གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འོད་མགུར་ཉེར་ལྔ།

2017-09-15 15:36:33 འོད།(ཨུ་རུ་སུ) ཀློག་གྲངས། མཆན ཡོད།


              1
གསེར་ཉ་ཟིན་ན་བསམ་ནས།།
ཆུ་མོ་རྙོག་པ་མ་བྱས།།
བསླད་མེད་སྙིང་གཏམ་བཤད་དེ།།
སེམས་མཐུན་བྱུང་ན་བསམ་ཡོད།།

               2
དར་ལྕོག་ཉིན་བྲེལ་མཚན་བྲེལ།།
བྲེལ་བས་གར་ཡང་མ་ཕྱིན།།
ཐག་རིང་བུ་མོའི་ཕྱོགས་ལ།།
སེམས་བྲེལ་བྱས་པས་མ་ཕན།།

              3
ཆུ་ཕྲན་ཆུང་ཆུང་བསམ་ནས།།
སྣང་བ་ཆུང་ཆུང་གནང་ན།།
ལྷམ་མགོའི་ཕྱི་ནང་རྟོལ་ལ།།
ཆུ་མོར་ཆེ་ཆུང་མི་འདུག།

              4
འཇག་མ་མི་སྡོད་སྒུལ་པ།།
འཇམ་པོར་ལྡང་བའི་རླུང་བུ།།
བཙུན་པའི་ཏིང་འཛིན་དཀྲོག་པ།།
བུ་མོའི་ལུས་དྲི་ཞིམ་པོ།།

              5
ཉ་མོ་གཤོག་རྩལ་ཆེ་ཡང་།།
ཆུ་རྐྱལ་ཀོ་གྲུའི་འོག་རེད།།
ང་རྒྱལ་ཆེ་བའི་བུ་མོ།།
མདོག་ཉེས་བུ་ལ་བདག་འགྲོ།

               6
སྐད་ཆ་ངོས་ལ་འཆད་རོགས།
མགོ་སྐྲ་རྒྱབ་ལ་གཡུགས་ཞོག།
རྒྱབ་མདུན་མངོན་ལྐོག་མང་ལ།།
ང་རང་སྙིང་སུན་བྱུང་ཡོད།།

               7
སུག་པ་ཆག་པའི་རྟ་ཕོས།།
ཐག་རིང་འགྲོ་མིར་ཅི་ཕན།།
གློ་གཏོད་མེད་པའི་བུ་མོར།།
བྲལ་ན་འཆི་དགོས་མི་འདུག།

              8
ཆུ་མོའི་གཏིང་དུ་བྲོས་པའི།།
ཉ་མོ་ལྕགས་ཀྱུས་མི་ཟིན།།
སྤར་འཛིན་བྱུང་བའི་ཉ་མོ།།
འཁྱུག་འགྲོས་ངན་པས་ཡིན་འདུག།

              9
སྤྲང་བོའི་ལག་གི་རྒྱུག་པར།།
འཛིན་པའི་མགོ་མཇུག་ཡོད་ཀྱང་།།
དབྱེན་གཏམ་བཟོ་མིའི་ཁ་ལ།།
རྒན་གཞོན་མགོ་མཇུག་མི་འདུག།

              10
ངུ་བཞིན་ངུ་བཞིན་སླུ་བ།།
བུད་མེད་སྤྱི་ཡི་གཤིས་ཡིན།།
དགོད་ཀྱིན་སླུ་བའི་བུ་མོ།།
གཡོ་སྒྱུའི་རྩེ་ལ་བསླེབས་འདུག

               11
ཨ་ཁུ་སྐྲ་ཟད་རྒན་པོའི།།
སེམས་ལ་འཆི་བ་མེད་ན།།
བན་ཆུང་ཤ་དར་ཁྲག་དར།།
བུ་མོར་དུངས་པ་ཅི་ཁག།

               12
ལྷ་སྐུ་མདུན་ལ་བཞག་ནས།།
ལྷ་ཕྱག་རྒྱབ་མཇལ་མ་གནང་།།
ཨ་ཅག་སྒྲོལ་མ་དཀར་མོས།།
ངོ་ལོག་རྒྱག་པ་མ་བྱེད།།

               13
ང་དང་ཁོ་མོའི་ཕྱི་ཚུལ།།
བལྟས་ན་འདྲ་བོ་འདྲ་བོ།།
སེམས་དང་བསམ་པའི་རང་གཤིས།།
འགྲོགས་ནས་འགྲིག་པོ་མ་བྱུང་།།

                14
བོང་བུར་སྟག་ལྤགས་བསྐོན་ན།།
རྣ་བ་སྔར་ལས་ཆེ་བ།།
བུ་མོར་རྒྱན་གྱིས་སྤྲོས་ན།།
སྣང་བ་སྔར་ལས་མཐོ་བ།།

               15
དྲིལ་བུ་ལྕེ་གཉིས་གཡུགས་བྱུང་།།
ཌཱ་རུ་ངོས་གཉིས་དཀྲོལ་བྱུང་།།
ཁྱིམ་ཕུགས་སྡོད་པའི་ཨ་མཆོད།།
དེ་འདྲའི་ངོས་གཉིས་ཡིན་ནམ།།

                16
བཅོ་ལྔའི་ལོ་མཇུག་སྐྱོ་སྐྱོ།།
ང་རང་སྐྱོ་རྒྱུ་མ་བྱུང་།།
མཚན་ལྡན་བླ་མའི་བཀའ་ཆོས།།
མི་ངན་དཔོན་གྱིས་བཀག་སོང་།།

                 17
ཝ་མོར་འགྲོ་འདུར་མང་ན།།
ཝ་ལྤགས་རྐང་བཤུ་བརྒྱབ་ཡོང་།།
དཔོན་ལ་འཁྲབ་རྒྱུ་མང་ན།།
སྲིད་སྟེགས་སྟེང་ནས་འགྲེད་ཡོང་།།

              18
ཞུམ་བུར་ཤ་སྐལ་བྱིན་ན།།
ངེར་ངེར་བདག་པོར་བྱེད་ཡོང་།།
འཆོལ་མར་གདོང་རྩི་བྱུགས་ཚེ།།
ང་རྒྱལ་ཀྲོག་ཀྲོག་ཚ་བ།།

                19
ཝ་ལུས་རྔ་ཕྱེད་ཙམ་ལ།།
ངན་གཡོ་རི་ལས་ཆེ་བ།།
སྐྲ་ལོ་ལུས་ཕྱེད་ཅན་གྱི།།
བུ་མོ་དེ་དང་འདྲ་བ།།

              20
ཆར་བ་ལ་ལ་འབབ་སོང་།།
ཆུ་མོ་གཞུང་ལ་བྲུག་སོང་།།
སྙིང་གཏམ་ནང་དུ་བཤད་ཡོད།།
མི་ཁ་ཕྱི་ནས་འཁོར་བྱུང་།།

                21
མི་སྡེ་དཀྲུག་པའི་རྐུན་པོར།།
མི་ཡིས་དོགས་ཟོན་བྱེད་ཀྱང་།།
ནང་སེམས་འཕྲོག་པའི་རྐུན་མར།།
གློ་ཉེ་བྱེད་དགོས་བྱུང་སོང་།།

               22
ང་དང་རྫ་ཆུའི་ཟླ་སྒྲོན།།
ཨར་གཞས་ཉན་པར་སྤྲོ་ཡང་།།
ཨར་པོ་རྒྱག་མཁན་མིན་ན།།
ཨར་གཞས་གཏོང་ནི་མི་ཤེས།།

               23
དུས་རབས་ཉེར་གཅིག་ཚེས་པས།།
ལྷ་སའི་ཕྱི་ནང་འགྱུར་ཡང་།།
ལོ་རྒྱུས་རྩ་བ་ཉན་པའི།།
ཨར་གཞས་མ་འགྱུར་ཡོད་ངེས།།

               24
གཡོ་སྒྱུའི་ངོ་འཛུམ་ཅན་གྱིས།།
འོ་ཁྲུས་བྱས་པས་གང་ཡོང་།།
སེམས་གཏམ་འོ་སྤྲི་ཅན་དེ།།
འཆི་བ་མེད་པའི་མཛེས་མ།།

                 25
ད་ལྟའི་ཉི་མ་འདི་ཚོར།།
གསེར་གྱི་ཞུན་མ་བསྐྱུགས་ཡོད།།
བསོད་ནམས་སྐམ་པོ་ཅན་ལ།།
གསེར་སྐལ་སྟེར་འདོད་མ་བྱུང་།།

    རེ་ཞིག་རྫོགས་པར་བྱས་པ་འདིས་བོད་ཀྱི་རྩོམ་རིག་ལ་ཕན་ཅུང་ཟད་རེ་ཐོགས་པར་གྱུར་ཅིག 2015 ལོ། འབྲི་བའི་ཟླ་ཚེས་ལ་ངེས་པ་མེད།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།