གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཀྱི་མཆོད་བསྟོད།

2016-01-15 16:45:38 གངས་སྨྱུག ཀློག་གྲངས། མཆན ཡོད།

                                           ----------ཚན་རིག་པ་རྣམས་ལ་ཕུལ་བ། 

གོ་ལའི་གསང་བ་སྙན་གྱི་ཡུར་བུ་རུ །།
རིང་བོར་བཞུར་ཏེ་བཤད་པ་སྣ་ཚོགས་ལ།།
ཡུལ་ཅན་སྙིང་དུ་སྨག་གི་དཔུང་འཁྲིགས་པར།།
ཚོད་ལྟའི་དོན་གཉེར་བྱ་བས་སྐྱ་རེངས་བསུས།།
སྒྲོས་ཙམ་ཡིད་ཀྱི་མཆོད་སྟེགས་ལ་འཇོག་ཅིང་།།
འོལ་སྤྱི་བུ་གར་བུས་པའི་བློ་ཚོད་ཀྱིས།།
སྨྲ་བའི་ངལ་ཁུར་འཛིན་པའི་ཚོགས་དག་ལ།།
ལོ་ཟླའི་མུན་འཐོམས་སྒོ་ཆེན་ཡངས་པོར་ཕྱེས།།
རྡུལ་རྫས་ཕྲ་རགས་གྲོགས་སུ་སྦྱར་བ་ལས།།
དབྱིབས་དང་མདོག་སོགས་སྔོན་མེད་ཕོ་བྲང་བརྩིགས།།
རྗེས་དཔག་སྤྱི་བོར་འདེགས་པའི་ཆོ་ག་མཁན།།
མནོ་བསམ་དབའ་ཀློང་མཐིལ་དུ་ཉེ་བར་བཙུད།།
རྡུལ་ཕྲན་ཕྱོགས་དང་ཕྱོགས་ཀྱི་ཆ་མེད་སོགས།།
དལ་གྱིས་འགུལ་བའི་རིས་ལ་མངོན་གཟིགས་ཏེ།།
གཟུ་བོ་བློ་ཡིས་དག་པར་བཀོད་པ་ཡིས།།
བློ་ལྡན་སྙིང་ལ་དཀྱིལ་འཁོར་ཅི་ཡང་བྲིས།།
འཕེལ་རྒྱས་སྲོག་ཤིང་ལྟ་བ་ཆུ་གཉེར་བཞིན།།
སྙིང་གི་མགུལ་བར་དམ་དུ་དཀྲིས་པའི་མཐུས།།
ཉིན་ཞག་རེས་མོས་གསེར་གྱི་འཁོར་ལོ་ལས།།
གསར་གཏོད་འབྲས་བཟང་མིག་གི་དཔྱིད་དུ་བསྟབས།།
གདོད་མར་ས་སྒང་གོམ་པའི་འགྲོས་ཀྱིས་ནི།།
ལོ་དང་ཟླ་བར་བསྐལ་བའི་གནས་དེ་རུ།།
ཇ་ཡུན་ཙམ་ལ་བདེ་བར་འབྱོར་བྱེད་པ།།
གང་གི་བླ་མེད་དགོངས་པའི་ཁྱད་ནོར་ཡིན།།
ཐོས་བསམ་འདུན་མར་བརྐོས་པའི་གཞིས་བྱེས་སུ།།
དོན་གཉིས་ཞུ་འཕྲིན་བང་ཆེན་རང་སྒྲ་མཆོག།
དབང་ལྔའི་རྒྱལ་བོར་སྐྱེས་སུ་རིང་མོད་ཀྱང་།།
དེང་འདིར་ཉི་ཟླའི་འོད་ཟེར་འགྲོས་ཀྱིས་སྐྱོང་།།
སྔན་གྱི་དང་པོར་ན་ཚའི་བྲང་འགྲོ་ཡིས།།
འབྱུང་བཞིའི་བདེ་བའི་རྨི་ལམ་གཅོག་སྐབས་སུ།།
མྱུར་སྐྱོབ་རེ་སྒུག་ཐལ་དཀར་གོམ་སྟབས་ལ།།
ད་ནི་གཉིད་ཐེབས་བཅག་པའི་ཡུན་གྱིས་འཐུས།།
བགྲང་བྱ་དུ་མ་བརྩེགས་པའི་གོང་རོལ་དུ།།
འཛིན་མའི་ཡང་རྩེར་བསྐྱོད་པའི་ཁབ་དག་གི།
གྲགས་པའི་དབྱར་རྔ་སྙན་གྱི་མགྲོན་པོ་ཙམ།།
ད་ཆ་དྲ་གྲངས་ཙམ་གྱིས་འཇིག་རྟེན་སྦྲེལ།།
རི་བོང་ཅན་ཞེས་ཟླ་བའི་ལྷ་མོ་ལ།།
སྣང་ངོའི་དབྱིབས་དང་ཁ་དོག་འབའ་ཞིག་ལས།།
མངོན་བརྗོད་རླབས་ཀྱི་ཟེགས་མ་མཁའ་ལ་འཕྱོ།།
དེང་འདིར་མཁའ་བསྐྱོད་ཞབས་རྗེས་རིས་སུ་ཕབ།།
ཆུར་གནས་སྡིག་ཅན་མཆེ་བ་འཐབ་པའི་སྒྲ།
སེམས་ཀྱི་ཚོགས་ལ་གཤེད་དུ་ལྷུང་མོད་ཀྱང་།།
ཆུ་གཏེར་མ་མའི་མངལ་སྒོར་གསང་བའི་གྲོས།།
དོན་ཆེན་སྐོང་བའི་ཤེལ་གྱི་ཚོམས་ཆེན་བཞེངས།།
གཞོན་དུས་བཤེས་གཉེན་དམ་པའི་འཆད་བྱའི་དོན།།
ཇི་བཞིན་ངེས་སླད་རི་མོར་འབྲེལ་བྱེད་པ།།
ཐབས་མཆོག་བློ་ཡི་ཁང་བར་བསྙལ་ན་ཡང་།།
སྐུད་ལམ་སློབ་ཚན་གཟུགས་དང་སྒྲ་ཡང་འཛོམས།།
གཤིན་པོའི་ཞིང་གི་ལོ་ཏོག་རྨོ་འདེབས་བཅས།།
མི་ཕྱུགས་དོར་དུ་བསྡེབས་པའི་སྐུ་ཚེགས་ལ།།
འཕྲུལ་གྱི་འཁོར་ལོ་ལན་གཅིག་བསྐོར་བས་ཀྱང་།།
ལུས་སེམས་གཏན་དུ་བདེ་བའི་ཀུ་ཡངས་ཐོབ།།
ནོར་ལུག་རྒྱ་མཚོའི་རྦ་རླབས་མཆེད་པའི་ཞིང་།།
མར་ཕྱུར་མཐོང་ལམ་འགོག་པའི་རྩྭ་ཡི་ཐང་།།
བཞོ་བསྲུབས་རྔུལ་ཆུ་ཡུར་དུ་འདྲེན་ནའང་།།
ཐབས་འཕྲུལ་ངོ་མཚར་ཆས་ཀྱིས་སྐྱིད་གླུ་དྲངས།
གཞིས་ཀའི་ཁྱོན་དང་བཟོ་བཀོད་འཛུགས་སྐྲུན་ཀུན།།
མཐོ་ཞིང་བརྗིད་ཆགས་བློ་ལས་འགོངས་པ་དང་།།
ཕུན་ཚོགས་ཉམས་དགའི་གནས་ལ་འགོད་བྱེད་མཁན།།
ཚན་རིག་མཁན་པོའི་བྱེད་པ་ཨེ་མ་རྨད།།
སྣ་ཚོགས་ཚོང་ར་བསྐོར་བའི་ངལ་བའམ།།
འགྲོ་བའི་གྲོན་དེ་ཅུང་ཟད་བསྟུངས་བའི་དོན།།
དྲ་སྐུད་གདམ་ངའི་ལས་ལ་ཞུགས་པའི་ཚེ།།
མཁོ་དགུའི་ཅ་དངོས་སྒོ་དྲུང་བདེ་བར་འབྱོར།།
མདོར་ན་མཐོ་བ་གནམ་གྱི་འཕུར་གྲུ་དང་།།
དམའ་བ་ས་ཡི་འཕྲུལ་གྱི་འཁོར་ལོའམ།།
མཚོ་ཡི་སྙིང་ཁར་བསྐྱོད་པའི་གཟིངས་ཆེན་སོགས།།
འགྲོ་བ་མི་ལ་བཞག་པའི་ལེགས་སྐྱེས་ཡིན།།
རྩོམ་འདིའི་ཚིགས་སུ་བཅད་པའི་མཚམས་རེ་ནི།།
སྐྱེས་བུ་གཅིག་གི་རྣམ་ཐར་རྟོགས་བརྗོད་བཞིན།།
རྩོམ་པའི་གོ་རིམ་ཇི་བཞིན་མི་ལྡན་ཡང་།།
གང་གི་མཛད་རྗེས་ཐོལ་གྱིས་དྲན་པས་བྲིས།།
གཞན་དྲིང་མི་འཇོག་བཞེད་དགོངས་སྙིང་བོའི་བཅུད།།
ལག་ལེན་ཚོད་ལྟས་ཡང་དང་ཡང་དང་ནི།།
སྲོག་གི་ཕུང་པོ་རྡུལ་དུ་བརླགས་ན་ཡང་།།
དམ་བཅའ་མི་འགྱུར་ཁྱེད་ལ་གུས་པས་འདུད།།
ལ་ལས་ས་ཡི་གོ་ལ་ཆེན་པོ་འདི།།
མཐའ་མར་ཚན་རིག་མཁན་པོས་བརླག་གོ་ཞེས།།
བདེན་པའི་གཏམ་ཚོགས་ཡིན་བསམ་སྨྲས་ན་ཡང་།།
འཚོ་བ་དེང་རབས་ཅན་དུ་སུ་ཡིས་བསྒྱུར།།
འདས་སོང་ལོ་ཟླའི་ཉིན་མཚན་དཀའ་སྡུག་རྣམས།།
སྐྱེན་པོར་སེལ་ཞིང་དུས་ཐུང་ཡུན་ཙམ་ལ།།
ལས་ཆོད་བྱེ་མར་སྤུངས་ཏེ་སྤྱི་ཡི་ཚོགས།།
འཕེལ་རྒྱས་བྱ་ལྟར་བསྒྱུར་ཁྱེད་སྙིང་ནས་འདུད།།
འདུད་པ་ཙམ་གྱིས་དོན་ཆེན་མི་འགྲུབ་པས།།
གངས་རིའི་ལྗོངས་ཞེས་སྙན་པ་སྲིད་མཐའ་རུ།།
རིང་ནས་བརྐྱངས་པའི་ན་གཞོན་གྲུང་པོ་ཚོ།།
ཚན་རིག་ཤེས་བྱའི་གསེར་སྙེ་འཐུ་བར་གཞོལ།།

 

                                                                                  རྩོམ་སྒྲིག་པ། སྐྱ་བོ།

            

                                                                                (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།