ངའི་ཕ་ཡུལ་དང་ངའི་མེས་པོ།

འབར་གས་ཆེན་མོའི་མི་བཤིགས་ཤུགས་ཀྱིས་སྐད་གཅིག་དུས་ཀྱི་ཡུན་ཐུང་ལ། །

སྟོང་ཁམས་ཆེན་པོའི་བར་སྣང་ཀློང་ན་བགྲང་ཡས་གཟའ་སྐར་ཕྱོགས་བཅུར་གཏོར། །

ཉི་མའི་ཁྱིམ་རྒྱུད་འཁོར་བའི་དབུས་ན་ཚེ་སྲོག་འཚོ་བའི་གོ་ལ་གཅིག ། 

ལྷོ་ཡི་འཛམ་བུ་གླིང་ཞེས་གྲགས་པ་སྔོ་མེར་རང་འཁོར་རྟག་ཏུ་འཁོར། །

ཟླུམ་གཟུགས་གོ་ལ་དེ་ཡི་སྟེང་ན་སྤྱི་མཐུན་ལས་ཀྱི་མཐུ་སྟོབས་ལ། །
རང་རང་ཁྱད་གཤིས་གཅིག་ཀྱང་མི་མཚུངས་སྣོད་བཅུད་བཀོད་པ་འདྲ་མིན་ཆགས། ། 

འཇིག་རྟེན་བྱེད་པོས་དམིགས་ཀྱིས་མི་བསྐྲུན་རང་བྱུང་རི་ཆུ་ཀླུང་ཐང་འབུམ། །

གྲངས་མེད་ཚེ་སྲོག་རྒྱ་མཚོའི་རུམ་ནས་རིམ་བཞིན་སྐམ་ས་ནམ་མཁར་འཕུར། ། 

ལོ་ཡི་འཁོར་མོ་ས་ཡ་གསུམ་ལྷག་སྲིད་པ་ཆགས་པའི་སྔ་རོལ་ན། །
གོ་ལའི་གསུམ་སྣེ་སྒང་པ་བོད་འདི་ཆུ་ཀླུང་ཆེན་པོའི་མངལ་ན་སྦྲུམ། །

གླིང་དུམ་གཉིས་ཀྱི་བར་ནས་བཙིར་བའི་ཁ་བ་ཅན་པའི་ལུང་པ་འདི། །

སྤྲ་དང་སྤྲེའུ་ཡི་རྩེ་དགའི་འཕྲུལ་གྱིས་འགྲོ་མིའི་ཚེ་སྲོག་ཐོག་མར་འཕེལ། །

དབང་མཛད་བཅུ་གཉིས་སིལ་མ་བཞི་བཅུ་ཁ་བ་ཅན་པའིམེས་པོ་ཡིན། ། 

གཤེན་རབ་སྟོན་པའི་རྣམ་དཔྱོད་རྩལ་ལས་ཤེས་རིག་སྒྲོན་མེ་ཐོག་མར་སྤར། །

གཉའ་བར་ཁྲི་བྱས་བཙན་པོ་གང་དེས་པུར་རྒྱལ་ལོ་རྒྱུས་དབུ་འཁྱུད་གསོལ། ། 

བོན་སྒྲུང་ལྡེའུ་ཡི་གཙོ་རྒྱུན་རིག་པས་ཤེས་དཔལ་བདུད་རྩི་བསྟུད་མར་བསྐྱིལ། ། 

སྲོང་བཙན་མཛད་འཕྲིན་ཉི་མའི་དཀྱིལ་འཁོར་མཐོ་སྒང་མཐོན་མཐིང་དབྱིངས་ན་འཕགས། ། 

ཕྱི་འབྲེལ་བྱ་བར་ལྷག་ཏུ་མཁས་ཤིང་ནང་སྲིད་ཞི་བར་འགྲན་ཟླ་དབེན། །
དཔའ་ཞིང་མཛངས་ལ་བློ་གཤོག་ཡངས་པ་དགྲ་འདུལ་གཉེན་སྐྱོང་ནང་བྱན་ཆུད། །

རྗེ་བོ་མཛངས་བླུན་ཐུགས་དགོངས་མཐུཔ་པས་ལྷ་འབངས་དགའ་བདེའི་གསོས་སུ་སྨིན། །

རྒྱལ་པོའི་བཀའ་དང་ཡུལ་གྱི་ཕུགས་འདུན་རྡོག་ཆས་སྒྲིག་ནས་ཕྲག་པར་འཁུར། །

ཞུམ་མེད་སྙིང་སྟོབས་འགྲན་མེད་བློ་གྲོས་གོ་ཆ་སྤྲས་ཏེ་ཡུལ་ནས་ཐོན། ། 

སྐད་བརྡ་མི་འཕྲོད་ཚ་བས་མནར་བའི་དཀའ་སྡུག་ཀློང་ནས་སྒལ་རུས་འགྲེང་། །

སྐད་ཡིག་བརྡ་སྤྲོད་གློག་སྒྲོན་སྤོར་མཛད་བོད་ཕྲུག་བཟང་པོ་ཨ་མའི་ནོར། །

སྲབ་མེད་སེང་ཆེན་གངས་ལ་འགྱིང་ཞིང་བྲེ་སེར་འབྲོང་ལོ་ཐང་ལ་ཕབ། །

རྒྱ་སྟག་ཕྲ་བོ་ནགས་ལས་ཐོན་ཞིང་བྱ་རྒྱལ་འཁྱུང་ཆེན་མཁའ་ན་ལྡིང་། ། 

དཔའ་རྒོད་དགོད་སྒྲས་གནམ་ས་གང་འགེངས་ཤིང་མོ་བཙུན་དགའ་བའི་སྐྱེམས་ཆང་བཏེགས། །

བཙན་པོའི་གཡུལ་རྒྱལ་ཅང་ཤེས་རྨིག་སྒྲས་ཡ་གླིང་གསུམ་གཉིས་བྲང་གཞུང་བརྡུངས། །

ཤཱཀྱའི་རྒྱལ་སྲས་གོ་ཏ་མ་མིན་རྣམ་མཁྱེན་ཡེ་ཤེས་ལས་འཁྲུངས་པའི། །

ལྷ་མིའི་བསོད་ནམས་དཔྱིད་དུ་སྨིན་པ་ལྷག་ཏུ་དེང་དང་བསྐལ་བརྒྱའི་བར། །

ཡང་དང་ཡང་དུ་སྐྱེ་འགྲོར་ཉེར་མཁོ་རྒྱལ་བསྟན་ཁྲི་གདུགས་དབང་པོ་འདི། །

ཁ་བ་ཅན་ན་འདྲེན་པར་མཛད་པའི་ཆོས་རྒྱལ་ལོ་པཎ་ཚོགས་རྣམས་རྨད། །

རིང་རིང་ལོ་རྒྱུས་དལ་འགྲོའི་རྒྱུན་བཟང་བར་མེད་བཞུར་བའི་འཁོར་འགྲོས་ནང་། ། 

མང་མང་དངོས་པོ་སྐད་གཅིག་ཙམ་ཡང་མི་རྟག་འཇིག་པའི་གཤིས་ལུགས་དབང་། ། 

ཉུང་ཉུང་མ་ཡིན་དར་རྒུད་སྣ་ཚོགས་ཁྲི་གདུགས་ཉི་མའི་འཆར་ནུབ་ལྟར། །

ཡང་ཡང་འཕེལ་གྲིབ་བརྒྱུད་ནས་ཡོང་བའི་ང་ཡི་ཕ་ཡུལ་གདོང་དམར་ཚང་། །

བཅོས་མིན་བོད་མིའི་སྙིང་ལྟར་དཀར་བའི་ཀེ་ལ་ཤ་ཡི་ཨ་སྔོན་བཏེགས། །

འདེགས་ཕོད་གནོན་སྤོབས་ཞུམ་མེད་བློ་སྟོབས་གཙང་ཆབ་དགུང་ལ་འཕྱོ་བའི་རླབས། །

རླབས་ཆེན་མེས་པོའི་དཀྱེལ་ལྟར་ཡངས་པའི་མུ་མེད་རྩྭ་ཐང་གཡུ་ལྟར་སྔོ། །
སྔོ་བསངས་མཐོངས་ན་གོ་ལའི་རྒྱ་ཕིབས་ཁ་བའི་ཅན་པའི་འཇིག་རྟེན་ཆགས། །

ཡ་རབས་བོད་མིའི་མཁའ་དབུགས་གཙང་མ་མདོ་དབུས་མཐོ་གཞོང་ཀུན་ལ་ཁྱབ། །

ཕ་བུ་ཡུལ་མི་དམ་ཞིག་མཐུན་པའི་ཚང་ཚིང་རྒྱ་རྫོང་སྨུག་གེར་འཁྲིགས། །
དཀའ་སྡུག་གདོང་ལེན་མིའི་ཚེའི་ལྟ་བ་གྲོག་རོང་ཆེན་མོའི་འཇིང་ལས་ཟབ། །
བསམ་པའི་དཔལ་ཡོན་འཛམ་གླིང་རྒྱན་ཕུད་ཅེས་བསྔགས་པའི་དར་ལྕོག་རླུང་གིས་བསྐྱོད། །

གླུ་གར་སྒྱུ་རྩལ་མཁའ་ཡི་གླང་པོའི་འགྲོས་ལྟར་ཀུན་གསལ་དབྱིངས་ན་ལྡེམ། །

སྨན་རྩིས་མཚོ་མཚེའུ་སྔོ་མེར་འཁྱིལ་ཞིང་བྱ་གག་ངང་གསུམ་རྣམ་པར་རྩེན། །

བཟོ་རིག་ལག་རྩལ་ནེའུ་གསིང་ཁྱོན་ན་ལང་ཚོའི་མེ་ཏོག་སྣ་ཚོགས་བཞད། །

ཤེས་རིག་གཏེར་གྱི་བང་མཛོད་ཆེན་མོ་གཟུར་གནས་གསེར་རིའི་ཕྲེང་བ་མཛེས། །

བི་ཤྭ་ཀརྨའི་ཕྱག་སོར་མ་ཡིན་བོད་རིགས་མི་དམངས་བློ་གྲོས་ཀྱིས། །

ཕ་མཁར་དམར་པོ་གོ་ལོའི་རྒྱལ་མཚན་འགྲོ་མིའི་ཤེས་རིག་དཔལ་དུ་བཙུགས། །

བདེན་དོན་གནས་ལུགས་སྲོག་ལས་གཅེས་ཤིང་རིག་པའི་གད་རྒྱངས་རྟག་སྒྲོག་པའི། །

གཙུག་ལག་རིག་གནས་མཐོ་སློབ་གྲངས་མེད་སྐར་ཚོམ་བཏབ་འདྲ་ཨེ་མ་ཧོ། །

ཤར་ཕྱོགས་ཤེས་རིག་ཀུན་གསལ་དབྱིངས་ན་མགོ་བོ་བཏེགས་ནས་བལྟ་བའི་དུས། །

ནུབ་གླིང་སྐྱེ་བོས་བོད་ཀྱི་བཀའ་བསྟན་ཉི་ཟླའི་ཚུལ་དུ་སྣང་ཞེས་གླེང་། །

སྐད་ཡིག་འདྲ་མིན་མཉམ་དུ་བཞག་ནས་ལེགས་ཉེས་སྤུ་རིས་བརྟག་པའི་སྐབས། །

ཨ་ནུའི་བུ་ཡི་ཐུགས་ལས་བལྟམས་པའི་གངས་ཅན་ཡིིག་སྲོལ་བླ་ན་འཕགས། །

ཚན་རྩལ་བུ་མོར་སྐྱེངས་པ་སྟེར་བའི་བདེན་གཉིས་ཤེས་བྱའི་གནས་ལུགས་གཅིག །

འགྲོ་བ་སེམས་ཅན་མ་རུ་སྒོམ་པའི་བྱམས་བརྩེའི་མི་ཚེའི་ལྟ་བ་གཉིས། །

སྤངས་རྟོགས་ཡོན་ཏན་ཐུགས་སུ་མངའ་བ་གཞན་ཕན་རིན་ཐང་ལྟ་བ་གསུམ། །

སྤེལ་རྒན་སེམས་དཔའི་བུ་ཚའི་རྒྱུད་ན་ཏིལ་ལ་ཏིལ་མར་ཡལ་མེད་སིམ། །

མྱ་ངམ་ཐང་ན་སྐོམ་གདུང་ཚ་བས་རབ་ཏུ་མནར་བའི་སྐྱེ་བོ་ཡིས། །

འཁྱགས་སྒམ་ནང་གི་སྦུ་སིབ་ཁུ་ནག་ཧུབ་ཀྱིས་བཏུང་བའི་ཞིམ་མངར་ལྟར། །

འཚེ་མེད་ཞི་བའི་ཁོང་ནས་མཆེད་པའི་ཤེས་རབ་འོ་མའི་རྒྱུན་བཟང་འདི། །

འཁྲུག་རྩོད་མེ་རི་གང་སར་འབར་བའི་དེང་གི་དུས་འདིར་ཅི་འདྲའི་མངར། །

གོ་ལ་ཧྲིལ་པོ་ཚ་དྲོད་འབར་ཞིང་ལྷོ་བྱང་སྣེ་ཡི་འཁྱགས་རོམ་བཞུར། །

དོག་མོ་ས་གཞི་ཡང་ཡང་འགུལ་ཞིང་མི་གཞིའི་སྒྲོམ་གཞི་རྨང་ནས་ཞིག ། 

མཛའ་བརྩེའི་སྐྱེ་རྒྱུན་ཟོར་བས་གཅོད་བཞིན་ངོ་ཚ་ཞེ་ཁྲེལ་ཆུ་ལ་བསྐྱུར། །

ཁ་བའི་བུ་ཡིས་ཕ་ནོར་མ་ཟིན་རྣམ་གཡེང་བུ་རུལ་ལང་པ་གང་། །

ཀྱེ་མ་འདི་འདྲའི་སྨྱོ་གར་བདོ་བའི་ཉེར་གཅིག་དུས་ཀྱི་འཇིག་རྟེན་ནས། །

དྲིན་ཅན་མེས་པོའི་འཛད་མེད་བཀའ་དྲིན་དྲན་པའི་ཀློང་ན་འཆར་བའི་མོད། །

སྤོབས་པའི་མགོ་བོ་མཐོན་པོ་བཀྱག་ཀྱང་འཁྲེང་སེམས་དངན་པ་དབང་མེད་ཤོར། །

དམར་པོའི་སྙིང་ཁ་ཟུག་གིས་གཙེས་ལ་མཆི་མའི་ཐིགས་ཕྲེང་རྫོགས་མཐའ་མེད། །

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་ཕ་ཡུལ་དང་ངའི་མེས་པོ།

2015-11-08 ཁེར་འགྲོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།