གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོགས་དྲུག་སྣང་བ་འགག་པའི་གླེགས་བམ་གསེར་བྲིས།(ཞར་བཀོད་གཅིག་ཡོད)

2017-08-27 13:52:14 དུར་རྐང་།(དཀར་མཛེས) ཀློག་གྲངས། མཆན ཡོད།


                   ____ སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི《ཕོ་ཉ་གཞོན་ནུ་དོན་གྲུབ་མ》བཀླགས་རྗེས།

མྱ་ངན་ཐང་ཆེན་འདི་ཡི་སྒྱུ་མའི་ཆོས་ལ།།
སྨྲ་བསམ་བརྗོད་དུ་མེད་པའི་འཆར་ཡན་འདྲེས་ཤིང་།།
རིག་འཛིན་འབུམ་ཕྲག་གོང་མའི་དོན་དམ་མགུར་མ།།
ཉམ་ངའི་རླབས་ཕྲེང་རྩེ་རུ་གཅིག་པར་བབས་ཚེ།།
ཚོགས་དྲུག་སྣང་བ་འགག་པའི་གླེགས་བམ་གསེར་བྲིས།།
ལུས་ཀྱི་སྟེང་ཀ་དཀྲུགས་པའི་བརྡ་རྒྱུད་གཞས་ཆུང་།།
དབྱངས་ཅན་ཕྱག་གིས་དཀྲོལ་བའི་ཟེའུ་འབྲུའི་དྭངས་མ།།
སུ་ཡིས་མཛེས་པ་དཀར་པོས་ཉམས་སུ་མྱོང་ན།།
མགྲིན་པའི་བུ་གར་ཆགས་པའི་ཉོན་ཡོན་རྟོགས་ཚོགས།།
ཅི་དགར་རང་འགར་ཡན་པའི་མ་ཤེས་ས་བོན།།
ཞེ་ཡི་གཙང་བོའི་ནང་དུ་རླུང་བཞིན་འཐོར་ཏེ།།
འགག་མེད་དབྱངས་ཅན་མ་ཡི་གདངས་ཀྱི་ཆོས་ལ།།
མཛེས་པ་ལྷུམས་སུ་ཞུགས་པའི་བདེ་བའི་དྭངས་མ།།
ཚེ་རབས་སྟོང་ལ་བསགས་བཞིན་ཕ་མཐའ་བྲལ་བའི།།
སྲིད་དང་ཞི་བའི་སྙན་པ་ཅིག་ཅར་བྲིས་འདྲའི།།
སྙན་ངག་འདི་ཡི་བྱིན་རླབས་ཡིད་ལ་ཞུགས་ཏེ།།
སྐྱོ་དང་སྡུག་གི་འཁོར་བའི་འབབ་ཚིགས་ཀུན་ཡང་།།
དྲི་ཟའི་རོལ་མོའི་ཟོལ་དུ་ལྷང་ངེར་བབས་ཤིང་།།
སྙིང་དང་མཆིན་པའི་ངམ་ཁ་ཡོམ་བོར་བཏང་སྟེ།།
ཏིང་འཛིན་རིག་པའི་ངང་ལ་མཉམ་པར་ཞུགས་ཚེ།།
སྒྱུ་འཕྲུལ་བདེ་བའི་གནས་ལ་ཚེགས་མེད་འཇུག་ངེས།།

                                       2016/9/15

                                    བརྟུལ་ཞུགས་ཐབ་ཀ་འཐོར་སའི་སྒྱུ་འཕྲུལ་ལྡིང་ཁང་།

                                           ___ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་དབྱངས་བཀླགས་རྗེས།

ཉི་མའི་རྣ་རྒྱན་ཡིན་པའི་སྤྲིན་པ་ཁམས་གང་།།
ཟླ་བའི་ཟིལ་བ་ཡིན་པའི་བདུད་རྩི་ངམ་ཅན།།
སྡིག་པའི་རྩ་མདུད་གྲོལ་བའི་དབྱིངས་ཡིག་ཁམས་སུ།།
ངམ་ནག་སྲིད་པའི་ཀློང་གི་ཀ་དག་དབྱངས་རྟར།།
ཡབ་ཀྱི་སྙན་པར་ལྷུང་བའི་ཁ་ཡིག་དང་ནི།།
ཡུམ་གྱི་སྙིང་རྗེའི་མུ་ཏིག་འཐོར་བའི་ཚེ་ན།།
གཉུག་མའི་རླུང་ཁར་ཆགས་པའི་ཡེ་ཤེས་ལྟ་བུའི།།
ཚེ་ཡི་རླུང་དང་རྟོག་པའི་ཆོས་རྣམས་ཀུན་ཡང་།།
ཞབས་དཀར་ཚོགས་དྲུག་པ་ཡི་གདངས་ལ་འདྲེས་ཚེ།།
བརྟུལ་ཞུགས་ཐབ་ཀ་འཐོར་སའི་སྒྱུ་འཕྲུལ་ལྡིང་ཁང་།།       
ཡིད་ཀྱི་དྲིལ་ཆུང་དཀྲོལ་བའི་རྩིག་པ་དཀར་པོ།།
འཆར་སྒོ་ཤེལ་ལྟར་གསལ་བའི་དྲང་སྲོང་དཔྱོད་ཅན།
སྟོང་བའི་ཆུ་དང་རི་སུལ་དབེན་པའི་གནས་སུ།།
ཟབ་དོན་རྒྱང་གླུའི་ཁུད་ཀྱི་ཚིག་རྒྱན་དྭངས་མ།།
སྤྲོས་བྲལ་ཐོལ་བྱུང་ཚུལ་དུ་འགུག་པའི་ཚེ་ན།།
རྒྱང་གྲགས་དུ་མའི་ཁུད་དུ་གཅིག་པར་ལུས་པའི།།
ཡིད་འོང་གཉན་དང་ཤ་བ་རི་དྭགས་ཀུན་པོ།།
སྙིང་རྗེའི་བསིལ་བ་དཀར་པོས་ཞབས་བསིལ་བགྱེས་འདྲ།།

                   2016/9/26


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།