གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནས་ཚང་དྲན་པ།

2016-08-20 22:02:53 རྫས་ལུང་ཚེ་དར། ཀློག་གྲངས། མཆན ཡོད།


བྱ་རྒྱལ་རྒོད་པོས་རྟོག་བཏགས་འོད་ཀྱི་གཤོག་པ་བརྐྱངས།།
བྲག་དམར་ཐེམ་ནས་སེམས་པ་སྲོ་བཞིན་ལྡིང་སྐོར་རྒྱག།
ཡིད་ཀྱི་རས་གཞི་གྲི་ཡིས་གཏུབ་པའི་གཉོམ་ས་ནས།།
བྲག་ལ་བཞག་པའི་ཁྱོད་དང་འུ་གཉིས་གནས་ཚང་དྲན།།

གནམ་འཕང་བཅད་པའི་རྟོགས་བརྗོད་རིང་མོ་རི་ལ་འཐོར།།
དཀར་པོ་དུང་གི་སྐེ་རྒྱན་དེ་ཡང་ལོ་ཟླས་གསིལ།།
ནམ་ཟླ་ཟླུམ་པོའི་འགྲམ་ལྕག་ཉོས་པའི་ན་ཟུག་ལས།།
གནས་ཚང་དྲན་པའི་གླུ་གཞས་སྐྱུར་མོའི་དྲན་ཞིག་གསོས།།

སུ་དང་གང་གི་དུག་གསུམ་གཡོ་བསླད་མ་ཡིན་པ།།
གནམ་གྱི་རྒྱལ་མོའི་བཀའ་ཡིག་འབྱོར་བ་ལྗིད་ཏིག་གེར།།
རང་ལ་བཟོས་པའི་འཆི་ཁའི་མལ་ཚང་དྲོན་མོ་སྟེ།།
གཏན་གྲོགས་ཤིག་གིས་རང་ལ་བསྐྱུར་བའི་གནས་ཚང་དྲན།།

ཟས་དང་སྐོམ་གྱི་འདོགས་ཐག་སྲ་མོས་གཏན་དུ་མནར།།
སྤྱང་ལྟོགས་མགོ་ལ་བྱ་ལྟོགས་འཁོར་བའི་བརྟུལ་ཞུགས་བསྐྱངས།།
ཚེ་ཡི་ཕྲེང་གོག་སུ་ཡི་དོན་དུ་ཟད་གྱུར་བས།།
རང་དབང་ལུང་པའི་གནས་ཚང་ཞིག་ལ་དྲན་པ་ཤོར།།

                                                                                            རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།