གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་འོད་ཀྱིས་བརྩམས་པའི་བྱིས་གླུ་ཚན་པ་གཉིས།

2015-05-24 19:56:47 རྨ་འོད། ཀློག་གྲངས། མཆན ཡོད།


             ཨ་མ་དྲེད་མ།

ཨ་མ་དྲེད་མ་ཁྱོད་ཡིན།
དྲེད་ཕྲུག་རྒྱ་རིས་ང་ཡིན།

ལུང་ནག་གསུམ་གྱི་འདྲེས་མདོ་ན།།
གྱོ་ལོ་སྔོན་པོ་འཁྱིལ་ཡོད་ཟེར།།
གྱོ་ནག་གཏེར་ལ་རྒྱབ་ཡོད་ཟེར།།
གཏེར་མ་ལོན་ཨ་མ་མི་ཡོང་ཟེར།།
གྱོ་དམར་སྐུང་ལ་བཏགས་ཡོད་ཟེར།།
སྐུང་མ་ལོན་ཨ་མ་མི་ཡོང་ཟེར།།
ནངས་སྔ་མོའི་བད་ཆེན་བད་ཆུང་ན།།
ངའི་ཨ་མ་དྲེད་མ་སྙིང་རེ་རྗེ།།
སྙིང་རྗེ་བའི་ཨ་མ་སྐུ་ཚེ་རིང་།།

ཨ་མ་དྲེད་མ་ཁྱོད་ཡིན།
དྲེད་ཕྲུག་རྒྱ་རིས་ང་ཡིན།

ས་བདག་རྒྱལ་བོའི་འབྲུ་མཛོད་ན།།
ས་སྙིང་གྱོ་མ་སྤུངས་ཡོད་ཟེར།།
གྱོ་ཁུག་ནག་རིས་རྐུབ་ཡངས་མ།།
རྐུབ་མ་གང་ཨ་མ་མི་ཡོང་ཟེར།།
གྱོ་མ་དམར་པོ་རྟ་མགོ་མ།།
རྟ་མ་ཟིན་ཨ་མ་མི་ཡོང་ཟེར།།
དགུང་ཕྱི་དྲོའི་གྲིབ་ཆེན་གྲིབ་ཆུང་ན།།
ངའི་ཨ་མ་དྲེད་མ་སྙིང་རེ་རྗེ།།
སྙིང་རྗེ་བའི་ཨ་མ་སྐུ་ཚེ་རིང་།།

ཨ་མ་དྲེད་མ་ཁྱོད་ཡིན།
དྲེད་ཕྲུག་རྒྱ་རིས་ང་ཡིན།

            ཨ་ཆགས་ཆགས་གླུ།

ཨ་ཆགས་ཆགས་ལ་ཨ་ཆགས་ཆགས།།
དང་མ་ཆུ་ཡི་དཀྱིལ་འཁོར་ཆགས།།
དེ་ལ་ས་ཡི་འདབ་མ་ཆགས།།
དེ་ནས་མི་ཡི་གཞིས་ཁྱིམ་ཆགས།།
འབྲུ་སྣ་ཟས་ཀྱི་སྙེ་མ་ཆགས།།
ཤིང་སྣ་སྨན་གྱི་ལྗོན་པ་ཆགས།།
ཉ་དང་ཆུ་སྲིན་མཚོ་ལ་ཆགས།།
ཤྭ་དང་རི་དྭགས་རི་ལ་ཆགས།།
གནམ་ལ་ཉི་ཟླ་སྐར་གསུམ་ཆགས།།
ས་ལ་རི་ཆུ་ནགས་གསུམ་ཆགས།།
ཨ་ཆགས་ཆགས་ལ་ཨ་ཆགས་ཆགས།
༼ ས་ལ་ཆུ་ཆགས།
ཆུ་ལ་དར་ཆགས།
དར་ལ་རྟ་ཆགས།
རྟ་ལ་སྟན་ཆགས།
སྟན་ལ་སྒ་ཆགས།
སྒ་ལ་མྱི་ཆགས།
མྱི་ལ་ཞྭ་ཆགས།
ཞྭ་ལ་ཏོག་ཆགས།
ཏོག་ལ་ཙོར་ཆགས། ༽

ཨ་ཆགས་ཆགས་ལ་ཨ་ཆགས་ཆགས།།
མཐོན་པོ་གངས་ལ་བོད་པ་ཆགས།།
དེ་ལ་ལྷ་ཀླུ་གཉན་གསུམ་ཆགས།
དེ་ནས་མཆོད་བཀུར་བསྟོད་གསུམ་ཆགས།།
ཐབས་ཤེས་དཀར་པོ་རུས་ལ་ཆགས།།
བྱང་སེམས་སྣུམ་པོ་རྐང་ལ་ཆགས།།
འབྲོང་དང་རྐྱང་ཁྱུ་སྒོ་ལ་ཆགས།།
གཉན་དང་དགོ་བ་ལྷས་ལ་ཆགས།།
རི་ལ་རོང་ཆེན་སྔོན་པོ་ཆགས།།
སྤང་ལ་འབྲོག་རུ་སྨུག་པོ་ཆགས།།
༼ ས་ལ་རྡོ་ཆགས།
རྡོ་ལ་ཆུ་ཆགས།
ཆུ་ལ་ཟམ་ཆགས།
ཟམ་ལ་རྟ་ཆགས།
རྟ་ལ་སྒ་ཆགས།
སྒ་ལ་མྱི་ཆགས།
མྱི་ལ་ཞྭ་ཆགས།
ཞྭ་ལ་ཏོག་ཆགས།
ཏོག་ལ་གནམ་ཆགས། ༽

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།