཡོང་།།
                ༢༠༡༤-༡༢-༡༩ ཉིན།

 

 

              གས་ཆག

ལོ་དང་ཟླ་བ་ཙག་གིས་ཕྱིད་ཅིང་།།
བརྩེ་བའི་རི་ལ་ཁ་བ་འབབ་དུས།།
འཇིག་རྟེན་མི་ཡི་གནས་མལ་ཡུལ་དུ།།
སྡུག་གི་རླུང་འཚུབ་དང་རྒྱུ་མ་བྱུང་།།

འཚོ་བའི་གྲུ་ཟུར་ཁྲག་གིས་སྦགས་ཤིང་།།
ཉེ་བའི་མི་དག་རྒྱང་དུ་བཀྱེད་དུས།།
ཁེར་རྐྱང་སྣང་བ་རབ་རིབ་འཁོར་བའི།།
མི་ཡི་ཚོགས་འདི་ཉམས་ཆུང་རེད་ཨང་།།

རང་གི་རྣམ་ཤེས་མེ་ལ་སྦར་ཅིང་།།
གཞན་གྱི་འཇིག་རྟེན་རླུང་ལ་སྐུར་དུས།།
ཤུལ་གྱི་ཐལ་བ་སྤར་མོ་གང་བོ།།
ཕྱོགས་མཚམས་ཀུན་དུ་གཏོར་ཏེ་ཐལ་བ།།

 

 

ཆུ་ལ་ཤར་བའི་མི་རྟག་གཟུགས་བརྙན།།
ཁྱོད་ཀྱི་སེམས་པའི་ཡོལ་གོར་འཁྱིལ་ཡང་།།
ཉི་མའི་ཤར་ནུབ་ཞེ་ལ་སྣང་དུས།།
སྙིང་རྩ་ལྷེམ་ལྷེམ་ཅི་ཞིག་འདར་བ།།
                 ༢༠༡༤-༡༢-༣ཉིན་འབྲི་འཕྲོར་ལུས།

 

 

             གྲོང་མཐའི་རླུང་བུ།

ཕྱི་ཡི་ཉི་འོད་གཉོམ་པོ་བཟི་བོ་རུལ་མ།།
དེ་ཡི་རྗེས་སུ་སྙེག་པའི་རླུང་བུ་འཐོར་མ།།
དེའི་ཀྱང་ཤུལ་དུ་བསྐྱུར་བའི་གླུ་སྐད་ཟ་ཟི།།
ང་ཡི་སྐྱོ་ངལ་གནོན་པའི་གཏིང་མར་རག་བྱུང་།།

འབྲོག་སྟོང་སྐྱ་བོ་ཞིག་ཏུ་ཁེར་མོར་གསོན་པ།།
ཆང་ཁང་འཁྱག་པ་ཞིག་ནས་གཅིག་པུར་འདུག་དོན།།
ལས་ཀྱི་ཆང་མ་གང་ཡང་སྒུག་འདུན་མིན་ཏེ།།
ལྷིང་འཇགས་རབ་རིབ་ཤིག་ལ་སྣང་བ་བསྲེས་ནི།།

འདི་ནས་ས་དང་གནམ་གྱི་བར་ཐག་རིང་བ།།
ངའི་ནི་ལུས་དང་སེམས་ཀྱི་ཁྱད་པར་ཆེ་བ།།
འདི་དང་ཕྱི་མའི་འགག་འཕྲང་ག་ཙམ་བརྒྱུད་ན།།
སེམས་ཀྱི་འོད་གསལ་ཞིང་དེ་མིག་ལ་མངོན་ཐུབ།།

གཞུང་ལམ་སྟེང་ན་ནུར་བའི་ལྕགས་ཀྱི་སྒམ་ཆུང་།།
གནམ་མཁའི་དབྱིངས་ནས་གཏོར་བའི་ཁ་བ་ལེབ་མོ།།
རླུང་བུ་ཚད་རིམ་གཅིག་གིས་སྤུར་བ་འདྲ་ན།།
འཇིག་རྟེན་ཕྱ་ལེ་ཡིན་པའི་འཛུམ་རེ་སྟོན་འོས།།
                    ༢༠༡༤-༡༢-༢༥ ཉིན་གྱི་ཕྱི་དྲོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲོད་ཁའི་རྣམ་ཤེས།༼ ཞར་བཀོད་གཉིས་ཡོད ༽

2015-05-02 བཀྲ་ཤིས་རྡོ་རྗེ།༼ རྨ་ཆུ ༽ ཀློག་གྲངས། མཆན ཡོད།


དགོང་ཁའི་གྲིབ་མ་ཐོད་ལ་བབས་ནས།།
ཚེ་ཡི་དར་ཐག་ཐུང་དུ་ཕྱིན་དུས།།
འུ་ཅག་འཁོར་བའི་མགྲོན་པོ་འདི་ཚོ།།
སྲང་གི་ལྟད་མོ་འཚོལ་བར་བྲེལ་ཅིང་།།
ཡིད་ཀྱི་ན་ཟུག་བརྗོད་པར་སྤྲོ་བས།།
ཕྱི་མིག་མེད་ལ་ཁེངས་སེམས་ཅི་ཡོད།།

རང་བྱས་ལས་ཀྱི་མཐའ་མ་ཞིག་ལ།།
འགྱོད་པའི་ན་ཟུག་སྙིང་ལ་འཚེར་ཡང་།།
གཏོང་བའི་སེམས་ནི་ཆགས་ཐབས་བྲལ་བས།།
མི་ཚེ་ཟེར་བ་དགའ་སྡུག་གཉིས་ཏེ།།
སུ་དང་གང་གིས་རང་དབང་མིན་པ།།
གདོང་ལ་དོད་པའི་གཉེར་མས་བསལ་ཡོང་།།

ང་ནི་ཆང་རག་བརྟེན་པར་ཞེན་ཡང་།།
ལན་རེར་འདི་ལས་ལྷག་པའི་གྲོགས་མེད།།
ལྷག་པར་ཡིད་སེམས་སྐྱོ་བས་གཟིར་ནས།།
གྲིབ་མ་ཁོ་ནར་ཁེན་དགོས་ཐུག་དུས།།
མི་ཚེའི་ལ་འགོར་མུན་པ་དགུ་འཁྱིལ།།
བདུད་རྩི་ཆང་གིས་ག་ལེར་བསང་ཡོང་།།

གཞན་གྱིས་མི་རྙེད་ཁང་ཀོག་ཅིག་ཏུ།།
གཅིག་པུར་བེམ་གཟུགས་སྐྱ་མོར་འགྲེང་ནས།།
བས་མཐའ་ཞིག་ཏུ་འཁྱམ་ཉུལ་བྱེད་པ།།
ང་ཡི་སྣང་བའི་སྒོ་མོ་ཡིན་ན།།
ཉིན་དང་ཞག་གི་ལག་པའི་རི་མོ།།
རབ་རིབ་ཤིག་ལས་སྣང་རྒྱུ་མ་བྱུང་།།

 

 

ཧ་ཅང་གནག་པའི་མཚན་མོ་ཞིག་ཏུ།།
སྒོ་ཁྱིའི་ཟུག་སྐད་རྣ་བར་ལྷུང་དུས།།
འཚོ་བ་ཞིག་གི་ཕྱི་ནང་བསམ་ཞིང་།།
ལས་དང་རླུང་རྟའི་ཁ་འཚབ་དྲན་ནས།།
བྱིས་པའི་དུས་ཀྱི་ངུ་མ་དགོད་ཁ།།
ད་དུང་སྙིང་ནས་ག་ལེར་འཚེར་ཡོང་།།
                ༢༠༡༤-༡༢-༡༩ ཉིན།

 

 

              གས་ཆག

ལོ་དང་ཟླ་བ་ཙག་གིས་ཕྱིད་ཅིང་།།
བརྩེ་བའི་རི་ལ་ཁ་བ་འབབ་དུས།།
འཇིག་རྟེན་མི་ཡི་གནས་མལ་ཡུལ་དུ།།
སྡུག་གི་རླུང་འཚུབ་དང་རྒྱུ་མ་བྱུང་།།

འཚོ་བའི་གྲུ་ཟུར་ཁྲག་གིས་སྦགས་ཤིང་།།
ཉེ་བའི་མི་དག་རྒྱང་དུ་བཀྱེད་དུས།།
ཁེར་རྐྱང་སྣང་བ་རབ་རིབ་འཁོར་བའི།།
མི་ཡི་ཚོགས་འདི་ཉམས་ཆུང་རེད་ཨང་།།

རང་གི་རྣམ་ཤེས་མེ་ལ་སྦར་ཅིང་།།
གཞན་གྱི་འཇིག་རྟེན་རླུང་ལ་སྐུར་དུས།།
ཤུལ་གྱི་ཐལ་བ་སྤར་མོ་གང་བོ།།
ཕྱོགས་མཚམས་ཀུན་དུ་གཏོར་ཏེ་ཐལ་བ།།

 

 

ཆུ་ལ་ཤར་བའི་མི་རྟག་གཟུགས་བརྙན།།
ཁྱོད་ཀྱི་སེམས་པའི་ཡོལ་གོར་འཁྱིལ་ཡང་།།
ཉི་མའི་ཤར་ནུབ་ཞེ་ལ་སྣང་དུས།།
སྙིང་རྩ་ལྷེམ་ལྷེམ་ཅི་ཞིག་འདར་བ།།
                 ༢༠༡༤-༡༢-༣ཉིན་འབྲི་འཕྲོར་ལུས།

 

 

             གྲོང་མཐའི་རླུང་བུ།

ཕྱི་ཡི་ཉི་འོད་གཉོམ་པོ་བཟི་བོ་རུལ་མ།།
དེ་ཡི་རྗེས་སུ་སྙེག་པའི་རླུང་བུ་འཐོར་མ།།
དེའི་ཀྱང་ཤུལ་དུ་བསྐྱུར་བའི་གླུ་སྐད་ཟ་ཟི།།
ང་ཡི་སྐྱོ་ངལ་གནོན་པའི་གཏིང་མར་རག་བྱུང་།།

འབྲོག་སྟོང་སྐྱ་བོ་ཞིག་ཏུ་ཁེར་མོར་གསོན་པ།།
ཆང་ཁང་འཁྱག་པ་ཞིག་ནས་གཅིག་པུར་འདུག་དོན།།
ལས་ཀྱི་ཆང་མ་གང་ཡང་སྒུག་འདུན་མིན་ཏེ།།
ལྷིང་འཇགས་རབ་རིབ་ཤིག་ལ་སྣང་བ་བསྲེས་ནི།།

འདི་ནས་ས་དང་གནམ་གྱི་བར་ཐག་རིང་བ།།
ངའི་ནི་ལུས་དང་སེམས་ཀྱི་ཁྱད་པར་ཆེ་བ།།
འདི་དང་ཕྱི་མའི་འགག་འཕྲང་ག་ཙམ་བརྒྱུད་ན།།
སེམས་ཀྱི་འོད་གསལ་ཞིང་དེ་མིག་ལ་མངོན་ཐུབ།།

གཞུང་ལམ་སྟེང་ན་ནུར་བའི་ལྕགས་ཀྱི་སྒམ་ཆུང་།།
གནམ་མཁའི་དབྱིངས་ནས་གཏོར་བའི་ཁ་བ་ལེབ་མོ།།
རླུང་བུ་ཚད་རིམ་གཅིག་གིས་སྤུར་བ་འདྲ་ན།།
འཇིག་རྟེན་ཕྱ་ལེ་ཡིན་པའི་འཛུམ་རེ་སྟོན་འོས།།
                    ༢༠༡༤-༡༢-༢༥ ཉིན་གྱི་ཕྱི་དྲོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།