གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་ཕྲེང་བྱིས་ཆུང་འཇོལ་མོ།

2016-03-09 19:06:51 མགར་གྲིབ་མ། ཀློག་གྲངས། མཆན ཡོད།


གནམ་ནས་ལྷུང་བ་མིན་ལ་ས་ནས་སྐྱེས་པའང་མིན་པའི་ཤ་ཁྲག་རུས་རྐང་ལུས་སུ་གྲུབ་པའི་རྩེད་ཆས་འདྲ་བའི་ཕུང་པོ་འདི།།
ཨ་འགྲིག་ཆ་འགྲིག་ཨ་ཕའི་ཉིང་དང་ཨ་མའི་བཅུད་གཉིས་གཅིག་ནས་གཅིག་ཏུ་འགྲིག་ནས་འདྲེས་པའི་གྲུབ་པའི་གཟུགས་འདི་ངོ་མཚར་ཆེ།།
ཧ་ཅང་ཆུང་ཆུང་ཉིད་ནས་ཁམས་དམར་སྣོད་ནང་གཉིད་ཅིང་ཅུང་ཟད་ཆེ་ཆེ་ལོན་སྐབས་ནུ་ཞོའི་མངར་པོའི་ཞིམ་ལ་ཡང་ཡང་རོལ།།
ས་ལ་ཐོག་མར་བབས་ཚེ་འདར་འདར་ཁྱོམ་ཁྱོམ་ཨ་མའི་པང་དུ་རྒྱུགས་ལ་ཁྱ་རེ་ཁྱ་རེས་ཨ་ཕའི་ཕྱོགས་སུ་འགྲོ་དང་འགྲོ།།
ཤ་ཚ་སྙིང་རྗེ་ལུས་ཀྱི་འགྱུར་གྱིས་སྟོན་ལ་སེམས་ཀྱི་སྤྲོ་བ་དོ་ཅོག་བྱད་བཞིན་འཛུམ་དང་དིང་དིང་གད་མོས་བསྟན་དང་བསྟན།།
ལ་སོགས་སྡུག་དང་མི་སྡུག་ཐམས་ཅད་ཀུན་ལ་འཛེམ་བག་མེད་ལ་ཅི་བསམ་ཅི་འདོད་ལུས་ཀྱིས་འཁྲབ་ལ་བཞིན་གྱིས་སྟོན་དང་སྟོན།།
ར་གཏུགས་བྱུང་ན་རང་འདོད་འགྲུབ་ལ་མ་བྱུང་མ་འགྲུབ་ན་ཡང་སྟབས་ལེགས་ཡིད་བདེ་འཕྲད་ན་ལྷོད་གཡེང་བདེ་མོའི་གནས་པར་ཡིན།།
ཡ་གིའི་སྟེང་གི་ཀ་ཅ་འཇུས་ན་འདོད་ལ་མ་གིའི་འོག་གི་ངོ་མཚར་བསམ་ལ་ཕ་གིའི་ལག་གི་འཕྲོག་པའི་སེམས་པ་ཡོད།།
འ་རེ་འུ་རེའི་གནས་ལ་སུན་ཡང་སུན་ལ་དགའ་འང་དགའ་པའི་འགལ་བའི་ཚོར་ཤེས་ནར་སོན་མིན་པ་དག་ལས་སུ་ལ་ཡོད།།
ཟ་རུང་མིན་ཡང་ཟ་རུང་འདུ་ཤེས་དྲག་པོས་ལག་ལ་གང་ཐོགས་ཐམས་ཅད་ཁ་ལ་བརྫང་ཐབས་བྱེད་པ་འདི་ནི་སུ་ཡི་བློ།།
ཞྭ་གོས་ལྷུམ་སོགས་མ་གོན་མ་གྱོན་བཞག་ན་དགའ་བ་དགུང་ལ་འཕྱོ་ཞིང་སྤྲོ་བ་ས་ལ་འཐིམ་པས་རང་གི་བསམ་དོན་འགྲུབ།།
ཝ་ཡེ་ཨ་རོགས་ཁོ་རེ་མོ་རེ་ཀྱེ་ཀྱེ་ཀྭ་ཡེ་ཀྱེ་མ་ཀྱེ་ཧུ་མ་གུས་གུས་སོགས་གཅིག་ཀྱང་དབྱེ་བས་སྟོན་མི་ཤེས།།
ཛ་རེ་ཛོ་རེའི་ལས་ལ་དགའ་ཞིང་མགོ་རྔ་གོང་འོག་ཕྱི་ནང་གཡས་གཡོན་གོ་ལ་ལྡོག་པར་སྤྲོ་བའི་ཁེར་ཚུགས་སེམས་ཡོད་པའི།།
ཚྭ་ལ་ནོར་གྱིས་ཆགས་བཞིན་ཆུ་དང་བྱེ་ལ་རབ་ཏུ་དགའ་ལ་ཤིན་ཏུ་རྩེད་པར་སྤྲོ་བའི་གཅུན་ཐབས་མེད་པའི་རང་གཤིས་དེ།།
ཙ་གེ་ཙིག་གེའི་བྱ་བ་འབའ་ཞིག་སྒྲུབ་པར་རངས་ལ་རང་ཉིད་རང་ཉིད་སྤྲོ་པོར་བྱེད་ལ་རང་ཉིད་རང་གིས་འཕྲུལ་བར་བྱེད།།
མ་སྒྲུབ་མ་བྱེད་མ་བཟོ་ལ་སོགས་དགག་ཚིག་བཀོད་ཀྱང་དགག་པའི་ཚིག་གིས་གོ་ཆོད་དཀའ་བས་རྣ་ཡི་རྒྱབ་ཀྱི་རླུང་དེ་ཡིན།།
བ་ལང་བཞིན་དུ་ཡར་ལ་སྐོར་ན་མར་ལ་འཁོར་བའི་རང་གཤིས་མཁྲེགས་པོ་གནམ་ས་འདི་ན་དཀོན་ལ་ཁོ་ཚོའི་ཚོགས་ལས་སུ།།
ཕ་ཁུ་རྣམས་ཀྱི་དཔའ་འཛངས་གདོང་ན་ངོམ་ཞིང་ངོམ་ལ་མ་ཞང་ཚོ་ཡི་མཉེས་གཤིན་རྒྱུད་ན་ར་བེ་རིབ་བེ་ཤར་སེ་ཤར།།
པ་རུ་པུ་རུ་ཧ་ཧ་ཧ་དང་འཛུམ་ལ་མེ་ཏོག་བཞད་ལ་སེམས་ལ་ཉི་མ་ཤར་འདྲ་མཚམས་མཚམས་ཞལ་ལ་ཆར་བ་འབབ།།
ན་ལོ་ཆུང་ཆུང་འདི་ཚོར་ལ་ལར་དགའ་ཞིང་ལ་ལར་སྡང་ཞིང་ལ་ལར་འཛུམ་ཞིང་ལ་ལར་མི་འཛུམ་ལ་སོགས་བཅོས་པ་ཡི།།
ད་ལྟའི་སྐབས་ལ་དེ་འདྲའི་སེམས་དང་དེ་འདྲའི་བློ་ཞིག་སྨིན་ཡང་མེད་ལ་སྨིན་པའི་རྒྱུ་ཡང་མེད་པས་བཅོས་མིན་དྭངས་གཙང་ཡིན།།
ཐ་མ་ཟེར་རུང་མགོ་མ་བརྗོད་རུང་ཐ་དང་མགོ་དང་མཆོག་དང་དམན་སོགས་འཁོར་བའི་འཁོན་འཛིང་འདམ་གྱིས་མ་གོས་པད་མ་བཞིན།།
ཏ་ལེར་གྱུར་པའི་ཡིད་འོང་ཞལ་བཞིན་ནང་གི་ཆ་ནའང་ཕྱི་ཡི་ལུགས་ཀྱིས་མ་གོས་ཡིད་འོང་གཅེས་འོས་འཛུམ་དང་གཉིས་མེད་ཡིན།།
ཉ་མོ་བཞིན་དུ་ཆུ་ལ་རྩེད་པའི་རྩལ་ཞིག་མེད་ཀྱང་ཉ་མོ་བཞིན་དུ་ཆུ་ལ་དགའ་ཞིང་ཆུ་ལ་དུང་བ་དེ་ཡང་སུས་ཀྱང་བཅོས་ཐབས་མེད།།
ཇ་འཐུང་ཟ་རན་སྐབས་ལ་འཐུང་ཁ་མིན་ལ་ཟ་རོགས་མི་བྱེད་མ་རན་མ་ཐོན་སྐབས་ལ་ད་གཟོད་ཇ་འཐུང་ཟ་རྒྱུ་བསམ།།
ཆ་མེད་བཞག་མེད་རང་དབང་སེམས་དང་རང་དབང་སྤྱོད་གཉིས་ཁོ་ཚོའི་ཁྱད་ཆོས་ཡིན་ལ་ཁོ་ཚོའི་ཚོགས་ལས་དེ་འདྲའི་རང་དབང་མེད།།
ཅ་ཅོ་འ་རེ་འུ་རེའི་ཚོགས་ལ་རབ་ཏུ་དགའ་ལ་ཤིན་ཏུ་དུང་བའི་སེམས་པ་ཆུང་ཆུང་དེ་ཉིད་ཁོ་ཚོའི་ཚོགས་ལས་སུ་ཞིག་ཡོད།།
ང་ཡི་བློ་ལ་ཅི་ཤར་ཅི་དྲན་ཁ་ནས་ངག་གིས་སྟོན་ལ་ཞལ་གྱི་ངོས་ནས་འཛུམ་གྱིས་བསྟན་ལ་ཁ་སེམས་མི་མཐུན་མེད།།
ག་ས་གང་དུ་འགྲོ་བར་སྤྲོ་བས་ཨ་ཁུ་ཡར་ལ་ཕྱིན་ན་ཡར་ལ་འདེད་པར་དགའ་བ་ཨ་ཞང་མར་ལ་འགྲོ་ན་མར་འདེད་པར་གོམས།།
ཁ་ཁུ་སིམ་པོའི་སྐབས་ཤིག་ཡོད་པར་དཀོན་པའི་ངོ་མཚར་གཅེས་འོས་ལྷད་མེད་ན་ཆུང་ཚོགས་འདི་ཇི་འདྲའི་དྭངས་ཤིང་གཙང་བ་ཨང་།།
ཀ་ཕྲེང་ལོག་པོ་ཚིག་ཉོག་འདི་ཡང་གང་ཉིད་གྲིབ་མའི་སྔུན་ལ་མགར་ཞིག་ཡོད་པ་དེ་ཡིས་ཀ་མེད་གྲུ་བཞིའི་ཁང་ཁྱིམ་ནས།།
ཡིད་ལ་གང་ཤར་ཐམས་ཅད་སྤྱིར་བཏང་ཐ་སྙད་འབའ་དང་སྤྱིར་བཏང་ཚིག་ཀ་འགའ་ཞིག་བཅད་མའི་ལུགས་ལྟར་བྲིས་ཁུལ་ཡང་།།
ཡིད་འགུག་ཚིག་དང་སྙན་མོའི་རྒྱན་གྱིས་སྤུས་པ་མེད་པའི་ན་ཆུང་རྣམས་ཀྱི་རང་གཤིས་རྣལ་མ་ཚིག་གིས་མངོན་ཐུབ་འབད་པས་བྲིས།།

                                                           ༢༠༡༥-༩-༢༧


                                                                                           རྩོམ་སྒྲིག་པ། སྐྱ་བོ།

                                                                                          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།