གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱུག་བྲོ་བའི་མི་རབས་གསར་བ།

2017-01-22 17:41:54 བོང་སྟག་ལྷག་ག ཀློག་གྲངས། མཆན ཡོད།


བོད་ཐང་ཆེན་མོའི་ཁ་ཞེང་གནམ་གྱི་མཐའ།།
དབྱིངས་ཀྱི་སྐར་ཚོགས་སྤང་གི་ཁུད་ལ་འཛིན།།
མཐོ་སྒང་ཡུལ་གྲུའི་ལོ་རྒྱུས་གསེར་ཡིག་རེད།།
གསེར་ཡིག་གཏོར་བའི་མི་རབས་སྐྱུག་བྲོའོ།།

སྟོན་པ་སངས་རྒྱས་རྒྱ་གར་སྟོད་ཀྱི་སྲས།།
བྱང་ཆུབ་སེམས་རྒྱུད་གངས་ཀྱི་ལུང་པར་ཁྱབ།།
ཆོས་ཀྱི་སྙིང་བོ་མི་རྟོགས་ཆོས་ལུགས་པ།།
གྲུབ་མཐའ་རྩོད་པའི་མི་རབས་སྐྱུག་བྲོའོ།།

གནའ་མྱི་དཀར་བོའི་ཁ་ཆེམས་ཤར་ལ་གཡུགས།།
དེང་གི་ཕྲ་མའི་ལུགས་རྣམས་མིག་དཔེར་བརྩི།།
ཆོས་ལུགས་མ་འགྲིག་ཡང་ན་རྩོམ་རིག་ཅེས།།
འུར་བཤད་རྒྱག་པའི་མི་རབས་སྐྱུག་བྲོའོ།།

རང་ལ་ཡོད་ཡོད་ཚང་མ་འདོར་བར་འདོད།།
གཞན་གྱི་ཐམས་ཅད་རྒྱུད་ལ་ལེན་པར་སྤྲོ།།
སྙིགས་དོར་བཅུད་ལེན་ཨེ་ཤེས་མི་ཤེས་པའི།།
ཆུ་སྣ་གང་ཁྲིད་མི་རབས་སྐྱུག་བྲོའོ།།

གཞན་རྗེས་ལུས་ཀྱང་རང་མགོ་རང་གིས་གནོན།།
སྡེ་ཡི་རྩིབ་ནས་རང་མི་རང་གིས་གཙབ།།
ཡ་ཡོ་མེད་པར་ཡ་མཚན་ཏག་ཏག་བཅའ།།
ཕྲག་དོག་ཅན་གྱི་མི་རབས་སྐྱུག་བྲོའོ།།

མཁས་མདོག་བསྟན་ནས་མཁས་པར་དགག་ཁུལ་གྱིས།།
མཁས་པ་ཁྲོས་ནས་མཁས་ཚུགས་ཁ་བོ་བསྟན།།
མཁས་པ་ཡིན་མིན་ཁ་ཚོན་མི་ཆོད་ཀྱང་།།
ཁོག་རྒྱ་མེད་པའི་མི་རབས་སྐྱུག་བྲོའོ།།

ཀ་མད་སུམ་ཅུ་ཤེས་པས་ཤེས་ཡོན་པ།།
རྒྱ་ཡིག་ཨེན་ཙམ་ཤེས་པས་བསྒྱུར་བ་བོ།།
དཔང་རྟགས་ཙམ་གྱིས་ཞིབ་འཇུག་འབུམ་རམས་སོགས།།
འཇོན་ཐང་མེད་པའི་མི་རབས་སྐྱུག་བྲོའོ།།

འཚོ་ཚོས་ཙམ་ཆེད་རང་ཚུགས་དོར་བ་དང་།།
རང་གི་རིགས་དང་རུས་པ་བརྫོགས་དགའ་བའི།།
ཁྱིམ་པ་བ་ཚོའི་ནང་གི་ཁ་ཁེར་ཞིག །
རྗེས་རབས་རྫོད་པའི་མི་རབས་སྐྱུག་བྲོའོ།།

དྲྭ་བའི་སྟེང་ནས་གླེང་ཕྱོགས་འདོད་ཀྱིས་བཟོ།།
སྐད་འཕྲིད་སྒང་ནས་ཁ་ཕོ་སྟོབས་ཀྱིས་ཆེ།།
ཡོད་མེད་ཡིན་མིན་ཚང་མ་སྒྲོག་དགའ་བའི།།
ཡ་རབས་ཉུང་བའི་མི་རབས་སྐྱུག་བྲོའོ།།

ཡབ་ཀྱི་བློ་གྲོས་བོར་བ་ང་ཚོ་རེད།།
ཡུམ་གྱི་མཛངས་ཡོན་བོར་བ་ང་ཚོ་རེད།།
སྤུན་གྱི་དཔུང་རྡང་འཐོར་བ་ང་ཚོ་རེད།།
གཅིག་སྒྲིལ་མེད་པའི་མི་རབས་སྐྱུག་བྲོའོ།།
         
                     ༢༠༡༦/༤/༡    ནམ་གུང་གྲུབ།  


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།