གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་མཇུག་གི་འཁྲེང་སེམས།

2017-08-27 13:50:46 རིན་ཆེན་ཐར། ཀློག་གྲངས། མཆན ཡོད།

ཆུ་རྡུལ་ཟུངས་ཁྲག་ཟད་པས་རབ་དཀར་བ།།
ཕང་ཕུང་སྤྲིན་པའི་བལ་ལྡན་སྟོང་ཕྲག་ཁྱུ།།
སྔོ་བསང་མཁའ་ལ་བཀྲམས་པའི་དགའ་བ་ཡང་།།
གྲང་རེག་མདུང་མོ་དྲུད་པའི་རླུང་བུས་བཅོམས།།

རིང་ནས་བསྐྱངས་པ་གཤོག་ཐོགས་ལོ་མའི་ཚོགས།།
ལྗོན་པར་མཛའ་བ་ལྷོད་པའི་བརྟུལ་ཞུགས་ནི།།
ཁྲེལ་མེད་བུ་ལོ་ཕ་མར་འདྲོགས་པ་བཞིན།།
གང་སར་འཕུར་བ་སྨྲེང་བ་སྣོན་མའི་རྒྱུ།།

ཡིད་ཀྱི་གསོས་གྱུར་ཁུ་བྱུག་སྙན་པའི་དབྱངས།།
ལྷོ་བཞུད་ཁྲུང་ཁྲུང་བསྟར་བའི་གྲལ་གྱིས་བཅད།།
འཕུར་ལྡིང་གར་གྱིས་མྱོས་པ་བུང་བའི་འཁོར།།
སྤང་ལ་སེར་ཐིག་ལྷུང་བའི་མདའ་ཡིས་རྨས།།

གཡུ་ཞུན་ཐགས་སུ་བཏགས་པའི་ནེའུ་གསིང་ལྟོར།།
སྣ་ཚོགས་མེ་ཏོག་མཛེས་པའི་ཕུན་ཚོགས་ནི།།
སད་ཀྱི་གཟའ་རྒོད་ཁྲོས་པའི་རོ་འཛིན་གར།།
རྣམ་པར་གཡོས་པས་སྐད་ཅིག་ཉམས་པར་བྱས།།

གྲང་རླུང་ཤིག་ཤིག་ལ་ལུང་བར་མེད་དུ།།
རྩྭ་ལོ་ཤོག་ཤོག་འདེད་པའི་ལས་ཀྱིས་བྲེལ།།
ཁ་ཆར་ཤམ་ཤམ་བསྟུད་མར་བྱོ་བ་ཡིས།།
ཆུ་མོ་ཤང་ཤང་འཁུན་པའི་རང་སྒྲ་འབྱིན།།

རི་ཀླུང་རྩྭ་ལྡུམ་རུལ་བའི་དྲི་མ་ལྡང་།།
ནོར་འཛིན་འདམ་གྱིས་རལ་བའི་འཇིགས་ཉམས་ཤར།།
སྙེ་མའི་དབུ་འཕང་བྲལ་བའི་སོག་མའི་ཕོན།།
གང་སར་དངན་པ་འཐེན་པའི་ཤུ་སྒྲ་ཐོར།།

དབྱར་གྱི་དཔལ་མོ་སྐད་ཅིག་ཡལ་བ་ནི།།
མངར་སྐྱུར་སྦྲགས་མའི་འཚོ་བ་སྟོན་པ་བཞིན།།
མི་སྡུག་འཛིན་མའི་བཞིན་རས་གནག་པ་ནི།།
དར་བབ་ལང་ཚོ་རྒ་བར་འཛེག་པའི་ཆོས།།

སྣོད་ཀྱི་བཀོད་པ་ཉིན་བཞིན་རྒུད་གྱུར་བ།།
སྒྱུ་ལུས་གཡར་བོར་སྙུན་གྱིས་རྒོལ་འདྲ་སྟེ།།
རྣམ་ཤེས་སྦྲང་ཆུང་དགུན་གྱི་འོབས་རིང་དུ།།
འབྱིང་པར་འགྱུར་ལ་སེ་གོལ་ཏོག་གི་ཡུན།།

ཡོལ་ཉེའི་ལང་ཚོ་འབྲས་ཀྱིས་རབ་སྟོང་བ།།
གཞོན་དུས་སོན་ལ་ཆུ་ལུད་མ་བརྩོན་པའི།།
འགྱོད་གདུང་རི་བོའི་གདོས་ཀྱིས་མནར་འོག་ནས།།
སང་ལོའི་དཔྱིད་འདེབས་ཕྱི་རབས་བུ་ལ་སྐུལ།།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།