གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་ལ་མ་ངེས་པ།(ཞར་བཀོད་བཞི་ཡོད)

2017-06-22 16:22:44 ལི་ཐང་དབྱིག་གཉེན། ཀློག་གྲངས། མཆན ཡོད།


ང་ནི་རི་ཁར་ལྡིང་བའི་བྱ་ཁྱུ་ཞིག།
ས་ཁྱོན་མངས་པོར་བསྐོར་ཞིང་བསྐོར་ཞིང་འོང་།།
ངལ་དུབ་མངས་པོ་གསོག་ཅིང་འོང་བའི་ཚེ།།
ཁྱེད་ཀྱི་གཤོག་པའི་ནང་དུ་ལྷུང་སྙམ་བྱེད།། 

བདག་ནི་ནགས་སུ་བཞུད་པའི་སྟག་ཁྱུ་ཞིག།
བྲག་དང་ཤིང་ལ་སྦར་མོ་བརྡར་ཞིང་འོང་།།
སེམས་ཅན་གྲངས་མེད་དངངས་པར་རྩོམ་པའི་ཚེ།།
ཉིད་ཀྱི་སྐྲ་ལོའི་གསེང་དུ་ཐོགས་སྙམ་བྱེད།། 

ང་ནི་སྤང་ཁའི་སྟེང་གི་ཕྱེ་ལེབ་ཅིག།
མེ་ཏོག་སྣ་ཚོགས་བརྒལ་ཞིང་བརྒལ་ཞིང་འོང་།།
བརྒལ་ཞིང་བརྒལ་མི་ཚར་བར་གོ་བའི་རྗེས།།
ཁྱེད་ཀྱི་མཛུབ་དཀྲིས་གསེང་དུ་ཐོགས་སྙམ་བྱེད།། 

བདག་ནི་གྲོང་དུ་ཉུལ་བའི་སྟག་ཤར་ཞིག།
མཛེས་མའི་མེ་ཏོག་ལེན་གྱིན་ལེན་གྱིན་འོང་།།
དྲྭ་འཕྲིན་མངས་པོར་འཚང་ཀ་རྒྱག་པའི་ཚེ།།
ཉིད་ཀྱི་དོ་ཡའི་ནང་དུ་འཛག་སྙམ་བྱེད།།
                 ༢༠༡༧    ༦   ༡༤ ཉིན།

              སྐད་ཆ་ཐོལ་བ་འགའ།

ངས་ནི་མདང་ནུབ་སྒྱུ་མའི་རྨི་ལམ་དུ།།
འདི་ལྟར་གོ་བའི་གཞན་གྱི་སྐད་ཆ་ལ།།
ཁྱེད་རང་བྱ་ཁྱུ་བཞིན་དུ་སྤྲིན་པའི་སྟེང་།།
གྲིབ་མ་ལྷག་མ་མེད་པར་འཕུར་བར་ཐོས།།

འོན་ཀྱང་བདག་ལ་ཁྱེད་ཉིད་གསལ་བའི་ནང་།།
དཔྲལ་བའི་རི་མོ་དག་ནི་འོད་དང་བཅས།།
དབུ་སྐྲ་གསེར་མདོག་ཅན་ཡང་རླུང་གིས་སྤུར།།
འཛུམ་མདངས་ཀྱུག་གེ་དེ་ཡང་ལྷང་ངེར་རིག།

ཐ་ན་དེ་རིང་ཉི་མའི་འོད་དེ་ཡིས།།
ཕྱོགས་གཡས་གསལ་ཞིང་ཕྱོགས་གཡོན་བསྒྲིབས་པའི་རྗེས།།
ཁྱེད་ཀྱི་དེ་བཞིན་ཉིད་དེ་གསལ་བ་ཡིས།།
སྐུ་ཉིད་མེ་ལོང་ཚུལ་དུ་ཉེ་བར་འོང་།།

དེ་ལྟར་ཡུན་གྱིས་ང་ཡི་དྲན་པའི་ནང་།།
མིག་ཆུ་སྦར་མོ་གང་རེ་གཏོར་བའི་གཞུག།
སེམས་ཀྱིས་བྱིལ་བྱིལ་དེ་འགའ་བཟོས་པའི་རྗེས།།
ང་ཡི་ལག་པའི་ནང་དུ་ཤོང་མ་ཐུབ།།
            ༢༠༡༧    ༦   ༡༦ཉིན། 

               ལས་ཀྱི་སྣང་བ།

མི་ཚོས་སུ་ཞིག་བཀླགས་པར་མ་ངེས་གོང་།།
ང་ཡི་རྣ་ཅོག་གཉིས་ཀར་ཟ་འཕྲུག་བསླངས།།
ཉི་འོད་གྱོན་གོས་གསེང་དུ་མ་ཕོག་ཀྱང་།།
རྣམ་རྟོག་འདི་ཡིས་ཅི་ཞིག་དྲན་འགོ་རྩོམ།།

ཁང་པ་འདི་ཀའི་ཕྱི་དང་ནང་ཙམ་ལས།།
བསོད་ནམས་མཆི་བའི་མྱི་དང་འདྲ་འོ་ཞེས།།
མི་དྲན་དགུ་དྲན་བགྱིས་པའི་ཕྱི་རྡིག་ལ།།
ང་ཚོས་ཅིའི་ཕྱིར་ཞེན་ཆགས་སྐྱེས་སམ་སྙམ།།

གོས་ཀྱི་གྲིབ་མས་འབུད་གྱག་བཏང་བའི་གཞུག།
གློ་བུར་ང་ནི་ལྗོངས་ཀྱི་ཕྱེ་ལེབ་ཅིག།
མེ་ཏོག་དཀར་དམར་མངས་པོ་བསྐོར་ཏེ་འགྲོ།
སྣང་བའི་གྲིབ་བསིལ་མངས་པོ་རྔུབ་སྟེ་ཆས།།
               ༢༠༡༧   ༦    ༤  ཉིན།  

               རྟེན་འབྲེལ་འགྲིག་ཚུལ།

ཉི་འོད་ཤེད་ཀྱིས་ང་ཡི་ཕོར་ཁར་བབས།།
མངར་ཇའི་ནང་དུ་རྟེན་འབྲེལ་ཚིག་ཅིག་བྲིས།།
བདག་ལ་བསམ་མི་ཁྱབ་པའི་གདེང་ཚོད་ཅིག།
གློ་བུར་ཨེ་འདྲ་སྐྱེས་པ་དཀོན་མཆོག་གམ།།

ཡང་ན་ལས་ཀྱི་དབང་གིས་ཡིན་ནམ་སྙམ།།
ལོ་ཡི་འཁོར་མོ་འདི་ལྟར་མྱུར་ན་ཡང་།།
བདག་གིས་སྒྱུ་མའི་རྨི་ལམ་གྲངས་མེད་སྤུངས།།
གངས་རི་མཐོན་པོ་དག་དང་མཉམ་པ་འམ།།

ཡང་ན་མཚོ་མོའི་གཏིང་ལ་ཐུག་སྙམ་གྱིས།།
སེམས་ཀྱི་དཔའ་ནི་ཞུམ་མི་འོང་ངམ་སྙམ།།
སྔ་དྲོ་རེ་ལ་ཉི་མ་གྲངས་མེད་ཤར།།
ནུབ་མོ་རེ་ལ་མུན་པ་གྲངས་མེད་རུབ།།

དེ་གཉིས་དབྲག་ཏུ་ང་ཡི་བ་སྤུ་དག།
སེར་ཀས་རྡུང་བའི་རྔ་ཆུང་ཞིག་ཏུ་འམ།།
ཡང་ན་སྐད་ཅིག་མ་ཡིས་འབུད་པར་ནོངས།།
              ༢༠༡༧    ༦   ༡༠  ཉིན།   

                              འོད་ཀྱི་མུན་པ།

མུན་པའི་ནང་དུ་ཤོག་བྱ་བཟོ་བའི་ཚེ།།
ན་ནིང་ཁྱེད་ཀྱི་ཞལ་རས་གསལ་བར་གྱུར།།
རླུང་གིས་བདས་པའི་ད་ལོའི་ལོ་མ་ཡང་།།
ཐལ་བར་མཉམ་དུ་ལག་རྡང་སྦྲེལ་ཚུལ་ཐོས།།

གཞུང་ལུགས་གསེང་གི་བག་ཆགས་མཐུག་པོ་མས།།
རིགས་ཀྱི་ཁ་ངོ་བོད་ཐུག་བཞིན་དུ་དཀྲུགས།།
ལྟ་ཚུལ་ཞར་བའི་དབྱར་གྱི་ཟིལ་པ་ཚོར།།
སྡེ་འདི་བསྒུལ་བཏུབ་སྙམ་པའི་བློ་རྒྱུ་བསྐྱེད།།

ཚིག་དྲི་ཁུར་བའི་མི་འམ་ཅི་དག་གིས།།
ལས་ལ་ཁ་ཡག་བཤད་ཀྱིན་དུ་ནག་སྔོག།
ཁ་དང་ལག་པ་ཧྲིག་ཧྲིག་འདར་བའི་གཞུག།
ཆང་ཡང་འཇུ་འོང་སྙམ་པའི་དྭོགས་པ་སྐྱེས།།

དུ་ནག་ནང་གི་མེ་ལོང་གསལ་བོ་མར།།
མི་འམ་ཅི་ཡི་མི་ཚེ་ལྷང་ངེར་བུད།།
མི་མཐོང་རྒྱང་དུ་ག་ལེར་འབུད་གྱག་གཏོང་།།
ཚེ་འདིར་བྱིལ་བྱིལ་མི་བཟོ་ཕེབས་ཨང་སྙམ།།
                   ༢༠༡༧   ༦   ༡༥  ཉིན།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།