གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཙང་བོ་ངུས་པ།༼ཞར་བཀོད་གཅིག་ཡོད ༽

2016-07-15 16:14:13 གཟའ་དུག ཀློག་གྲངས། མཆན ཡོད།


མདང་ནུབ་ཟླ་བ་ངུས་ཏེ་བདག་ཀྱང་ངུས་པས་དེ་རྗེས་གཙང་པོ་ངུས་བྱུང་ངོ་།།
ཟླ་འོད་རབ་ཏུ་ཚ་བས་ངོས་ཀྱི་ཕྱི་ནང་སྦྲིད་པར་བྱས་ཏེ་རྔུལ་ཆུ་རྡོལ།།
མཚན་མོ་ཡིན་ཞིང་མུན་པ་བྲལ་བའི་མདང་ནུབ་ཁོ་བོ་ར་རོར་གྱུར་བར་བྱས།།
དེ་དུས་རྨི་ལམ་ནང་དུ་རྒྱང་རིང་ཞིག་ནས་རྨ་ཆུ་ཚུར་ཚུར་བཞུར་བ་མཐོང་།།
གཙང་པོའི་ཁ་རུ་ང་རང་ཁ་བའི་ཟོལ་གྱིས་བབས་པར་བྱས་ན་སྣང་བ་སྨྲེང་།།
མུན་པའི་འོབས་སུ་གློག་ཞུ་འདི་ནི་བྱེ་མའི་ཐང་གི་མེ་ཏོག་ལྟར་དུ་ཡག།
ཆང་ཁང་འདི་ཡི་མེ་འབར་ཡིན་པའི་བུད་མེད་མང་དག་གཅེར་བུར་བསྡད་པས་ན།།
ངོས་ཀྱིས་ཤེལ་ཕོར་ཕྱི་ཡི་རྡུལ་འདི་བསྡུས་ནས་ཆང་མའི་མཆོད་སྒམ་འཁྲིས་སུ་བྱུགས།།
གཙང་པོའི་མཐའ་རུ་བེམ་པོ་མང་ཙམ་ཤི་ནས་ཡོད་ཅིང་ཤ་སྦྲང་མང་ཙམ་ངུ་།།
དེ་ཡི་དཀྱིལ་དུ་བྱེའུ་རྣམས་ཀྱིས་ཕ་ཤ་ཟ་ཞིང་དུད་ཆང་རྔུབ་པར་བྱས།།
བ་སྤུའི་སྟེང་དུ་འགོང་པོ་ནག་སྡེར་མཚན་མོའི་སྐབས་སུ་ཡར་མར་ཀུན་ལ་རྒྱུགས།།
སྡིག་རྔ་བཅད་པའི་གྲོག་མ་དེ་ཚོ་གཙང་པོའི་སྟེང་འོག་ཕར་ཚུར་རྣམས་སུ་ཉུལ།།
གར་ལྭ་གྱོན་པའི་བླ་རྒན་ཞིག་ཀྱང་སྲང་མདོ་དེ་རུ་ཟས་ལ་ཆགས་ཏེ་ངུ་།།
ལམ་ཁར་བཞུར་བའི་སྡིག་པའི་གཙང་པོར་ལག་པས་བྱིལ་བྱིལ་བྱས་དུས་མེད་པར་གྱུར།།
ཉག་ག་ཡིན་ཞིང་རི་མགོ་ཡིན་པའི་ལུང་མདོ་ཞིག་ཏུ་བྱེ་འུ་གང་མང་འཕུར།།
དེ་དུས་མི་རྣམས་སྤྲང་པོར་གྱུར་ཏེ་བྱེ་ཐང་དེ་ནས་གཙང་པོ་བལྡེག་པར་བྱས།།

                                           2015.11.16


                                        ཕྱི་ཡི་ཁ་བ།

སྒེའུ་ཁུང་ཕྱི་རུ་ཁ་བས་སྐོར་བྲོ་རྒྱག།
ལམ་ཕྲན་དག་ཏུ་རྡོ་བ་མང་ཙམ་གཉིད།།
མེ་འཁོར་སྒྲ་ཡང་རྣ་བར་རབ་གཟན་པས།།
དགུན་ཁ་ལྟ་བུའི་བདག་སེམས་སྨྲེང་ནས་འོང་།།
རི་བོ་དག་གིས་ཅི་ཞིག་བོར་བ་བཞིན།།
སྨུག་པའི་སྟེང་འོག་ཀུན་ནས་སོ་ལྟ་བྱེད།།
ལོ་མ་དག་ཀྱང་ཞེ་རྩ་སྨྲེང་བྱས་ཏེ།།
ལྕགས་ལམ་དེ་གར་རང་ཤི་རྒྱག་པར་བྱེད།།
རྩྭ་སྐྱའི་སྟེང་གི་ཁ་བའི་འདབ་མ་དང་།།
གཙང་ཕྲན་དག་ནི་ལ་ལུང་ཀུན་ཏུ་རྒྱུགས།།
རི་ཞོལ་གན་གྱི་བྱེའུའི་གླུ་སྐད་དག།
སོང་ཅང་སྐུ་ངོའི་གྱེན་ཚིག་དག་ལས་སྙན།།
གྲོང་རྡུལ་དེ་རྣམས་ཁ་བས་གཡོག་པར་བྱས།།
སྨུག་པས་ཕྱོགས་བཞི་ཀུན་ཏུ་ལྡིང་སྐོར་རྒྱག།
ཤིན་ཏུ་མཛེས་པའི་ཕྱི་ཡི་དགུན་ཁ་ནི།།
ལམ་ནས་རྙེད་པའི་བདག་གི་སྙན་ཚིག་ཡིན།།

                             2015.12.12ཤཱེས་ཨཱན་ནས།

                                                                                 རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།