གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མདའ་མེ་ལྕེའི་སྙན་ངག་ཁག་གསུམ།

2016-02-23 18:13:46 མདའ་མེ་ལྕེ། ཀློག་གྲངས། མཆན ཡོད།


                           མང་།

གདུག་སེམས་སྙིང་ཆུ་མིག་མཐའི་ཀོང་བུར་བསྐྱིལ།།
མིག་གི་མདའ་རྩེ་འགྲམ་གྱི་མི་ལ་གཟས།།
མིག་སྔའི་དགྲ་ལ་སྤར་མོ་མ་རྩེབས་སྔོན།།
ཉེ་བའི་གཉེན་ལ་སོ་འབྲད་བྱེད་མཁན་མང་།།

ཕྲག་དོག་དབུགས་རླུང་རོ་ཡི་སྟོད་ལ་འཚངས།།
གློ་བའི་ན་ཟུག་ཁ་ཡི་ཆུ་ལ་འདྲེས།།
ཀ་ཁའི་སྦྱོར་ཀློག་ངག་ལ་མ་བྱང་གོང་།།
མཁས་པའི་ཞལ་ལ་མཆིལ་མ་འདེབས་པ་མང་།།

ལོག་ལྟའི་དུག་རོ་སྙིང་གི་ཤ་ལ་འགོས།།
སྙིང་གི་རྐང་ཤད་ལྕེ་ཡི་སྣེ་ལ་ཕོག།
ནང་བསྟན་རྒྱུན་ཤེས་བློ་ལ་མ་འཇགས་སྔོན།།
ཀླུ་ཐོགས་འཁྲུལ་བར་གླེང་བའི་བྱིས་པ་མང་།།

འདོད་ཆགས་མེ་རླབས་ཕུང་བོའི་སྨད་ལ་མཆེད།།
སྨད་ཀྱི་ཟ་འཕྲུག་ཀླད་པའི་མཐིལ་ལ་ལངས།།
སྣ་སྒོའི་མི་གཙང་ཉ་ར་མ་ཐུབ་སྔོན།།
འཁྲིག་ཚིག་དམར་བོའི་ལྷུ་ཁ་སྒྲིག་མཁན་མང་།།

གཏི་མུག་དུ་ཞག་བློ་ཡི་ར་ལ་འཐིབས།།
བློ་ཡི་ངོས་ལ་དྲེག་པ་སྔོ་ནག་ཆགས།
རང་གི་ཤ་མདངས་དཀར་ནག་མ་ཤེས་གོང་།།
མི་གཞིའི་རྩོད་ཉོག་ཤེད་ཀྱིས་རྒྱག་པ་མང་།།

ཞེ་སྡང་རྐང་མར་རུས་པའི་སྦུབས་ལ་འཚངས།།
རུས་པའི་སྲུབས་ནས་ལུས་ཀྱི་ཕྱི་ནང་སྦགས།།
ཤ་ཁྲག་འབྲེལ་བའི་བདུན་རྒྱུད་མ་ཆད་སྔོན།།
ནང་དམེའི་གྲི་འགོ་རང་ལ་བསྐོར་བ་མང་།།

སྙིགས་མའི་རྟགས་མཚན་དུས་ཀྱི་གདོང་ལ་བབས།།
དུས་ཀྱི་གདུག་རྩུབ་མི་ཡི་གཤིས་ལ་གྲུབ།།
མ་ལོའི་རྔུལ་ཆུ་བཞུར་ཤུལ་མ་སྐམ་གོང་།།
བས་མཐའི་ཁང་ཆག་སྒོ་ལ་བསྐྱལ་བ་མང་།།

དཔལ་འབྱོར་མིག་འཕྲུལ་འགྲོ་བའི་ཁམས་ལ་ཟུག།
ཁམས་ཀྱི་དུངས་ཁ་རྒྱལ་དང་ཤོ་ལ་ཕྱོགས།།
ཕ་ལོའི་ལག་པའི་སེར་ཁ་མ་སོས་སྔོན།།
བུ་ལོན་སྟོན་མོ་གཉིས་གསུམ་བཤམས་པ་མང་།།

                              ༢༠༡༥/༡/༡༢ཉིན་གུང་ལ་བྲིས།  

                           ཆོས་གྲྭ།

བདེན་འཛིན་རྡུལ་གྱིས་མནན་པ་ཡི།།
ཆོས་ཉིད་གདོད་ནས་འོད་གསལ་བ།།
རིགས་པའི་གསང་ཚིག་རེ་རེ་ཡིས།།
ཚངས་པ་རྒན་པོའི་ཐིག་ལ་བཞག།

བདེན་པ་བཞི་ཡི་རས་གཞི་ལ།།
ཀུན་བྱང་ཟུང་རེ་ཚན་པར་བྲིས།།
འཇུག་དང་ལྡོག་པའི་ས་མཚམས་སུ།།
དབུ་མར་གནས་པའི་བརྡ་རྟགས་བཀོད།།

བདེན་གཉིས་ངོ་བོ་རྟོགས་པའི་རིམ།།
རྟག་ཆད་མཐའ་ཉེན་འགོག་སྟངས་སོགས།།
འཇིགས་མེད་རིག་པའི་སྒྱུ་རྩལ་གྱིས།།
ཀླུ་ཐོགས་དགོངས་པ་ཡངས་པོར་བྱས།།

རྟོག་པའི་ཚིག་དོན་ཟུང་བཞི་ཡིས།།
གནས་གསུམ་འཁྲུལ་བ་རྦད་དེ་བཅད།།
སྡེ་བདུན་མདོ་བཅས་གཞུ་ཡི་རྒྱུད།།
ཐལ་ཕྱིར་རིགས་པའི་ཤེད་ཀྱིས་བདུངས།།

འབྲས་བུ་སྐུ་བཞིའི་ལམ་རྒྱགས་སམ།།
ཐམས་ཅད་མཁྱེན་པའི་དངོས་རྒྱུ་རུ།།
ཁྱད་ཆོས་བཅུ་དྲུག་སྟོང་ཉིད་ལྟ།།
རིགས་པའི་རྣམ་གྲངས་མང་པོས་བཙལ།།

དམ་པའི་དོན་དུ་མ་གྲུབ་ཀྱང་།།
བྱ་བྱེད་འགལ་བ་མེད་པ་སོགས།།
ཡང་དག་རིགས་པའི་ལྕགས་ཀྱུ་ཡིས།།
ཐལ་རང་གཞུང་གི་སྦུབས་ནས་བྲུས།།

ཐུབ་བསྟན་རྣམ་སད་གངྒཱ་མ།།
རྣམ་དཔྱོད་ཡུར་བར་འདྲེན་པ་ཡི།།
བསྟན་འཛིན་དབུ་ཟླུམ་རིག་སྨྲའི་དཔུང་།།
ཚེ་རབས་གཏན་གྱི་དཔུང་ཡར་ཤོག། 

                            2015/1/11ཉིན་བྲིས།

                          སྒོ་ཆེན་ཆག་པའི་འཇིག་རྟེན།

ཉི་མའི་རྐང་བ་འཐེང་བའི་བར་གླེགས་ནས།།
ཟླ་བ་ནག་པོས་རྒྱུ་སྐར་ཁྱུར་མིད་རྒྱག།
ཕྱི་ནང་མུན་པས་གཅུད་པའི་འཇིག་རྟེན་འདི།།
སྙན་ངག་གཤའ་མ་ཞིག་གིས་ཟས་ལ་འདྲེན།།

འཚོ་བའི་གློ་ལ་འབྱར་བའི་གཡེར་མའི་ཁུ།།
དྲན་པ་སྨྱོན་མས་ཧོབ་འཐུང་བྱེད་སྟངས་ལ།།
བདེན་པའི་ཀློང་ན་དམུལ་བའི་དྲང་སྲོང་ཚོགས།།
ཐུགས་ཀྱི་ན་གཟེར་མཆིལ་མའི་ཕྲེང་གིས་གཏོང་།།

འབྱུང་བ་ཁུར་བའི་གསེར་གྱི་འགྲམ་རྐྱོང་འདིའི།།
ཡན་ལག་བྲེགས་པས་འགྲེ་ལྡོག་ཤེད་ཀྱིས་རྒྱག།
ས་རྡོས་ཕྱི་ཤུན་འཐག་པའི་རྣམ་ཤེས་ཁྱུ།།
འཛམ་གླིང་ཤར་ནུབ་ཀུན་ན་གཅེར་བུར་རྒྱུ།།

རིགས་པས་གཤགས་བཅོས་ཚར་བའི་ཡིག་ཚགས་དག།
ལྟར་སྣང་སྨྱུ་གུས་གོ་རར་དེད་ན་ཡང་།།
མིག་གིས་ཕོར་ཁ་སྲུང་བའི་སྤྲེའུ་གདོང་ཚོ།།
ཁ་བཤད་སྐམ་པོའི་ནགས་ན་བསོར་ནས་གདའ།།

ཆང་ཕོར་ཁ་ན་འགུལ་བའི་ལ་རྒྱའི་གཏམ།།
རྒྱུད་སྐུད་ཕྲ་མོའི་གདངས་ལ་ལྷུང་བའི་ཚེ།།
ཆུ་ནང་ཅལ་གྱིས་དཀྲོགས་པའི་རྐང་གཉིས་པས།།
ངེས་མེད་སྟོང་བའི་ཁམས་ལ་ལག་པ་བརྡབས།།

གསུས་པ་ལྷག་མ་དྲུད་པའི་མཆེ་བར་དུ།།
ལས་འབྲས་བདེན་ལུགས་མགྲིན་པ་ཤོར་བ་ཡིས།།
སྒོ་ཆེན་ཧྲུག་གེ་ཐོར་བའི་འཇིག་རྟེན་འདི།།
མཚན་མོ་རྐྱང་རྐྱང་ཞིག་གིས་ཡོངས་སུ་བལྡད།།

ཕྱོགས་ལྷུང་དར་འབོལ་བརྩེགས་པའི་ཁྲི་ཁ་ནས།།
སྒྲོ་བཏགས་ཡོན་ཏན་རམས་ཀྱིས་མདངས་བསྒྱུར་བའི།།
སྙིགས་དུས་བླ་དཔོན་ཁྱིམ་པའི་འཚོ་ཚིས་ཅན།།
ཐུབ་བསྟན་ས་མཆོག་གཤགས་པའི་སྟ་རེར་འགྱིང་།།

ནུབ་ཀྱི་དྲིལ་ལྕེ་བྱིས་པའི་ལག་ཤེད་ཀྱིས།།
ཡང་ཡང་བསྒུལ་བས་བོད་པའི་ལྷིང་འཇགས་བདས།།
དབྱངས་ཅན་ཕྱག་ན་གཉིད་པའི་སྒྲ་སྙན་ཡང་།།
དུས་ཀྱི་མཚམས་རེར་དཀྲོལ་ན་ཆོག་པ་ལ།།

ཨ་ཕའི་གནའ་གཏམ་ཤི་བའི་དུར་ས་ནས།།
མ་ལོའི་བཞོ་ཟེའུ་བོར་བའི་གཏམ་རྒྱུད་བྱུང་།།
གྱོང་གུད་གནམ་ནས་འབབ་པའི་ལོ་རབས་འདི།།
མིག་ལྗང་ལྟ་བའི་མངལ་ནས་བཙས་པ་འདྲ།།

ཕྱི་སྒོ་ཞིག་པའི་འཚོ་བའི་དྲན་སྣང་རེ།།
ཨཱ་ལི་ཀ་ལིའི་ཕྲེང་ལ་བསྟར་བའི་རིས།།
ནག་ཟླའི་དྷཱི་སྐད་བཞག་པའི་བར་འཚམས་ནས།།
དགེ་སྦྱོང་མགོ་སེ་ཞིག་གིས་ཤར་མར་བྲིས།།
  
                               2015...3...18ཉིན། 

                                              རྩོམ་སྒྲིག་འགན་ཁུར་བ། སྐྱ་བོ། 


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།