གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཏམ་རྒྱུད་ཅིག་གི་རྨ་ཁ།

2015-05-31 10:03:28 གཡང་དཀར་ལུ་གུ༼ ལྷ་ས ༽ ཀློག་གྲངས། མཆན ཡོད།

426E3256@2E6F7A10.AB15E354.jpg

ཕྱོགས་བཞི་གངས་རིས་སྐོར་བའི་ཞིང་ཁམས་འདིར།།
འགྲོ་དྲུག་བདེ་ལ་འཁོད་པའི་ལོ་ཟླ་ཞིག །
སྔར་སོང་ཀུན་གྱི་རྨིས་མྱོང་རྨི་ལམ་ཞིག །
ལོ་རྒྱུས་དེབ་ཐེར་ཁྲོད་ཀྱི་དག་ཞིང་ཅིག །

མཐོན་པོ་གནམ་ལ་སྙེགས་འདྲའི་དཔའ་སྟོབས་དང་།།
དམའ་མོ་ས་གཞིར་ཤོངས་བའི་ཁོག་ཡངས་འདི།།
དུས་ཀྱིས་འགྱུར་དང་སུ་ཡིས་བཀོད་པའི་འོག །
ཁ་སང་གཏམ་རྒྱུད་ཁྲོད་ལ་མ་འདོད་འཐིམས།

ཕྱི་འཁྲུག་ནང་རྨས་ཉིན་མཚན་དུས་ཀྱི་ཆར།།
རང་མགོ་བཏུམ་ནས་གཞན་དོན་རྒྱབ་དོར་གྱིས།།
ལོ་ཟླ་གཅིག་ཟད་གཉིས་རྫོགས་དུས་རིམ་ཁྲོད།།
རང་གི་མེས་པོ་མི་ཚོར་ཡ་རེ་ང་།།

ལྟོ་གོས་རྒྱགས་ཙམ་དག་གི་མི་བུ་འགས།།
ནང་སེམས་ཀློང་ལ་རང་དོན་བཙན་གྱིས་སྦྱར།།
དེ་ཡིས་དུས་ནས་བདེན་དོན་རླུང་ལ་བསྐྲད།།
གངས་རིའི་རྣམ་ཤེས་མེ་འབར་ཆུ་ཡིས་བཅོམ།།

བྱེ་མའི་རི་ལ་ནགས་ཀྱི་རྨི་ལམ་ཞིག །
རྨོངས་སད་རྣམས་ཀྱི་སེམས་ལ་རྒྱས་ན་འང་།།
བཟང་པོ་བཟང་པོར་མི་མངོན་ངན་ལ་འཛིན།།
ནང་དམེའི་འཐབ་ལ་ང་ཤོར་ཁོ་ཤོར་རང་།།

བསྒྱུར་བཅོས་དུ་མ་དག་གི་ངན་རྩལ་འོག །
རྨི་ལམ་ལྗང་ཁུ་ཞིག་གི་སྲོག་རྩ་བཀུམ།།
རྒྱུ་འབྲས་གོ་ལྡོག་ལས་ངན་བྱ་བའི་འོག །
སྙིགས་དུས་རྩོད་ལྡན་དུས་འདིར་རྣམ་སྨིན་མང་།།

ཕྱི་ཡི་སྣང་བ་ཀུན་དང་གཅིག་ཏུ་འགྲོགས།།
ནང་གི་འཇིག་རྟེན་ཚ་གྲང་ཟུང་གིས་གཙེས།།
ཆེན་པོ་རྣམས་ནི་སྔར་བཞིན་སྐྱིད་ཅིང་རྒྱགས།།
ཆུང་པོ་རྣམས་ནི་སྔར་བཞིན་སྡུག་ཅིང་ངལ།།

སེམས་ཀྱི་གཏམ་ལ་ཀུན་གྱི་ཡིད་ཁ་བྲལ།།
ཁ་འཇམ་ཚིག་ལ་རྒྱ་རྙི་མང་ཡང་སྤྲོ།།
དྲིན་བྱས་དྲིན་ལ་དྲིན་གཟོའི་བསམ་པ་དབེན།།
ཕ་བུ་དགྲ་རུ་ལངས་བའི་འབྱུང་བ་མང་།།

             དབུས་ཀྱི་ཕམ་ཁ།

ཁ་སང་ཡབ་མེས་དག་གི་གཏམ་རྒྱུད་དག །
དེ་རིང་འདུ་འཛི་ཆེ་བའི་གྲོང་ཁྱེར་ནས།།
ཐམས་ཅད་གཅིག་ལ་གཅིག་སོང་ཡལ་བའི་དུས།།
ཁོག་གི་ན་ཟུག་སུ་ཡིས་རྟོགས་པར་སླ།

ལོ་རྒྱུས་ཡུན་ནས་རིང་བའི་མི་རིགས་འདི།།
ཤེས་རིག་འོད་སྟོང་རྒྱས་པའི་མི་རིགས་འདི།།
མངོན་མེད་ཟུང་གི་འཁྲབ་ཚན་སྐྱུར་མོའི་ཁྲོད།།
བརྡ་ཆད་རྙིང་བ་ཞིག་གི་གླེང་གཞིར་སྙེགས།།

ཐུབ་བསྟན་རིག་གནས་སྙིང་པོ་ཟབ་མོའི་མཐུས།།
བྱམས་དང་སྙིང་རྗེས་ཕྱུག་པའི་རིགས་ཤིག་དར།།
ནོར་བུའི་ནོར་ཉམས་ཟད་པའི་རྗེས་རབས་ཚོས།།
མིག་མདུན་བདེ་བའི་ཀློང་ནས་ཡོད་ཚད་བསྐྱུར།།

དུ་ཆང་སྲེད་ལ་ཆགས་པའི་སློབ་ཆེན་པ།།
ལྔ་ཟུང་རིག་གནས་སྦྱངས་བའི་བསྐལ་བ་དང་།།
བཤེས་གཉེན་དམ་པའི་བཀའ་སློབ་མ་ཉན་པར།།
ཕ་མ་གཉེན་ཉེའི་དཀའ་སྡུག་ཁྲོད་ནས་སྐྱིད།།

རང་ངོ་རང་གི་མི་འཛིན་གཞན་སོང་གིས།།
རང་གཅེས་རང་སྐྱོང་དབུལ་བའི་འདུ་ཤེས་འདིས།།
རིགས་རྒྱུད་དྭངས་མ་ཤིག་གི་ཤ་རུས་དག །
རིགས་རུས་གཞན་ལ་འདྲེས་དུས་ཐབས་རེ་སྡུག །

རྣ་བར་བདུད་རྩིར་འཛོལ་བའི་གཏམ་དག་དང་།།
ཁ་ལ་ཞིམ་པར་རྒྱགས་པའི་བཟའ་བཏུང་སོགས།།
བཟང་པོའི་ཐུན་གྱིས་རང་དང་རིགས་འདི་ཡི།།
ཡོད་ཚད་བཅོམ་པར་གྱུར་ཡང་གོ་རྟོགས་བྲལ།།

ཉེར་གཅིག་དུས་རབས་འདི་ཡི་གང་ས་རུ།།
ཤེས་རིག་འབར་གས་འདྲ་བའི་ཚ་རླབས་ཀྱིས།།
ཚན་རིག་ཤེས་བྱར་བརྩོན་པའི་མི་བུ་མང་།།
རང་གི་རིགས་དང་རྩྭ་སའི་འཐབ་ལ་འགྲན།།

མེས་པོ་བྱས་པ་ཅན་གྱིས་ཕྱག་རྗེས་ལས།།
གཞན་རིགས་ཀུན་ལ་ངོམ་ཆོག་རིག་གནས་འདི།།
ད་ལྟའི་དུས་ཀྱི་འཚོ་ཐབས་རེ་རེའི་ཁྲོད།།
དཔྱད་གསུམ་དག་པའི་ཉམས་ལེན་དབུལ་བས་སྐྱོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།