གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱིས་པ་རྣམས་ལ་གཏམ་དུ་བྱས་པ་མགུར་མ་མཐོང་བ་འཛུམ་ཤོར།

2016-03-17 13:23:10 དུར་སྲི། ཀློག་གྲངས། མཆན ཡོད།


བྱིས་པ་དག་གི་སྐད་ཆ་ལ།།
དེ་ཙམ་ཆ་འཇོག་ག་ལ་ཡོད།།
ཕྱི་ཚུལ་ཚིག་གིས་བརྒྱན་གྱུར་ཀྱང།།
ནང་གི་དོན་ནི་འཆལ་ཆོལ་བ།།  
བསླབ་སྦྱང་ཅུང་ཙམ་མ་བྱས་པར།།
མཁས་པར་འགྱུར་འདོད་རྨི་ལམ་ཙམ།། 

ནང་པའི་ཆོས་ཀྱི་སྙིང་བོ་ནི།།
འཁོར་བ་སྡུག་ཏུ་མཐོང་བ་ཉིད།།
དེ་ལས་སྒྲོལ་བར་སུ་ནུས་ན།།
དེ་ནི་རྫོགས་སངས་རྒྱས་པ་ཉིད།།  
རྗེ་བཙུན་མི་ལ་རས་པ་དེ།།
ཚེ་གཅིག་ལུས་གཅིག་ཉིད་དུ་ནི།།
རྫོགས་སངས་རྒྱས་པའི་ཕ་རོལ་བྱོན།།
དེ་ཡི་རྣམ་ཐར་ཐོས་མྱོང་ངམ།།
དེ་ཡི་མགུར་ལ་མཇལ་མྱོང་ངམ།།
དེ་ཡི་སྙིང་སྟོབས་ཤེས་ལགས་སམ།།  

བླ་རུང་མཁན་པོ་ཚུལ་བློ་དེ།།
མཁས་པ་ཡིན་པ་བསྙོན་དུ་མེད།།
འོན་ཀྱང་མཁས་པ་ཐམས་ཅད་ནི།།
རྫོགས་སངས་རྒྱས་པའི་ངེས་པ་མེད།།

འཆད་རྩོད་རྩོམ་ལ་བྱང་བ་ཡིས།།  
ནང་ཆོས་སྙིང་བོ་མི་ལོན་ཏེ།།
འཁོར་བ་དོན་དུ་གཉེར་བ་དང་།།  
ཁེ་དང་སྙན་གྲགས་ལ་ཞེན་པ།།
དེ་ནི་འཕགས་པ་ག་ལ་འགྱུར།།
དེ་ལྟ་བུས་ན་སངས་རྒྱས་དང་།།
འཁོར་བར་འཁོར་བའི་གང་ཟག་གཉིས།།
བསྡུར་བ་བྱེད་པ་བྱིས་པའི་བློ།།

ཅོ་ཀ་ཙམ་ནི་བྱེའུ་ཡང་།།
སྒྲོག་པར་ནུས་པ་ཡིན་མོད་ཀྱི།།
ཁུ་བྱུག་སྔོན་མོའི་གསུང་སྐད་ལ།།
འགྲན་འདོད་རེ་བ་འབྲས་མེད་ཡིན།།

ཁ་ནས་ཅི་བྱུང་ལབ་བདེ་ཡང་།།
དོན་གྱི་སྟེང་ནས་ནོར་ཉེན་ཆེ།།
དེ་ཕྱིར་སྔར་གྱི་ལོ་པཎ་རྣམས།།
བསླབ་པའི་ཕ་མཐར་མ་སོན་པར།།  
རྩོམ་པའི་ལས་ལ་འཇུག་མི་བགྱི།། 

ད་ལྟའི་དུས་ཀྱི་མི་ཕལ་ཆེར།།
ཀློག་ཙམ་བསླབས་རྗེས་རྩོམ་ལ་འཇུག།
དེ་ཕྱིར་ནོར་འཁྲུལ་རྒྱུན་དུ་འབྱུང་།།
དེ་ཡང་ལམ་གྱི་གོ་རིམ་ཙམ།།
ཡིན་པ་བསྙོན་དུ་མེད་མོད་ཀྱང་།།
རྒྱུན་དུ་དྲན་ཤེས་བསྟེན་ན་བཟང་།། 

རང་གི་ཁོག་ན་ཤེས་མེད་ན།།
ཁ་ནི་མང་བར་མི་བྱ་སྟེ།།
བོད་ཀྱི་མེས་པོ་དག་གིས་ཀྱང་།།
མ་ཤེས་མ་གོ་གཏམ་གྱི་མཆོག།
ཟེར་བ་དེ་ཡང་དོན་དང་མཐུན།། 

དེ་ཕྱིར་བསླབ་ལ་བརྩོན་པ་རྣམས།།  
དང་པོ་ཐོས་པ་དོན་དུ་གཉེར།།  
དེ་རྗེས་འཆད་རྩོད་རྩོམ་གསུམ་ལ།།
འཇུག་པར་བྱས་ཀྱང་འཕྱི་མི་འགྱུར།། 

དྲང་པོའི་གཏམ་གྱི་སྨྲས་པ་ཡིས།།  
ཤ་ཚའི་ཚིག་འདི་མཐོང་བ་ན།།  
མཁས་འདོད་དྲེགས་པས་མ་ནོན་པར།།
སྨྲས་པ་ཡིན་སྙམ་འཁྲུལ་མི་རུང་།།   

    འོས་ལངས་ཞེས་པ་ཞིག་གིས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་བསྟོད་པ་བྱེད་པའི་ཆེད་དུ་རྗེ་བཙུན་མི་ལ་རས་པ་དང་བསྡུར་བ་བྱས་འདུག་པ་ལ།  མི་ལ་ལས་ཚུལ་བློ་སྟོབས་ཚུལ་ཞིག་ལབ་འདུག་པས།   ལན་དུ་དེ་མ་ཐག་སེམས་ལ་ཅི་བྱུང་ཤར་མར་བྲིས་པའོ།།


                                                                                                  རྩོམ་སྒྲིག་པ། ལྷ་སྐྱིད།

                                                                                    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།