གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགུར་གཞས་རིང་མོ་ཞིག

2017-03-24 21:52:38 རྫ་སྐྱེས་ཕུར་བ། ཀློག་གྲངས། མཆན ཡོད།

ལྷ་སའི་ལྕང་མ་ཆུ་རེད།།
ལྕང་མ་ལོག་ན་རྡོ་རེད།།
རྡོ་དང་ཆུ་ལ་བསམ་ན།།
ལྷ་སའི་ལྕང་མ་ཅི་རེད།།
ལྕང་མ་སྔོན་པོ་ཨེ་རེད།།
ལྕང་མ་སྔོན་པོ་མ་རེད།།
ལྕང་མ་གླིང་ཁའི་ནང་ལ།།
སོང་དང་མ་སོང་ཅི་རེད།།
རྐང་སྣེ་གླིང་ལ་བཏེགས་ཀྱང་།།
རྐང་ལྷམ་རྡོ་ལ་རལ་སོང་།།
ང་རང་ལྕང་མ་གླིང་ལ།།
ལས་འཕྲོ་ཟད་པས་མིན་འགྲོ།།

ལྕང་མའི་ཕ་ཤིང་གང་རེད།།
ལྕང་མའི་མ་ཤིང་གང་རེད།།
ལྕང་གླིང་སྤྱིལ་བུ་སྲུང་བའི།།
ཨ་ཕོ་བསམ་གྲུབ་གང་རེད།།
བསམ་གྲུབ་ཡོད་ན་ཆོག་ག།
བསམ་གྲུབ་མེད་ན་ཆོག་ག།
ལྕང་མ་འགྱུར་དང་མ་འགྱུར།།
ལྕང་ཤིང་མདོག་ལ་བལྟས་ཡོད།།

ལྕང་མ་ལྷ་སའི་ལྕང་མ།།
ཡར་ཆབ་ཁ་ན་ཨེ་འདུག།
ཡར་ཆབ་ཁ་ན་མི་འདུག།
ལྕང་མ་ཆུ་ལ་གཡུག་སོང་།།
ལྕང་ཕྲན་རླབས་ཀྱིས་དེད་སོང་།།
ལྕང་མ་གླིང་ཁའི་སྐུ་ཞབས།།
བཞུགས་དང་མ་བཞུགས་ཅི་རེད།།
ཝ་ཡེ་ལྕང་མ་གླིང་ལ།།
བཞུགས་དང་མ་བཞུགས་ཅི་རེད།།

ལྕང་མ་ཡར་བསྐྱེད་ཆུ་རེད།།
ལྕང་མ་མར་བསྐྱེད་ཆར་རེད།།
ཆུ་དང་ཆར་བ་གཉིས་ལ།།
ཟམ་པ་འཛུགས་མཁན་སུ་རེད།།
ཟམ་པ་འཛུགས་མཁན་ང་རེད།།
སྲས་མོ་གཡུ་ཆུང་དྲུག་དཀར།།
ཟམ་པ་བརྒྱུད་ནས་ཕེབས་དང་།།

ལྕང་གླིང་བྱེ་འུ་འཇོལ་མོ།།
ལྕང་མའི་སྐྱིབས་ན་ཨེ་འདུག།
ལྕང་མའི་སྐྱིབས་ན་མི་འདུག།
ལྕང་ཤིང་ཡལ་ག་ལྡེམ་པ།།
སྙན་ཚིག་ཨེ་ཡིན་བསམ་ཞིང་།།
སྙན་ཚིག་མིན་འགྲོ་བསམ་བྱུང་།།

ལྕང་གླིང་མི་ཡིས་གང་ན།།
མཚན་མོ་ཡིན་ཡང་གང་ན།།
ལྕང་མའི་གླིང་གི་སྲས་མོ།།
མཐོང་དང་མ་མཐོང་ཅི་རེད།།
ཝ་ཡེ་གླིང་ཁའི་སྲས་མོ།།
མཐོང་དང་མ་མཐོང་ཅི་རེད།།
སྲས་མོའི་རྒྱབ་གཟུགས་ནང་ལ།།
མེ་ཏོག་དཀར་དམར་མང་ཡང་།།
མེ་ཏོག་འཐུ་བའི་མི་དེ།།
ད་ནངས་ཚེ་ལས་འདས་བཞག།

ཉིན་མོ་མི་ཡིས་མི་མཐོང་།།
ཉིན་མོ་མི་ཡིས་གབ་བཞག།
མཚན་མོ་བཙལ་ཀྱང་མི་དགོས།།
མཚན་མོ་ཁྲོམ་གཞུང་གསལ་འདུག།
དེ་ན་ལྕང་མའི་ལྕུགས་ཕྲན།།
སྲས་མོའི་དབུ་ལྕང་ཨེ་ཡིན།།
སྡེ་བ་གཞུང་གི་རླུང་དེས།།
དབུ་ལྕང་ཡང་ཡང་བསེད་ན།།
སྲས་མོ་སྐྱོ་ལེ་འདུག་གམ།།

ལྕང་མ་སུ་ཡིས་བཅགས་སོང་།།
ལྕང་མ་ཁོང་གིས་བཅགས་སོང་།།
ལྕང་ཤུན་རུག་མཁན་སུ་ཡིན།།
ལྕང་ཤུན་རུག་མཁན་ང་ཡིན།།
ལྕང་གླིང་དྲན་ནས་ཡོང་བའི།།
ལྕང་མའི་སྐྱིབས་ཀྱི་ང་ཡིན།།

སྤྱན་གསལ་ཕོ་བྲང་ནང་གི།
ལྷ་སྐུ་ཡིན་ན་མ་གཏོགས།།
སྦྲང་ནག་སོ་ཡིས་རྨུགས་པས།།
ལྕང་གླིང་བསྐོར་ཐབས་ཨེ་འདུག།
ལྕང་གླིང་བསྐོར་ཐབས་མི་འདུག།
རབ་གསལ་ཁ་ཡི་སྦྲང་ཆུང་།།
འཕུར་ཙམ་འཕུར་ཙམ་གནོངས་དང་།།
ལྕང་མ་གླིང་ཁའི་སྲས་མོར།།
འཕྲིན་ཞིག་ཕུལ་དགོས་ཡོད་དོ།།

ལྕང་མའི་ཤག་ཆུང་ནང་ན།།
དོ་ནུབ་པ་སངས་ཨེ་འདུག།
དོ་ནུབ་པ་སངས་མི་འདུག།
པ་སངས་ཨམ་ཕྲག་ནང་ལ།།
དོ་ནུབ་སེམས་གཞས་བཅུག་ཡོད།།
ལྕང་མའི་ཉི་མ་ཟླ་བ།།
ལྕང་མའི་རྩེ་ནས་ནུབ་སོང་།།
དོ་ནུབ་པ་སངས་གཅིག་པུས།།
ཉི་མ་ཟླ་བ་དྲན་སོང་།།

ལྕང་མ་ཕོ་ལྕང་གང་རེད།།
ལྕང་མ་མོ་ལྕང་གང་རེད།།
དོ་ནུབ་ལྕང་གླིང་གྲུ་བཞིར།།
བྱེ་འུ་མང་པོ་ཨེ་འདུག།
བྱེའུ་མང་པོ་མི་འདུག།
སྣང་རྩེ་ཤག་ནས་ཡོང་བའི།།
བྱེའུ་དེ་ཅག་ཅག་འཕུར་སོང་།།
གཟིམས་ཆུང་ཡོལ་བའི་ངོས་ལ།།
སྤྲིན་པ་སྤར་གང་བསྐྱུར་བ།།
དགའ་ལྡན་ཨ་མགོ་རི་ནས།།
མཁའ་ལ་ལྡང་ཙམ་བྱས་སོང་།།
ད་ནངས་ཀུན་བདེ་གླིང་གི།།
བན་ཆུང་ཞིག་གིས་མཐོང་བཞག།

སྲས་མོ་གསུང་གཞས་སྙན་ལེ།།
ལྕང་བྱེའུ་དེས་ཀྱང་སྙན་ལེ།།
ལྕང་གླིང་ནང་གི་མི་ལ།།
ངལ་གསོ་ཡོང་བ་ལོས་ཡོད།།
ཀུན་བདེ་གླིང་ལ་ཨེ་འགྲོ།
ཀུན་བདེ་གླིང་ལ་མི་འགྲོ།།
སྲས་མོའི་གཟིམས་ཆུང་ནང་གི།
མར་མེ་ཡིན་ན་ཆོག་ག།

སྲས་མོ་གཟིམས་ན་ཨེ་ཡོང་།།
གཟིམས་ལམ་གཏང་ན་ཨེ་ཡོང་།།
གཟིམས་ལམ་ནང་གི་བྱེའུ་ཆུང་།།
མགོ་བོ་གུག་ཙམ་བཟོས་ཤིང་།།
གཤོག་པ་རྐྱོང་ཙམ་བྱས་ཏེ།།
མཁའ་ལ་འཕུར་ཚུལ་ཨེ་བསླབ།།
མཁའ་ལ་འཕུར་ཚུལ་བསླབས་ན།།
ང་ཡང་ལྕང་མ་གླིང་གི།
བྱེའུ་ཞིག་ཡིན་ན་ཆོག་ག།

སྲས་མོའི་སྤྱན་ལ་འཁྲུངས་བའི།།
སྤྱན་གྱི་འཛུམ་ལ་གད་པའི།།
ལྕང་ཤིང་རྩེ་ཡི་མེ་ཏོག།
དཀར་དམར་མང་དུ་བཞད་དེ།།
ལྕང་གླིང་ནང་དུ་ཨེ་ཁྱབ།།
ལྕང་གླིང་ནང་ལ་ཁྱབ་ན།།
ང་ཡང་སྲས་མོའི་སྤྱན་གྱི།།
མེ་ཏོག་ཡིན་ན་ཆོག་ག།

༢༠༡༥ལོའི་ཟླ༣པའི་ཚེས༢༤ཉིན་ང་རང་ལྷ་སར་འབྱོར་ཏེ།  ཏག་ཏག་ཉིན་བཅུའི་རིང་ཉི་མ་ལྷ་སའི་དགོན་གྲོང་དང་གནས་ཆེན་ཁག་ལ་བསྐྱོད།  དེ་དུས་ལྕང་མ་གླིང་ནས་འདི་འདྲ་ཞིག་བྲི་རྒྱུར་བློས་བསླངས་བྱས་མོད།  ཚིག་གྲུབ་དང་བརྗོད་པའི་རྩལ་གྱིས་མ་འདང་བས་ད་བར་ཏུ་ལུས།  ཡ་མཚན་པ་ཞིག་ལ།  དེ་རིང་གློ་བུར་གྱི་རྐྱེན་སྣང་གང་ཞིག་གིས་མགུར་གཞས་འདི་ཡི་གེར་མངོན་པའི་རབ་འདེགས་ཐོབ་བྱུང་།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།