གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རིག་འཛིན་ཚངས་དབྱངས་རྒྱ་མཚོ།

2017-07-08 10:39:08 དྲང་འགྲོ(འཇོ་མདའ) ཀློག་གྲངས། མཆན ཡོད།

IMG_5035.JPG

ལྷོ་མོན་ཡུལ་གྱི་དབུལ་པོ་ལྷ་ཁང་ནང་གི་གསེར་སྐུ།།
ཆོས་སྲིད་ཁྲི་ལ་བཀོད་ཀྱང་དགའ་རྒྱུ་སྐྱོ་རྒྱུ་མི་འདུག།
ཀོང་གཞས་ཡག་པོ་ལེན་པའི་བར་སྐོར་ལམ་གྱི་མི་དེ།།
སེམས་ཀྱི་རི་མོ་ཡིན་པས་མགུར་མའི་ནང་དུ་བཞེངས་ཡོད།།

རྒྱ་ཕིབས་སྟེང་གི་ཕུག་རོན་སོ་སོའི་གནས་མལ་ལོག་དུས།།   
ལི་ཐང་དྲན་པ་ཨེ་རེད་གཤོག་རྩལ་ང་ལ་གཡོར་ཟེར།།
མཚན་མོ་སྒེའུ་ཁུང་འགྲམ་ནས་ཟླ་བའི་འཁོར་ཕྱོགས་བལྟ་ཞོར།།
མ་སྐྱེས་ཨ་མ་དྲན་པའི་ལ་གཞས་ཟླ་བར་བླངས་སམ།།

ཕོ་བྲང་ནང་ན་སྨྲེང་བའི་སྐུ་ངོ་ཚངས་དབྱངས་རྒྱ་མཚོ།།
གཟན་གྱིས་གཤོག་པ་གནང་སྟེ་ལི་ཐང་ཕྱོགས་སུ་འཕུར་སོང་།།
ལྷ་སའི་གླིང་གི་ངལ་དུབ་ལི་ཆུའི་ནང་དུ་བཀྲུས་རྗེས།།
སྤྲིན་ལ་མགུར་དབྱངས་ལེན་ཞོར་རྒྱལ་སར་ལོག་ཕེབས་གནང་བྱུང་།།
 
"བན་དེ་སྐྱ་མིན་སེར་མིན"ལྷ་ཁང་ནང་ནས་ཕུད་རྗེས།།
མགུར་ཆུང་སྒྱེ་གང་བསྣམས་ནས་འཕྱོང་རྒྱས་ཡུལ་དུ་ཆས་སོང་།།
ཕོ་བྲང་ནང་གི་མངའ་བདག་ས་མཐའི་ཡུལ་གྱི་འཁྱམ་པོ།།
ཨ་ཅག་ལྷ་མོའི་རུམ་དུ་མགུར་གླུ་ཅི་ཙམ་འཁྲུངས་ཡོད།།
                                              
                                      2017-7-5-ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།