གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲྭ་བ་དང་གཞོན་ནུ་མ།

2015-06-18 15:31:32 འཇམ་དབྱངས་སེང་གེ ཀློག་གྲངས། མཆན ཡོད།


གྲྭ་བས།
ཡིད་སེམས་ཏིང་འཛིན་ཀློང་དུ་བཅོས་ཐབས་བྱས་ཀྱང་། །
རྟོག་འཆར་མེ་ལོང་ངོས་སུ་བུང་བ་ལྡིང་འདྲ། །
མཁའ་ལམ་ཡངས་པའི་དཀྱིལ་དུ་ཆུ་ཤེལ་ཤར་འདྲ། །
བུ་མོའི་འཛུམ་དཀར་ཕྲེང་བ་ཡལ་ཐབས་མ་རྙེད། །

གཞོན་ནུ་མས།
གློ་བུར་སྒྱུ་མ་འཁྲུལ་བའི་ཆོས་ལ་བསམ་ན། །
འཁོར་བའི་གནས་ལ་སྐྱིད་ཅིག་ཡོད་པ་མ་ཡིན། །
བདག་འཛིན་ལྕགས་ཀྱི་ཨ་ལོང་བཅོས་ཐབས་བྱས་ནས། །
མི་མེད་དབེན་པའི་གནས་སུ་བཞུགས་ན་སྐྱིད་དོ། །

གྲྭ་བས།
གཅིག་པུར་རི་ཁྲོད་འགྲིམ་པར་སྐྱིད་ཅིག་ཡོད་ན། །
རྐང་གཉིས་ཕལ་ཆེར་གྲོང་དུ་གཡེང་བར་དཀའ་ཡང་། །
གྲང་རླུང་འདྲེས་མའི་ཁྲོད་ཀྱི་འཚོ་བ་འདི་ལ། །
ལྕགས་ཀྱི་ཚེར་མས་བྲབས་འདྲའི་ན་ཟུག་སྐྱེན་འདུག །

གཞོན་ནུ་མས།
ཆགས་སྡང་བུ་ཡུག་འཚུབ་པའི་གཤིས་ལ་བསམ་ན། །
མི་ཡུལ་སྦྲུལ་ཚང་ཡིན་པའི་སྣང་བ་ཤར་ཡོང་། །
དགྲ་འདུལ་གཉེན་སྐྱོང་བར་གྱི་འཚོ་ཐབས་དྲན་ན། །
མི་གཙང་འཁོར་བའི་དྲི་ལ་ཞེན་པ་ལོག་ཡོང་། །

གྲྭ་བས།
རི་མགོའི་རི་དྭགས་བཞིན་དུ་རི་ལ་བསྡད་ན། །
ཁུ་བྱུང་ཆར་འབེབ་དབྱངས་ཀྱང་རྣ་ལ་ཟན་ཡོང་། །
རིག་འཛིན་སེམས་དཔའི་གཟུགས་སྐུ་འཇམ་ཁ་མེད་ན། །
གདོམས་གང་བདེ་བའི་མལ་དུ་གཉིད་རྒྱུ་མི་འདུག །

གཞོན་ནུ་མས།
སྒྱུག་པོ་སྒྱུག་མོའི་ཚིག་ངན་དྲག་ཆར་ཕབ་ན། །
བྱང་ཁོག་དམར་ཆུང་དཀྱིལ་གྱི་སྙིང་དམར་གཡུག་ཡོང་། །
ལུས་པོ་ལ་རྩེའི་དར་བཞིན་ཟད་ལ་ཉེ་དུས། །
སེམས་པ་མེ་འོབས་ཀློང་གི་སྲིན་བུ་འདྲ་ཡོང་། །

གྲྭ་བས།
རྩམ་སྐྱ་ཆུ་ནག་གཡོག་པའི་ཕུར་ཁ་མཐོང་དུས། །
དགེ་འདུན་ཚོགས་གྲལ་དབུས་སུ་སྡུག་སྐད་ཤོར་འགྲོ། །
གྲང་ངར་འཁྱག་པས་བསྡམས་པའི་རང་ཤག་ལོག་དུས། །
དབུགས་རིང་ཕྱིར་འཐེན་ཞིག་གིས་ཕྱི་ལ་དཀྲོགས་ཡོང་། །

གཞོན་ནུ་མས།
གོ་ཁའི་ཐབ་ལ་འགྲོགས་པའི་ལོ་ཟླའི་ནང་ན། །
ཐལ་ནག་དུ་ནག་འདྲེས་མའི་ཟས་སྦྱོར་ཞིག་གིས། །
ལན་ཆགས་གློ་ན་འཁོར་བའི་བྱིས་པ་ཚོ་དང་། །
སྡུག་སྐད་ཤུགས་གླུའི་གདངས་ལ་ཟད་མཐའ་མི་འདུག །

གྲྭ་བས།
བསྟན་བདག་བླ་མའི་བཀའ་ལུང་ཐོག་ལྟར་ལྷུང་ན། །
མི་འདོད་ཚེར་མའི་ཐང་ན་གཅེར་ཉལ་བྱེད་དགོས། །
ཆོས་ཁྲིམས་དབྱུག་པ་ཐོག་པའི་ངོ་གདོང་མཐོང་ན། །
ཕོ་རོག་འུག་པ་འཕྲད་པའི་རྟུལ་ཞུགས་བཟུང་དགོས། །

གཞོན་ནུ་མས།
རྒས་མཉེར་ཐོད་པའི་རི་མོ་གདོང་དུ་བརྩིགས་ནས། །
ཚིགས་བཞི་རུས་མགོ་ཟད་དེ་མལ་དུ་ལྷུང་ན། །
བཟའ་ཚང་ངན་རླུང་འཚུབ་པའི་ཀྱལ་ཀ་ལྷུག་ལྷུག །
རང་རྒྱུད་ཞེན་པ་ལོག་པའི་རྣམ་འགྱུར་སྟོན་ཡོང་། །

གྲྭ་བས།
བླ་མ་སངས་རྒྱས་སྒོམ་པའི་ཉམས་ཤིག་མ་ཤར། །
མཛེས་མའི་ཟུར་མིག་ཅིག་གིས་ཡིད་སེམས་འཕྲོག་པས། །
བརྩེ་བ་དར་ཐག་འདྲ་བས་དམ་དུ་བསྡམ་ཡང་། །
མི་མེད་རི་ཁྲོད་འདི་རུ་གནས་ཐབས་མ་བྱུང་། །

གཞོན་ནུ་མས།
བརྩེ་བ་མེ་དམར་འདྲ་དེ་གྱེན་དུ་མཆེད་ན། །
སེམས་པ་ཚལ་བར་གས་པའི་ཚ་ཟེར་མ་བཟོད། །
རང་ལུས་པད་མའི་ཟེའུ་འབྲུ་གཞན་གྱིས་བཅོམ་ན། །
ཚེ་གང་སྡུག་གི་མུན་པ་ཡལ་དུས་མི་འདུག །

མཇུག་མཐར། གཞོན་ནུ་མས།
བུ་མོ་ངེས་འབྱུང་སྐྱེས་ཏེ་རི་ལ་བྲོས་ནས། །
བསམ་གཏན་བདེ་བའི་རོ་ལ་ཤི་འཐམ་རོ་འཐམ། །
བདག་འཛིན་ཨར་འདམ་འདྲ་བར་ཆུ་ཡིས་བརླན་བཞིན། །
ཁེར་ཀྱང་གནས་མལ་ནང་དུ་ཀྲོང་ངེར་བཞུགས་འདུག །

མཇུག་མཐར། གྲྭ་བ།
གྲྭ་བ་བརྩེ་བས་བཟི་སྟེ་ཁྱིམ་ཐབས་བསུས་ཤིང་། །
གཅེས་ཕྲུག་ཕུར་ཀོག་འདྲ་བས་མཐའ་ནས་བསྐོར་ཏེ། །
སྐར་ཆེན་ཞྭ་མོར་གྱོན་བཞིན་ཉིན་འཁྱམ་མཚན་འཁྱམ། །
ཆུང་མ་ཁྲོ་མཉེར་གདོང་ལ་སུན་པ་སྐྱེས་འདུག །
                ༢༠༡༤/༨/༢༠ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།