གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞེད་སྣང་དང་བཟོ་ལྟ།༼ ཞར་བཀོད་གཅིག་ཡོད ༽

2016-01-30 11:39:26 རྣོ།༼ བླ་རུང ༽ ཀློག་གྲངས། མཆན ཡོད།

IMG_1162.JPG

འཁོར་འདས་གཉིས་ཀྱི་གྱེས་མཚམས་ཤིག་ན་ཞེད་སྣང་བྲིས་པའི་བཟོ་ལྟ་ལ།།
མཐའ་གཉིས་ཕྱོགས་ཀྱི་ཁུད་དུ་ལུས་པའི་འཛིན་པ་བརྒྱད་ཅུའི་མལ་སྟན་ཞིག  
བདག་དོན་མ་རྙེད་སྲིད་པར་ཆགས་པའི་སྐྱེ་བ་གྲངས་མེད་སྒྲིབ་ཀྱིས་བཞེས།། 
མི་རྟག་ཚེར་མས་ཤེད་ཀྱིས་གཙེས་པའི་མར་མེའི་དབུགས་རིང་ངང་གིས་ཆད།། 

རྟེན་འབྲེལ་འཁོར་ལོ་རྒྱབ་ཏུ་ཁུར་བའི་འཇིག་རྟེན་ཁྲོད་ཀྱི་བགྲེས་པོ་ལ་།
སྲིད་པ་འདི་བཟུང་སྲིད་པ་བརྒྱུད་པའི་སྡིག་གཉིས་དུག་གིས་མནར་གཅོད་ཅིག   
འཁྲུལ་སྣང་རྩ་བའི་དུག་མཚོན་ནག་པོ་མ་རིག་དཔོན་གྱི་དབང་དུ་འདྲེས།། 
ཞེ་སྡང་མེ་ལྕེ་རབ་ཏུ་འཕྱུར་ཞིང་སྙིང་རྗེའི་དར་དཀར་ཤིན་ཏུ་བསྲེགས།། 

ཟག་བཅས་བདེ་བའི་བསིལ་བ་འཇམ་ཞིང་དཔྱིད་དཔལ་རྒྱས་པའི་མེ་ཏོག་བཞད།། 
སེམས་ཉིད་ཞི་བས་ཆར་བ་ཕབས་ཤིང་ས་དྲོད་གདོང་ལ་རྩི་ཤིང་རྨོས།། 
རྡུལ་ཕྲན་བརྩེགས་པའི་ས་ལྒང་འདི་ན་བདག་གཞན་དབྱེ་བའི་དངན་པ་རིང་།། 
ཉོན་མོངས་ཚོཊ་ཀྱིས་མནར་གཅོད་བྱས་པའི་སྐྱེ་བོའི་རིགས་རྣམས་འཁྲུལ་བས་གཟེར།། 

འབྱུང་བཞིའི་གྲུབ་ལ་དུས་གསུམ་བསྐྱལ་བའི་རྟ་མཆོག་རྒོད་པོའི་རྣམ་ཤེས་ཤིག  
སེམས་ཀྱི་རྟོག་པ་ལྔ་བཅུའི་འཕྲུལ་ལ་བར་མེད་འགྱུ་བའི་སྐད་ཅིག་བརྒྱ།། 
འདི་ནས་ཕ་རོལ་ཕ་རོལ་འགྲིམ་པའི་ལས་བསྐལ་སྐྱུར་མོའི་དགུན་ཀ་ནི།། 
ཙག་རླུང་སྡེབ་པའི་འཁོར་འདས་ཟུང་གི་མངལ་དུ་གནས་ཤིང་བྲག་ཁར་འབྱར།། 

འགྲོ་དྲུག་གདོང་གི་དཀའ་ངལ་གསོ་བའི་ངེས་འབྱུང་སེམས་ཀྱི་དཔྱོད་ཤེས་ལ།། 
ཐར་བའི་དགེ་མཚན་ལེགས་པར་བསྒྲུབ་པའི་རིགས་པ་འབུམ་གྱི་ལབ་རྡོལ་ཞིག
གླེགས་བམ་ཁུར་བའི་དྲང་སྲོང་ཁྱེད་ཀྱིས་ངག་ནས་འཁྲིད་པའི་བདེན་པ་ཉིད།།
ལམ་ཕྲན་རུབ་པའི་གདོང་ཁེབ་ཕྱེ་བའི་འཕྲུལ་འཁོར་དྲུག་གི་ཟུང་འཇུག་གོ །།

                                                         2016/1/27

                              མཚན་ཐུན།

ཁ་བ་རུབ་པའི་སྐྱ་རེངས་དང་པོ་དགུན་སྟོད་ཅིག་གི་ལག་ཟུང་ན།། 
ངོ་འབག་གྱོན་པའི་ཙག་རླུང་གཤའ་མས་ཁང་མིག་གྲུ་བཞིའི་གསང་ནས་གཙེས།། 
ཐབ་ཚང་གཡར་མའི་འཁོར་བ་ཆུང་ཆུང་བསླུ་བྲིད་བུ་མོས་འཛུམ་གྱིས་ཁྲིད།། 
གླེགས་བམ་འཁྱོལ་བའི་གཞོན་ནུའི་སེམས་པ་གྲང་གིས་བཟི་སྟེ་འདར་སིག་བྱས།། 

ངེས་འབྱུང་སྐྱེས་པའི་ས་དྲོད་ཅིག་ལ་འཁོར་བ་ལྡོག་པའི་དཔུང་ཚོགས་ཤིག
སྙིང་རྗེ་ཆར་ཀྱིས་ཐབས་ཤེས་གསོས་ཤིང་བདེན་པ་འཚོལ་པའི་གྲུ་གཟིངས་རྙེད།། 
རིགས་དྲུག་ལས་སྐལ་རྫོགས་མཐའ་ཐུག་པའི་སྐྱེ་པོ་ཚོགས་ལ་རིག་པ་འཕེལ།། 
དཀར་འོད་མཆེད་པའི་ཡུལ་གྲུ་ཞིག་ནས་དྲང་སྲོང་བཞད་པའི་ཆོས་སྒྲ་སྒྲོག

བདག་གཞན་མཉམ་ཞིང་བདག་ཉིད་ངེས་པའི་རི་བོ་ལྟ་བའི་རྟུལ་ཕོད་ཅིག  
རྟེན་འབྲེལ་རྟོགས་ཤིང་ལས་འབྲས་ངེས་པའི་ཤཱཀྱའི་རྗེས་ཀྱི་གཞོན་རབས་པ།། 
ཆགས་པའི་གཟུགས་རིས་རྒྱང་དུ་དོར་བའི་སྒྲ་དང་དབྱངས་ཀྱི་སྟོབས་ཤུགས་ཉིད།། 
སྡང་བའི་དུག་ལྕེའི་རྩ་བ་གཅོད་ཅིང་རྟོག་པའི་འཁྲུལ་བ་རང་སར་ཞི།།  

སྒྱུ་མའི་འཕྲུལ་གྱི་རླུང་དང་མེ་ལྕེ་ཤེས་རབ་རིག་པས་འུབས་སུ་ཆུད།། 
ཐབས་ཀྱིས་བྲིས་པའི་སྤྲིན་ཕུང་དཀར་པོ་ནམ་མཁའི་དབྱིངས་སུ་བརྗིད་པར་འགྱིང་།། 
མཉམ་བཞག་སེམས་ཀྱི་ཞི་བ་སྙེག་ཚུལ་དོན་དམ་བདེན་པའི་གཤིས་སུ་འཁྲུངས།། 
ཕྱོགས་ལྷུང་ངན་པའི་རང་ལྟའི་དུག་ལ་འཛིན་མེད་ཁྱུང་ཆེན་དབང་གིས་རྒྱལ།། 

མཐའ་གཉིས་སེལ་བའི་གཤོག་ཟུང་རིག་པ་རྒྱལ་ཁབ་སྐོར་བའི་བང་ཆེན་ཞིག
བདུད་བཞིའི་རྒྱལ་ལ་དཔུང་འཇུག་བྱས་པའི་རང་དབང་དགའ་བདེའི་རྩེད་འཇོ་རོལ།། 
རྨོངས་པ་སང་བའི་སྐྱ་རེངས་དང་པོ་རྨད་བྱུང་ཉི་ཟླའི་འོད་ཚོམ་མཛེས།། 
སྙིང་ནས་བཙས་པའི་ཐ་སྙད་འདི་དག་སྲིད་པ་སྤྲུགས་པའི་མཚོན་ཆ་ལགས།། 

                                                    2016/1/28


                                                                                      རྩོམ་སྒྲིག་པ། དབང་མོ།

            

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)




རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།