གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་སྣང་ཚ་ལུ་མའི་བྲོ་བ།

2016-03-09 18:59:56 གདོང་དར་རྒྱས། ཀློག་གྲངས། མཆན ཡོད།

                                  
བོད་ཡིག་འཛིན་སྐྱོང་བྱེད་པ་རང་གི་དོན།།
རྒྱ་ཡིག་སྡུག་རུས་བྱེད་པ་ལྟོ་ཡི་དོན།།
དབྱིན་ཡིག་སློབ་སྦྱོང་བྱེད་པ་མིང་གི་དོན།།
ཝ་ལེར་བསམ་ན་བརྡ་སྤྲོད་སྐད་ཀྱི་བྲན།།   

དམ་པའི་ལྷ་ཆོས་འཇིག་རྟེན་མི་ཆོས་གཉིས།།
ཟུང་དུ་འབྲེལ་མིན་རྩོད་པ་རྒྱག་པ་ལས།།
གནས་སྐབས་རང་ལུགས་གཅིག་པའི་ཚོགས་ནང་དུ།།
རང་རང་སོ་སོའི་ལྟ་སྤྱོད་སྐྱོང་ན་ལེགས།།

ཨ་ཁུས་དྲ་འབུ་ནག་ཅེས་སྣ་གཉེར་བྱེད།།
ཨ་ནེས་དྲ་འབུ་བཙོག་ཅེས་མཆིལ་མ་འདེབས།།
ཀུན་གྱིས་ཁ་ནས་དགག་ས་འདི་ཡིན་ཀྱང་།།
ཀུན་གྱིས་ལག་ནས་བསྟར་རྒྱུའང་འདི་ཉིད་རེད།།
             
རྒན་པོ་མགོ་དཀར་རང་དོན་ཆེད་དུ་རྒྱུག།
ཆུང་བ་སོ་དཀར་རང་དོན་ཆེད་དུ་རྒྱུག།
མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།།
གཅིག་ལས་གཅིག་མགྱོགས་རང་དོན་ཆེད་དུ་རྒྱུག།
            
གནའ་མི་རྣམས་ལ་བཅིངས་འགྲོལ་གཏོང་བ་དང་།།
དེང་མི་རྣམས་ལ་དཔྱོད་ཤེས་རྒྱང་འབོད་སོགས།།
འདོད་ན་ཁ་ཚ་དགོས་གཏུགས་འགྱུར་ལྟ་ཞོག།
མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་ཡོད།།
               
མགྲོན་དང་མཚུངས་བའི་དགའ་རོགས་འདི།།
འགལ་རུང་འགྱོད་པ་འགའ་མེད་དེ།།
སྙིང་དང་མཚུངས་པའི་ཚེ་རོགས་ཀྱི།།
སེམས་ཁམས་གསོད་པ་ཤིན་ཏུ་ཕངས།།
           
ཅི་སྟེ་བརྩོན་པའི་སེམས་ཀྱི་རྩལ་རྫོགས་ན།།
ལེ་ལོ་ཅན་གྱིས་གནོད་ཀྱང་ཆུ་རྒྱུན་ཉིད།།
འོན་ཏེ་མི་འདོད་བཀའ་ཡི་རྒྱ་བཏབ་ན།།
རྟོལ་བུ་གྱེན་ལ་དེད་པའི་ལས་འཇུག་འདྲ།།
           
ཇི་ལྟར་ལོ་ན་བགྲེས་ལ་ཉེ་གྱུར་པ།།
དེ་ལྟར་མི་ཡི་བྱམས་སེམས་ཆེ་གྱུར་པས།།
རང་བཞིན་ཉིད་ཀྱིས་རྒུད་པའི་རྒས་རྒོན་དག།
གཉེར་མའི་ཤུར་ནས་འཛུམ་རིས་ཇེ་ཡག་རེད།།
          
མཁས་པས་ཅི་བཤད་གང་ཡང་བདེན་མོད་ཀྱང་།།
ལ་ལས་རང་གི་རྫུན་ཁུངས་རང་གིས་བརྟོལ།།
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེའང་།།
ཚེ་གང་འཆང་བའི་འཁོར་གསུམ་ཐ་སྙད་ཙམ།།
         
སྐབས་འགར་མཛེས་མ་ཕྲད་ཀྱང་ཞེ་འགྲས་སྐྱེས།།
སྐབས་འགར་མདོག་ངན་ཐུག་ཀྱང་འགྲིག་རྒྱུ་བྱུང་།།
རང་གི་ཁམས་དང་མོས་པ་ལས་སོགས་ཀྱིས།།
འདི་ཡིན་དེ་མིན་གཞན་གྱིས་བསླུ་མ་འཇུག།།
              
རྒྱལ་ཁབ་འཛུགས་ནས་དར་ཞིང་རྒྱས་པའི་བར།།
འབངས་ཀྱི་འཚོ་བ་ཅི་ཙམ་འགྱུར་འགྲོ་བ།།
རང་གིས་བྲིས་པའི་བརྗེད་ཐོ་ཁ་སློག་ན།།
ད་ལྟའི་འཕེལ་ཚད་འདི་ལ་ངོ་མཚར་ཅི།།
         
བོད་མིས་གཞན་ལ་འགྲམ་ཆུ་ཡུན་རིང་ལྡང་།།
དཔལ་འབྱོར་བསླུ་བྲིད་འོག་ཏུ་མ་ཚུད་མེད།།
སེམས་ཁོང་གནས་པའི་དམ་པའི་ལྷ་ཆོས་དེས།།
ལན་གཅིག་འཁྱོལ་ཀྱང་འབྱོར་བ་ཐག་གཅོད་དཀའ།།

 
                                                                   རྩོམ་སྒྲིག་པ། དབང་མོ།

                                                                                          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



       

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།