གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་རྐང་གླིང་གི་སྙན་ངག་ཚན་པ་བཞི།

2017-07-22 09:59:31 ཁ་བ་རྐང་གླིང་།(གཞིས་ཀ་རྩེ) ཀློག་གྲངས། མཆན ཡོད།

image001.jpg

དངོས་མིང་། ཚེ་རིང་། སྨྱུག་མིང་དུ་༼   ཁ་བ་རྐང་གླིང་ངམ་འབྲོང་ཕྲུག་ཚེ་རིང་༽ བོད་ལྗོངས་ལ་སྟོད་དིང་རི་སྤེལ་པ་ཚང་ཞེས་པའི་དབུལ་པོའི་ཁྱིམ་ཚང་དུ་སྐྱེས་ཤིང་སྔ་ཕྱིར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལེགས་པར་འགྲིམས་ནས་ད་ལྟ་གཙང་ཁུལ་གྱི་ས་ཆ་ག་གེ་མོ་ཞིག་ནས་གཞུང་ཞབས་པ་ཞེས་པའི་ཅོད་པན་དེ་ཨུ་ཚུགས་ཀྱི་གྱོན་ཞོར་སྙན་ངག་དང་ལྷུག་རྩོམ་འགའ་ཞིག་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་།   ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། ཇོ་མོ་གླང་མ་།  བོད་ལྗོངས་ཉིན་རེའི་ཚགས་པར་ཁམས་པའི་ཚགས་པར་སོགས་སུ་བཀོད་མྱོང་།   2014ལོར་གཞི་ཀ་རྩེའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིར་ཞུགས། །

                                     དུས་ཚོད་ཀྱི་བདེ་བ།

དུས་ཚོད་ཐག་སྒྲའི་ཁྲོད་ནས་འགྲོ་བཞིན་དུ། །
ད་ནང་ཞོགས་པའི་མི་བུ་བདུད་ཆེན་དེ། །
ད་ལྟ་སངས་རྒྱས་འབོད་པའི་གོ་སྐབས་བྱུང་ །
དེ་འདྲ་དེ་ཡི་དུས་ཚོད་འཁོར་ལོ་ལ། །
དྲིན་ཅན་དྲིན་དུ་མི་བསམ་གང་ལ་བསམ། །

 ན་ནིང་ལོ་ཡི་བླ་མ་ཞེས་པ་དེ། །
ད་ལོ་སྐྱ་སའི་མག་པ་རབ་ཅིག་རེད། །
དེ་ལ་དེ་ཡི་སྡོམ་འཆོར་སྐལ་བ་ལྡན། །
དེ་ཡང་དུས་ཀྱི་འཁོར་ལོའི་སྦྱིན་པ་ཡིན། །
འདི་ལ་དེ་ལྟར་བཀའ་དྲིན་བསམ་པར་གྱིས། །

དུས་ཚོད་དལ་ལྷོད་རན་པོར་རྒྱུག་པ་ཡི། །
མི་ཡི་སྐྱེ་རྒ་ན་འཆིའི་གོ་རིམ་སྒྲིག །
བྱིས་པ་བརྒྱད་པ་སོ་ཆག་དུས་ཀྱིས་བཀོད། །
འཆི་བ་དྲན་ནས་སྡིག་པར་འཛེམས་པ་རེད། །
དེ་འདྲ་འདི་ཡང་དུས་ཀྱི་སྦྱིན་པ་ཡིན། །

                                     ལྷ་ས་ན་སེམས་ཀྱི་ན་ཟུག་ཅིག་ཡོད།

ལྷ་ས་ལྷ་ས་ཟེར་བའི་དག་ཞིང་དེར། །
བདག་གི་སེམས་ཀྱི་ཕྱེད་ཀ་ཤེས་བཞིན་བཞག །
མི་འདོད་ཐབས་མེད་ངང་ནས་དེ་ལྟར་བཞག །
འགྱོད་ཅིང་སྙིང་ཟེར་རྒྱག་བཞིན་དེ་ལྟར་བཞག །

དཔྲལ་བའི་འོག་ཏུ་འོ་ཞིག་བྱས་པ་ཡིན། །
མིག་གི་ནང་ནས་ཆར་པ་ཟམ་ཟིམ་བབས། །
སྙིང་གི་སྟེང་ལ་མདའ་རྩེས་བསྣུན་པ་བཞིན། །
ཨུ་ཚུགས་ལས་ཀྱི་ཁུར་བོ་ལེན་དུ་ཆས། །

ང་ལ་ལས་ཀྱི་ལས་སྐལ་ཐོབ་པ་ལས། །
སྐྱིད་པོའི་བདེ་བ་རྒྱང་ལ་ལུས་པ་ཡི། །
ཁ་པར་ནང་གི་འདྲ་པར་འདི་དག་ལ། །
སྐྱབས་སུ་རེ་ནས་རང་སེམས་གསོ་རྒྱུ་ཡིན། །

                                     ང་ཡི་དབྱངས་ཅན་མ་ནི་འདིའོ།།

སྤང་ལ་གདན་གྱིས་མཛེས་རྒྱན་སྤྲད་པ་དང་།།
དེ་ཡི་གམ་ནས་ཤང་ཤང་ཆུ་ཕྲན་རྒྱུག །
སྤང་དང་ཆུ་ཕྲན་བར་གྱི་སྐྱིད་ས་དེར། །
དེང་དུས་གུར་ཆུང་མེ་ཏོག་བཏབ་པ་ཡིན། །
ཟུར་དུ་ཉི་འོད་ལྡེ་ནས་བསྡད་པ་ཡིན། །

ཉི་འོད་ལུས་ལ་གྱོན་ནས་བདེ་བ་སྒོམ། །
བདེ་བའི་ངང་ནས་ཆུང་མའི་པང་དུ་ཉལ། །
ཆུང་མའི་གདོང་ལ་ལྟ་བཞིན་ལྟ་བཞིན་དུ། །
སེམས་དང་སེམས་པའི་བར་ནས་དྲོད་ཅིག་སྐྱེ །
དྲོད་ཀྱི་མིང་ལ་བདེ་དྲོད་ཟེར་བ་ཡིན། །

ཚད་ལ་རན་པའི་ཉི་འོད་གྱོན་པ་ཡིན། །
དེ་ཡི་འོག་ཏུ་དཔེ་ཆར་ལྟས་པ་ཡིན། །
ཡིག་འབྲུ་རེ་ཡི་དོན་ལ་དཔྱད་པ་ཡིས། །
དུས་ཚོད་གང་ལ་སླེབས་པ་མི་ཤེས་བཞིན། །
མགོ་བོ་འཚིག་ནས་རླངས་དུམ་གནམ་ལ་ཕྱུར། །

ཉི་མ་མགོ་ལ་ཚ་བྱུང་མིག་ལ་གཟན། །
གུར་ཆུང་མེ་ཏོག་ནང་ལ་འཛུལ་བ་ཡིན། །
གཏེར་ཆུ་བྲིས་པའི་གཏེར་ཆུ་འཐུང་བ་ཡིན། །
ཚོར་བ་སྨྱུ་གུར་བཅོལ་ནས་སྙན་ངག་བྲིས། །
གཟའ་མཇུག་བདེ་བ་དེ་ལས་ལྷག་ཅི་ཡོད། །

                                     ང་དོན་ཐེད་ལ་བོར་བ།

རང་སེམས་ཆོས་ཀྱིས་བཅོས་དགོས་ཟེར། །
གྱོང་པོ་ཆོས་ཀྱིས་བཏུལ་དགོས་ཟེར། །
རང་དོན་ཆོས་ཀྱིས་དོར་དགོས་ཟེར། །
གཞན་ཕན་ཆོས་ཀྱིས་བསྒྲུབ་དགོས་ཟེར། །
དད་པས་གོམ་ཆེན་སྤོས་པའི་ཚེ། །
རང་ལ་ཕྲོད་པར་དཀའ་ཙམ་གདའ། །

ཆུང་མས་འཇིག་རྟེན་མི་ཚེ་སྐྱེལ་དགོས་ཟེར། །
ཨ་ཕས་རང་དོན་འཚོ་བ་བསྒྲུབ་དགོས་ཟེར། །
ཨ་མས་སོ་སོའི་བུ་ཕྲུག་སྐྱོང་དགོས་ཟེར། །
དེ་འདྲ་དེ་འདྲའི་འཚོ་བའི་ཧྲག་བར་ནས། །
འགལ་ཟླའི་ནགས་ལོ་རྫིང་པར་བྱེད། །
རང་དོན་དོར་བའི་སྐྱ་མི་འཁྱོངས་བར་དཀའ། །

རང་དོན་རང་གིས་རྒྱབ་ལ་ཁུར་བཞིན་དུ། །
བརྩོན་པས་རང་གི་འཚོ་བ་རང་གི་སྐྱོལ། །
གཞན་ལ་གནོད་པའི་མི་ངན་མི་བཅངས་བར། །
གཞན་ཕན་ཞེས་པ་ཞ་ཞོར་བསྒྲུབ་པ་ན། །
དེ་ལས་སྐྱིད་པའི་སྐྱིད་ཅིག་གང་ན་ཡོད། །
དེ་ལས་བདེ་བའི་བདེ་ཞིག་གཞན་ན་མེད། །

                                       མཐོང་བ་ཨ་ཟིན་སྤུ་ཟིན་མ།

                                                        ___གནས་ཆེན་མཚུར་ཕུ་དགོན་དུ་བསྐྱོད་པའི་མྱོང་བ།

དོ་ནུབ་ཉི་མའི་འོད་ཟེར་རྒྱང་ནས་ལམ་ལམ་འཕྲོ། །
ང་ཡི་སེམས་པ་ཉི་མའི་འོད་ཟེར་རེ་ལ་འཁྱུད། །
ང་ཡི་སྤྲོ་བ་ཁྱིམ་མི་རེ་ཡིས་སྟེར་བ་མིན་ནམ་ཀྱེ །
ང་ཡི་བདེ་བ་ཐང་ཆེན་དེ་ནས་རྒྱས་སོ་ལོ། །

ཡ་གིའི་དགོན་པའི་ལྷ་ཁང་མཚར་པོའི་རྩེ་མོ་ན། །
དར་ཆ་ཞིག་གིས་ལྷབ་ལྷུབ་བྱེད་ལ་ང་ཡིས་བལྟས། །
དར་ཆེན་དེ་ལ་ལྟ་བཞིན་ཧད་པའི་སེམས་པ་འདི། །
ཨ་མས་དཀྲོག་སྟེ་དར་ལ་འགྲེལ་པའི་འགྲེལ་ཞིག་རྒྱབ། །

 ལྷ་ཁང་འདུ་ཁང་རྗེས་ཞུག་རྗེས་ཀྱི་མཇལ་བ་ཡིན། །
བླ་མ་དམ་པའི་མཚན་བཟང་འདི་ནས་ཐོས་སོ་ལོ། །
བླ་མ་དམ་པའི་མཛད་པ་འདི་ནས་ཤེས་སོ་ལོ། །
བླ་མའི་ཞབས་ལ་གུས་པའི་ཕྱག་ཅིག་འཚོལ་ནོ་ལོ། །

སྟེས་དབང་མིན་ན་བསོད་ནམས་བསག་པའི་འབྲས་བུ་ཡི། །
བླ་མ་རིན་པོ་ཆེ་དང་མཇལ་བའི་སྐལ་བ་ཐོབ། །
གདོན་འདྲེས་བཟུང་བའི་སེམས་པ་མ་རབས་འདི་ལ་ཡང་ །
གཅེས་པོའི་གདོན་འདྲེའི་གདོང་ནས་ཟིན་ཏེ་བསྐྱབས་པར་བྱས། །

བཀའ་བརྒྱུད་སྲུང་འཁོར་ཉོས་ནས་སྦྱར་སར་སྦྱར་བ་ཡིན། །
བཀའ་བརྒྱུད་དཔེ་ཆ་བླུས་ནས་རང་སེམས་བཅོས་པར་བྱེད། །
བཀའ་བརྒྱུད་བླ་མ་དྲན་ནས་རང་སེམས་བྱམས་པ་སྒོམ། །
བཀའ་བརྒྱུད་ཅེས་པ་ང་ཡི་སེམས་ཀྱི་དད་ས་ཡིན། །

དཔེ་ཆའི་སྒྲུང་ལ་རྒྱུས་པའི་ལྷ་ཡུལ་དེ་ན་ཡང་ །
འདི་ལས་ལྷག་ཅིག་ཨེ་ཡོད་འདི་ལས་མཚར་བ་མེད། །
བྱིན་ཅན་འདི་ནས་འགྲོ་དྲུག་ཞེས་པ་དེ་དག་ལ། །
ནད་མེད་འཚེ་བ་མེད་པའི་སྨོན་ལམ་དགུང་ལ་གཏོར། །

ད་ལོ་མ་ཡིན་སང་ལོ་གནངས་ལོའི་འཁོར་བགྲོད་ལ། །
འདི་ནས་འདི་ལྟ་དེ་ལྟར་སེམས་བསམ་ཡོང་བར་སྨོན། །
འདི་ནས་བསོད་ནམས་ལས་འགྲོ་མ་ཆད་འོངས་བར་སྨོན། །
འདི་ནས་འདི་ལྟ་དེ་ལྟར་རང་སེམས་བདེ་བར་སྨོན། །

 

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།