གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངག་ཀྱལ་གྱི་རབ་ཏུ་བྱེད་པ།

2016-06-18 10:59:39 འབྲོག་རེ་ལྡེ། ཀློག་གྲངས། མཆན ཡོད།


དེ་དགོང་ཡིད་མཚོ་ཅི་དགར་བསྲུབས་པ་ཡིས།།
རྗེས་ཆགས་ཨུཏྤལ་གང་ཡང་མ་བཞད་ཀྱང་།།
ལུང་མདོའི་སྨུག་པ་ཅི་ལྟའི་སྐྱོ་སྡུག་གིས།།
མི་བཟད་བློ་ཡི་ཁ་དན་དཀྲུགས་བྱས་ཏེ།།
སྙན་ཚིག་ནགས་ཀྱི་ཚལ་ཆེན་གཡོས་གྱུར་ཚེ།།
བསམ་ཀྱིས་མི་ཁྱབ་རྡུལ་ཕྲན་འཁྲིགས་པ་ན།།
མི་བརྟན་སྙིང་གི་གླང་ཆེན་རབ་སྨྱོས་པར།།
དུས་རྣམ་ཀུན་ཏུ་གྱ་ཚོམ་བྱེད་བགྱིད་ཀྱི།།
ང་ནི་སྲིད་ཞིའི་འཕལ་ཀ་མི་འཕྲོད་ཅིང་།།
ཚོར་བའི་རྟ་ཕོར་ལོང་ལྕག་གཞུ་ནུས་པའི།།
སེམས་ཅན་ཕལ་བ་གང་གི་སྐྱེ་བ་སྟེ།།
ལས་དང་ལོངས་སྤྱོད་ངན་དགུའི་འགྲོ་བ་ཡིན།།
འོན་ཏེ་ནམ་ཞིག་བསྐྱོད་སའི་གྲུ་ཟུར་ལ།།
ཉི་མ་ད་ཚོད་ཨེ་ཐོན་ཅི་ཆ་སྟེ།།
ཚེ་ཡི་སྐུད་པ་ཆུ་བོར་བྱིང་ཉིན་མོར།།
མི་རྟག་ལམ་ཁའི་ཟིལ་བ་བན་བུན་གྱིས།།
འོད་ཟེར་ཉག་མ་ཙམ་ཡང་མི་ཐེག་པ།།
ཅི་ལྟ་བ་བཞིན་སེམས་སུ་ཤར་བའི་མོད།།
ཡི་མུག་དགྲ་ཡིས་སྤྱི་གཙུག་རབ་བཅོམ་པས།།
ངག་གི་ཆར་ཆེན་གང་དུ་ཕབས་པ་ལ།།
གཞོགས་ཀྱི་སྲོག་ལྡན་ཉོན་མོངས་འཛིན་པ་དག།
ཕྲག་དོག་གཅིན་པས་ལྟོ་བ་ལྡིར་ན་འང་།།
ད་ནི་ཅིས་ཀྱང་བྱ་ཐབས་མི་འདུག་ཨང་།།
འཆི་བའི་གད་རྒྱངས་སྒྲོག་ལ་ཐེ་ཚོམ་བྲལ།།

            2016   6   18  མཚན་མོར་གྲུབ།


                                                           རྩོམ་སྒྲིག་པ། ལྷ་སྐྱིད།


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།