གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༄༅། །བསིལ་ལྗོངས་སྣོད་བཅུད་ལས་བཏུས་པའི་སྙན་ཚིག་དབྱངས་ཅན་བཞད་པའི་འཛུམ་དཀར་ཞེས་བྱ་བ། 


2017-01-19 11:09:31 སྨྲ་གསལ།(གསེར་རྟ) ཀློག་གྲངས། མཆན ཡོད།


ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡ།

ཤེལ་དཀར་གངས་ཀྱི་ལྷུན་པོ་བརྩེགས་པ་ལ། །
ཉིན་བྱེད་སྟོང་གིས་མཛེས་པའི་དཔལ་འཛིན་པ། །
ཁ་བའི་ལྷ་གཅིག་འཇིག་རྟེན་དབང་ཕྱུག་མཆོག །
རིགས་བདག་གཙུག་ཏུ་བབས་པས་གུས་ཕྱག་འཚལ། །

གང་གི་ཐུགས་བསྐྱེད་ལྷོ་གླིང་འཛིན་མ་ཡི། །
བྱང་ཕྱོགས་བྷོ་ཊའི་འགྲོ་ལ་རྗེས་ཆགས་ཏེ། །
གྲངས་མེད་བསྐལ་བའི་སྔོན་ནས་དམ་བཅས་པ། །
བཀའ་དྲིན་གཞན་ལས་ཆེ་འོ་སྙིང་རྗེའི་གཏེར། །

གདུལ་བྱའི་ཞིང་གི་འཇིག་རྟེན་བཀོད་པ་ནི། །
ཆེ་བའི་ཡོན་ཏན་དུ་མས་ཁྱད་འཕགས་པ། །
རིག་བྱེད་ཚིག་གིས་ལན་གཅིག་གསལ་བ་ན། །
སྨྲ་བའི་ལྷ་ཚོགས་མགྲིན་པའི་ཁབ་ཏུ་བཞུགས། །

སྔོན་ཞིག་ཡུལ་དེར་ཆུ་ཡིས་གཏམས་པ་ཡིས། །
གནམ་སྔོན་ཞུན་མའི་མེ་ལོང་བཏབ་པ་དེར། །
མཚོ་འོག་དུས་ཞེས་གྲགས་པའི་རྔ་ཆེན་ཞིག །
ད་དུང་འདི་ན་མི་ཡིས་རྡུང་བར་བྱེད། །

རྟག་བརྟན་གཤིས་ཀྱིས་ཉེ་བར་མ་ཟིན་པས། །
འབྱུང་བའི་གཡོ་འགུལ་རླབས་ཀྱིས་སྐྱོམ་པ་ན། །
ཕྱོགས་སུ་རྒྱུག་པའི་ཆུ་ཕྲན་གཞོན་ནུ་མ། །
མཛའ་བའི་བག་མར་ཆེས་པའི་རྣམ་པ་འཛིན། །

མཛེས་པའི་རི་ཀླུང་པིར་གྱིས་བྲིས་པ་བཞིན། །
ཉམས་དགའ་སྐབས་གསུམ་གནས་ཀྱི་ཆེ་བ་ལྟར། །
མཐོང་བ་རེ་རེས་མིག་ཀྱང་མི་ཚིམས་པས། །
ཁ་བའི་འཇིག་རྟེན་ཡོངས་སུ་གསལ་བར་གྲགས། །

རྩི་ཤིང་ལོ་འདབ་མལ་ལས་སད་པ་བཞིན། །
ཕན་ཚུན་འགྲན་པའི་མགོ་བོ་གྱེན་བཏེག་ནས། །
དགའ་བའི་ཕྱོགས་སུ་བལྟས་པའི་རྣམ་པ་ཡང་། །
སྙན་ཚིག་བཅུད་དུ་འཛིན་པའི་ཆེ་བ་རྫོགས། །

ལས་སྨོན་རྟེན་འབྲེལ་གསང་བའི་མངལ་རྒྱ་ལས། །
རྒྱུ་འབྲས་རལ་བའི་འགལ་རྐྱེན་མ་སོང་བས། །
གནས་འདིར་འཚོ་བའི་སྲོག་ཆགས་དུད་འགྲོའི་རིགས། །
བག་ཡངས་དགའ་བ་ལོངས་སུ་སྤྱོད་པར་ཐོས། །

ལྷག་པར་བྱང་ཆུབ་སེམས་དཔའ་སེམས་མ་ཡི། །
སྤྲུལ་བའི་སྤྲེལ་སྲིན་ཐབས་ཤེས་ཟུང་འཇུག་གིས། །
མཛའ་བའི་སྙིང་པོར་ཟླུམ་པའི་སྤུན་གྱི་མཚམས། །
མགོ་ནག་བོད་ཀྱི་མེས་པོ་གོང་མ་ཡིན། །

ཡལ་གའི་རི་དྭགས་ནགས་ཀྱི་སར་འབྱོར་ནས། །
ཡུན་གྱིས་འཚོ་བ་དབུལ་བས་ཉེན་པ་ན། །
ཟོ་དང་ཞིང་གི་སོ་ནམ་གསལ་བ་དེས། །
ལུས་ཀྱི་ཟོ་མདོག་བསྩལ་བའི་བཀའ་དྲིན་དྲན། །

རི་བྲག་སྦར་མོས་འཐབ་པའི་གྲོག་རོང་དང་། །
ཆུ་ཤིང་རྐང་རྩ་སྦྲེལ་བའི་གཡང་ས་སོགས། །
བདག་འཛིན་རྩལ་གྱིས་བཟུང་བའི་དུས་སྐབས་སུ། །
འདབ་ལོས་དྲོད་ཀྱིས་བསྐྱངས་བའི་གླེང་གཞི་འཆད། །

མ་ངེས་ཐོ་ཅོའི་བསམ་སྤྱོད་འཁྲེག་པ་ལས། །
རལ་བའི་ཁྲག་ཟེགས་ཤ་ལ་མངོན་རྒྱུག་པའི། །
འཇིགས་པའི་གཡུལ་ས་གཤེན་རྗེ་གྲོང་ཁྱེར་ཡང་། །
བག་ཡངས་བདེ་བའི་གནས་ནི་ཅིའི་ཕྱིར་མིན། །

སྟོབས་ཀྱི་ཀི་སྒྲ་ཐེངས་གཅིག་བསྒྲགས་པ་ཙམ། །
བཙན་གྱི་ཟུར་ཤུགས་སྙིང་གི་སྲོག་འབྱིན་པའི། །
མངའ་མཛད་བྱུང་རབས་དཔའ་བའི་སྒྲུང་རིང་ཞིག །
གནའ་བའི་ངག་ན་འཇིགས་པའི་གད་རྒྱངས་ཡིན། །

མཛའ་བའི་སོར་མོ་ཕྱོགས་སུ་གྱེས་པ་ན། །
བརྩེ་བའི་མངལ་གྱི་སྙིང་པོ་འཐོར་བའི་སར། །
སྐྱོ་ཀླུང་རི་ལ་ཞགས་པའི་ནམ་ཟླ་དེ། །
རྒྱལ་ཕྲན་སིལ་མར་བབས་པའི་དུས་ཤིག་གླེང་། །

གཏུམ་དྲག་ལས་ཀྱི་འཕྲུལ་འཁོར་འབར་བ་ཡིས། །
དབང་ཤུགས་རླུང་གིས་ཕྱོགས་སུ་སྡུད་པ་ལ། །
ཟླ་བྲལ་བཙན་པོའི་ཁྲི་དཔོན་དང་པོ་སྟེ། །
ཨུ་བེ་ར་ཡིས་རྒྱལ་ས་འདི་ནས་བཟུང་། །

ད་ནི་རླབས་ཆེན་ལས་ཀྱི་ཉེར་ཤུགས་ཀྱིས། །
གནམ་གྱི་ཁྲི་བདུན་ས་ཡི་ལེགས་དྲུག་སོགས། །
རིམ་བྱོན་རྒྱལ་རབས་ཕྲེང་བར་བསྒྲིགས་པ་ལས། །
ཆེ་བའི་སྟོབས་འབྱོར་སུ་དང་འགྲན་དུ་མེད། །

དགྲ་ཡི་སྙིང་ལ་མི་འདོད་ཟུག་ངུ་ཡིས། །
འབོད་པའི་ཆོ་ངེ་དྲག་ཏུ་བཏབ་པ་ལས། །
སྙིང་མིན་སྙིང་ལ་སྡུག་གི་ཁྲག་འབྱིན་པ། །
སྤུ་རྒྱལ་དཔའ་བོའི་རྒྱལ་རྔ་དང་པོ་ཡིན། །

སྙིང་སྟོབས་དཔའ་བའི་གཤོག་ཟུང་བརྐྱངས་པ་ཡིས། །
རྟ་མཆོག་རྨིག་པའི་ས་ཆེན་དབང་བསྒྱུར་ཏེ། །
གདོང་དམར་དམག་གི་དཔུང་ཤུགས་མཐོང་བ་ན། །
སྲོག་ལ་བག་ཡངས་སྦྱིན་པའི་གུས་ཚུགས་ལྟ། །

རྣམ་པར་དཔྱོད་པའི་སྐྱེས་སྦྱང་ཤེས་རབ་མིག །
ཡོངས་སུ་ཐོགས་པའི་མཁས་མཛངས་སྐྱེས་བུ་དག །
བྱོན་པའི་བསོད་ནམས་དུས་སུ་བབས་པ་ཡིས། །
ཡང་དག་རིག་པའི་སྒོ་མོ་ཅི་ཡང་ཕྱེས། །

བསྲེག་བཞུའི་ལས་ཀུན་གཅིག་ཏུ་བསྟབས་པ་ཡིས། །
བཟོ་ཡི་རིགས་ལ་མཛེས་པའི་ཉམས་རྫོགས་ཏེ། །
ཐུན་མིན་ཁྱད་མཚར་སྒེག་པའི་མིག་ཡངས་མ། །
ཡིད་འཛིན་དགའ་བའི་དཔལ་དུ་ལེན་ལ་བྲེལ། །

གཡའ་རྫ་གངས་ཀྱི་གླེགས་བམ་བརྩེགས་པ་རུ། །
བསོད་ནམས་སྐལ་བའི་ཐོད་དུ་བྲིས་པ་སྟེ། །
སྒོ་ཕྱུགས་གཡང་དུ་འབེབས་པའི་རྣམ་པ་ནི། །
ཀླུ་ཆེན་མཛོད་ཀྱང་སྟོང་བའི་དོག་པ་འཆའ། །

ཁྱུང་ཆེན་གཤོག་སྡེབ་བརྒྱ་ཕྲག་ཉིན་གྱི་བར། །
ངལ་བས་མི་ཟིན་འབྲུ་སྐྱེས་ཕྱི་ནང་གི །
སོ་ནམ་ལས་ཀྱིས་འཛིན་པའི་ཤེད་བུ་རྣམས། །
དགའ་བའི་དགྱེས་འཛུམ་སྤྱན་གྱིས་རི་མོར་འབྲི། །

ཁོ་ར་ཁོར་ཡུག་བྲིས་པས་མི་མཚོན་པར། །
ཡིད་ཀྱི་ཐིག་ལེ་རྐུ་བའི་ཆོ་ག་མཁན། །
སཱ་ལའི་སྨན་ལྗོངས་རི་ཐང་བསྣོལ་མའི་གྲོང་། །
སྔོན་སྨོན་ལས་ཀྱིས་དཀར་པོའི་གདན་དུ་བབས། །


ཁྱད་པར་སྲོང་བཙན་ཐུགས་བསྐྱེད་གང་གཱ་མ། །
བསིལ་ལྗོངས་ཛ་ཧུའི་ཁོག་ཏུ་དྲངས་པ་ཡིས། །
ཆོས་སྲིད་གཏུགས་དཀར་མཁའ་རུ་བཏེག་པ་འདིས། །
སྐལ་བའི་མཐར་ཡང་བདེ་བའི་གྲིབ་བསིལ་གཡོ། །

མཐའ་བཞིའི་བརྟན་པ་ཅིག་ཆར་འཕྲོག་བྱེད་པའི། །
སྟོབས་ཀྱི་རྫོང་ཆེན་གནམ་ནས་ཕབས་པ་ཡིས། །
ངོ་མཚར་མཛད་པའི་བྱ་བ་གཅིག་གིས་ཀྱང་། །
ཡངས་པའི་འཇིག་རྟེན་ཆེ་བའི་བསྟོད་པ་རྩོམ། །

སཾ་བྷོ་ཊ་དང་བློན་ཆེན་སྟོང་བཙན་སོགས། །
མཁས་མཛངས་འཕྲུལ་གྱི་ཕྱི་བློན་ནང་བློན་རྣམས། །
ལུགས་གཉིས་ཁ་ལོ་གཡས་སུ་བསྒྱུར་བ་ལ། །
འགྲན་པའི་ཟླ་མེད་བཀའ་དྲིན་གཞན་ལས་ཆེ། །

ད་ནི་རྣམ་པ་དུ་མས་ཉེར་དྲངས་བའི། །
རྒྱལ་བསྟན་ལྗོན་པའི་ཚལ་ཆེན་འཛུགས་པ་ལ། །
ཕྲིན་ལས་ཟླ་མེད་མཁན་སློབ་ཆོས་གསུམ་ཞེས། །
གྲགས་པའི་མགོན་དེ་གངས་རིའི་དཔལ་དུ་བབས། །

སྔོན་སྨོན་ལོག་པའི་ནག་ཕྱོགས་སྡེ་རིགས་བཅས། །
སྣ་ཚོགས་རྫུ་འཕྲུལ་སྤྱོད་པས་བཀར་བཏགས་ཏེ། །
ལུགས་གསུམ་མི་འགྱུར་བསམ་ཡས་གཙུག་ལག་ཁང་། །
ལྷུན་གྱིས་གྲུབ་པའི་ངོ་མཚར་གང་གིས་གཞལ། །

རྒྱ་བོད་ལོ་པཎ་མཁྱེན་པའི་རྩལ་རྫོགས་ཏེ། །
མདོ་རྒྱུད་མན་ངག་བསྒྱུར་ཞུས་གྲུབ་པའི་ལས། །
ཆེ་བ་དྲུག་ལྡན་ངོ་མཚར་ནོར་བུའི་གཏེར། །
གནས་འདིར་རྒྱལ་བསྟན་གསལ་བའི་སྒོ་འབྱེད་ཡིན། །

ལྔ་ཟུང་རིག་པའི་འཕྲུལ་ཐབས་རྨད་པོ་ཆེ། །
རྣམ་དཔྱོད་རལ་གྲིའི་ཟློས་གར་ཉེར་རྩེན་པའི། །
བློ་གསར་ངང་མོ་མཚོ་ལ་ཞུགས་པ་བཞིན། །
དགེ་བའི་ལས་ལ་འབད་པའི་རྒྱུན་གྱིས་ཕྱུག །

རལ་བའི་གདན་ཡངས་དད་པའི་སིལ་མ་བབས། །
རྒོལ་བའི་དཔུང་ཡང་ཞི་བའི་གཉེན་དུ་འདུམས། །
བདེན་པའི་མེ་ལོང་གནམ་གྱི་ཀ་བ་བསླངས། །
ཁྲི་གཙུག་ལྡེ་བཙན་གྲགས་པའི་རྣ་ཆ་མཛེས། །

ཐུབ་བསྟན་ཟླ་འོད་ཀུན་ནས་འཛུམ་པ་ཡིས། །
ཕན་བདེའི་ཀུན་ད་ལྷུག་པར་གྲོལ་བའི་ཚལ། །
ལོངས་སུ་སྤྱོད་པའི་བྷོ་ཊའི་ལས་ཅན་ཚོགས། །
ཐར་བའི་ངལ་གསོ་འདི་ནས་རིང་དུ་བསྟེན། །

འུ་དུམ་སྦྱོར་བ་མཐའ་རུ་གཏུགས་ཆེས་པས། །
དྲག་སྤྱོད་གཡུལ་འགྱེད་རྒོད་ཀྱིས་སྤྲོས་པ་དང་། །
ཕྱི་ནང་གཡོ་འཁྲུག་དུས་ཀྱི་འགལ་རྐྱེན་རྣམས། །
ཉམ་ངའི་རྒྱ་ལ་སུ་ཡིས་འདེབས་མི་བྱེད། །

སླར་ཡང་ཞི་བསིལ་ཆོས་ཀྱི་བཻ་ཌཱུར་ཡའི། །
རིན་ཆེན་བུམ་བཟང་ཐོགས་པའི་སེམས་དཔའ་དག །
འགྲོ་བསོད་ཁྲི་ཡིས་འདེགས་པའི་དགེ་ལེགས་མ། །
བྱང་རྒྱུད་སྣོད་བཅུད་ཤིས་པའི་ཆེ་བར་བལྟམས། །

དེ་ལྟར་དུས་ཀྱི་རྨ་ཀླུང་སྒེག་འགྲོས་མ། །
གྱ་གྱུར་བྲིས་པའི་ལུགས་ཟུང་གཡོ་བ་ཅན། །
རིང་དུ་བརྒྱུགས་པའི་བཤུལ་ལམ་གསལ་བ་ན། །
སྣང་བ་ལས་ཀྱི་འཕོ་འགྱུར་དཔོག་པར་དཀའ། །

ཁྱད་པར་སྐལ་ངན་དུས་ཀྱི་སྣ་ནག་མ། །
ཉིན་ལོང་ཧབ་ཀྱིས་འདྲེན་པའི་ཐན་ལྟས་བཅས། །
དཀར་པོའི་རྒྱལ་མཚན་སྙིལ་བའི་མེལ་ཚེ་ཅན། །
འཇིགས་རུང་མཆེ་བ་རྣོན་པོས་སྲོག་ཀྱང་ཟ། །

ལས་རླུང་དྲག་ཤུལ་རྒྱུ་བའི་ཟིག་སྒྲ་བཅས། །
ཐར་བའི་སྣང་བ་འཕྲོག་པའི་གཏུམ་སྤྱོད་ཚོགས། །
རབ་ཏུ་ངལ་བས་རྒྱུག་མཆོང་ལྷོད་པ་ཙམ། །
ཤུགས་རིང་ཁོག་ནས་འདྲེན་པའི་སྐབས་ཤིག་རྙེད། །

དེ་ལྟར་བསྲེག་ཟ་འབར་བའི་ལྷག་མ་ཙམ། །
སྐྱོང་བའི་མྱུ་གུ་ཕྱོགས་སུ་གཏོར་བ་ཡིས། །
ལྗོན་བཟང་ལོངས་སུ་སྤྱོད་པའི་བགོ་སྐལ་ནི། །
རྟེན་འབྲེལ་རྒྱུ་འབྲས་གསང་བའི་ཆོས་སུ་གྲུབ། །

ལྷག་པར་རིག་འཕྲུལ་རྣོ་སྐུད་ཕྲ་མོའི་རྒྱ། །
ཕྱོགས་བཅུའི་མཁའ་ལ་སྲད་བུས་རྒྱས་བཏབ་སྟེ། །
ཅན་བཞིའི་རྣམ་པ་དགེ་བར་བགྱིས་པའི་ལས། །
དགའ་བའི་གཞི་རུ་བརྟས་པའི་ཆེ་བ་འཛོམས། །

རྣམ་པ་གཞན་ཡང་རབ་འབྱམས་ཤེས་བྱའི་མཁའ། །
གུས་རྟག་གཤོག་ཟུང་རིང་དུ་རྐྱོང་བའི་སྡེ། །
སྒྲོ་ལྡན་ཁྱུང་ཆེན་གཅིག་ལས་གཅིག་ལྷག་པས། །
རྨོངས་བའི་ལྟོ་འགྲོ་འཇོམས་པའི་གཟི་དཔུང་འབར། །

ཆོལ་གསུམ་དམུ་ཐག་མཛའ་བའི་ཕྱག་རྒྱ་ཅན། །
བརྩེ་ཞེན་དར་གྱིས་ཉེ་བར་སྦྲེལ་བའི་ལམ། །
སྙིང་གི་གསང་བར་འབྲི་བའི་ཆེ་བ་ཡང་། །
ནང་མཐུན་མི་འགྱུར་རྡོ་རྗེའི་མདུད་པ་སྒྲིལ། །

ལུགས་ཟུང་སྨྲ་བའི་སྲོག་གི་ཉག་མ་སྟེ། །
ངག་རིག་སྒྲ་ཡི་ཐུན་མིན་སྒྱུ་རྩལ་གང་། །
དབྱངས་གསལ་རིག་བྱེད་མེ་ཡི་གྲངས་འཛིན་པ། །
འབྲི་ཀློག་ལས་ཀྱི་དགེ་བར་རྒྱས་སུ་འདེབས། །

ལས་འབྲས་གཉའ་བར་ཁེབ་པའི་རལ་བ་སྟུག །
བདེན་དྲང་དཔྲལ་བའི་གཉེར་མ་བརྩེགས་པའི་འོག །
སྤྱོད་བཟང་བཞིན་གྱི་རྣམ་པ་གསལ་བ་ལ། །
བསྐལ་བར་འཇུག་པའི་ངལ་བ་མ་གཏོང་ཀྱེ། །

དེ་ལྟར་སྨྲ་བའི་འབབ་སྟེགས་ཡངས་པ་རུ། །
བསིལ་ལྗོངས་སྣོད་བཅུད་གསལ་བའི་སྙན་ངག་དཔལ། །
འདི་ཀོ་ཅུང་ཙམ་བགྱིས་པའི་ཆེ་བ་འདི། །
ངག་རིག་ཚིགས་སུ་བཅད་པའི་རྣམ་པ་ཡིན། །

རྣམ་པར་རྟོག་པ་གཡེང་བའི་འགལ་རྐྱེན་ཞིག །
ཐ་མལ་བདག་དང་བདག་གིས་འཛིན་པ་ཡིས། །
བྲིས་པའི་སྙན་ཚིག་ཉུང་བར་འཕངས་པ་དེར། །
སེམས་ཀྱི་དཀའ་བ་ཐེག་པའི་ཚད་དུ་མིན། །

ད་ནི་ལས་སྨོན་དགེ་བས་ཉེར་བསྡུས་པའི། །
རེ་བའི་ཀློང་ཆེན་གཅིག་པའི་བྷོ་ཊ་པ། །
ཕྱི་ནང་གསང་བར་བཀྲ་ཤིས་མཚམས་སྦྱར་ཏེ། །
བདེ་ལེགས་གཡས་སུ་འཁོར་བའི་སྨོན་པ་འཇོག །

ཚེ་རིང་ནད་མེད་སྟོབས་འབྱོར་དཔལ་གྱིས་ཕྱུག །
སྙན་གྲགས་མངའ་ཐང་གང་བསམ་ལྷུན་གྱིས་འགྲུབ། །
འཚེ་མེད་ལེགས་ཚོགས་བདེ་བས་མཐའ་ཁྱབ་སྟེ། །
རྟག་ཏུ་ཆོས་མཐུན་ཆོས་ཀྱིས་འཚོ་གྱུར་ཅིག །

བསིལ་ལྗོངས་སྣོད་བཅུད་ལས་བཏུས་པའི་སྙན་ཚིག་འདི་ནི་སྲོལ་རྒྱུན་སྙན་ངག་གི་གཞུང་རྟ་རིང་དུ་བརྐྱངས་ཏེ་ཁམས་ཀྱི་ཆོས་སྡེ་ཆེན་མོ་གསེར་རྟ་བླ་རུང་ནས་བོད་དུང་བཟོད་པ་རྒྱ་མཚོའམ་སྨྲ་གསལ་དུ་འབོད་པས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག ། །།

རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།