གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཞི་མདོ་ཁ།

2016-03-09 18:53:56 གདོང་དར་རྒྱས།༼ པེ་ཅིང ༽ ཀློག་གྲངས། མཆན ཡོད།


དལ་འབྱོར་བདེ་འགྲོ་སྐྱེས་བའི་མི་ཚེ་རྒྱ་ལམ་པ་ཏྲ་བཞི་མདོ་ཁར།།
ཁོ་བོ་མདུན་ཕྱོགས་གློག་དམར་ལྟེ་ཁྲག་བརྡ་རྟགས་ཅི་འདྲའི་གསལ་ན་ཡང་།།
རླངས་འཁོར་སྐོར་ལོག་མིག་ཟུང་བགྲད་ཅིང་ཤར་གཏོང་བྱས་པའི་བར་གླགས་རེད།།
ཕྱག་ན་ཁ་པར་མགོ་སྒུར་འཁྱར་འཁྱོར་བྲན་ཡིན་ལགས་སོ་ཞུ་ལ་འཚང་།།         
གློ་བུར་བདག་ཡིད་དགྲ་འམ་ཅི་ཞིག་མཚོ་པད་འདར་བ་བསྙོན་དུ་མེད།།

སྤྲིན་དཀར་གཞོན་ནུ་མི་འགྲོ་བརྟུལ་ཞུགས་མཁའ་ནས་ལྐོག་ལྟ་སྡང་མིག་འཕེན།།
སྐེད་མེད་གྲོག་མ་ཚ་ཚ་འུར་འུར་རང་གི་གྲོག་མཁར་བཞེངས་ལ་རེམ།།
རྒན་པ་མགོ་དཀར་ཆུང་བ་སོར་དཀར་ལམ་མདོ་ཕྲ་མོར་ཐགས་འཐག་བཞིན།།
དགུང་སྙེག་ཁང་ཆེན་གུ་ཡངས་མེད་པར་སྟག་མོ་གདོང་མཆོངས་ཁེར་འཛིན་ཚུགས།།
ལྗོན་ཤིང་སྣ་ཚོགས་ཕྱི་ལྡོག་མེད་པའི་དམག་དཔུང་ཇི་བཞིན་གྲལ་བསྟར་སྒྲིག།
ང་རང་ཕྱི་མིག་འགྲམ་ཆུ་འཛག་ཅིང་རྒྱབ་ཏུ་ཅི་བསྙེག་ཉན་སྒུག་རྩོམ།།

དེ་ཕོའི་སྒྲ་འཇགས་ཁྱིམ་འཛིན་བདག་མོས་དཀར་ཁུང་ཕྱེ་ནས་ཉི་གཞོན་བསུ།།
རྩལ་བྱུང་མེ་ཏོག་ལམ་ངོགས་བར་འཁྱམས་ཡི་ག་གནས་སུ་ཟུམ་མ་ཟུམ།།
བཞི་མདོ་ཁ་རུ་ནམ་རྒྱུན་མ་འདྲའི་འཕྲུལ་ཆས་དུད་འགྲོས་རྡོག་རྫིས་མཐོང་།།
ད་ནི་ཅི་བྱེད་བག་མེད་སྤྲང་པོས་མི་ཚོགས་ཚམ་ཚོམ་གཡམ་རྒྱུག་བྲེལ།།
ང་ཡང་གཡས་གཡོན་སྲུབས་ཀར་ཁུང་འཛུལ་ལྟད་མོ་ཅི་ཞིག་ཨེ་འབུད་སྙམ།།

ཇི་སྲིད་སོ་སྐྱེས་སྤྲོ་ཚོགས་ཇི་སྙེད་འདུ་འགོད་ཟིང་པའི་མདོ་ཁ་རུར།།
ཨ་མཆོད་ཚུལ་ཁྲིམས་ལས་ངན་རྐྱེན་ངན་བར་ཆད་སེལ་ཆེད་འདིར་གར་ཕེབས།།
ཨ་ཁུ་ལྷ་རྗེ་ཚན་རྩལ་ལག་ཆ་འབལ་འབོལ་ཁྱེར་ནས་ལམ་སེང་སླེབས།།
དེར་གསུང་མི་ནག་འཀྲུམ་མདའ་གློག་ཆས་སེ་རལ་ཁ་ཁུར་གློད་དུ་གཡེང་།།
ང་ཡི་རྒྱབ་ཕྱོགས་ད་དུང་སུ་ཞིག་ཐོན་ལ་ཉེ་བ་ཨེ་འབྱོར་སྙམ།།

ཁ་ཆར་འདྲེས་མས་སྣུམ་གེར་རླན་པའི་ལམ་མདོ་རྒྱ་གྲམ་ཁུར་སིམ་གནས།།
དཀར་དམར་འདབ་མའི་ཚེ་སྲོག་དྭངས་མ་ལམ་མདོ་འདི་ན་བདེ་འམ་ཅི།།
དཀར་ནག་དབྱེ་འབྱེད་གདམ་ག་གསལ་མོ་མདུན་ལམ་འདི་ཡིས་སྟོན་ནམ་ཅི།།
བདེ་སྐྱིད་རྟེན་འབྲེལ་ཉི་ཟླ་ཟུང་ཅིག་མདོ་ཁ་འདིར་ནས་ཤར་རམ་ཅི།།
དལ་འབྱོར་རྒྱུ་དང་བདེ་འགྲོའི་འབྲས་ཙམ་དངོས་སུ་བཞི་མདོར་རྙེད་དམ་ཅི།།

གནའ་དེང་རིག་པའི་སྐར་ཚོགས་གྲངས་མེད་གསར་རྙིང་ལེགས་ཉེས་བཞི་མདོར་བསྲེས།།
ཕྱི་ནང་གསལ་བའི་ལྟ་གྲུབ་དུ་མ་ཆར་རྗེས་ཤ་མོ་མདོ་ཁར་བརྡོལ།།
སྣ་དགུ་འཛོམས་པའི་བཞི་མདོ་འདི་ནར་རང་གཞན་གང་ཡིན་འཕྱང་མོ་ཉུག།
ང་རང་དེ་གར་ཅི་ཞིག་ཨེ་ཡོད་ཡིད་ཆེས་རུམ་ནས་འོང་པ་ཡིན།།



                                                                  རྩོམ་སྒྲིག་པ། དབང་མོ།

                                                                                          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།