གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་བའི་རབ་བྱེད་ཅེས་བྱ་བ།(ཞར་བཀོད་གཉིས་ཡོད)

2017-11-09 10:09:36 ལི་ཐང་དབྱིག་གཉེན། ཀློག་གྲངས། མཆན ཡོད།


མི་ནི་གཤོག་པའི་ངོས་ཤིག་སྟེ།།
སྐབས་རེར་གཡུག་ཅིང་ལན་རེར་རྐྱང་།།
སྲིད་པའི་ས་དང་རྡོ་ཡི་ངོར།།
མིག་གིས་བལྟས་པར་བགྲང་མི་ལང་།།

ཚེ་ནི་བྱེའུ་དམར་འབྱར་ཞིག།
སྐབས་རེར་འཕག་ཅིང་ལན་རེར་ལྷུང་།།
ཚེར་མའི་ཕུང་པོ་བྱེ་བའི་ངོར།།
རྐང་རྗེས་དཔར་བ་གྲངས་མེད་དོ།།

ལས་ནི་ཆོས་ཀྱི་ཀོག་ཅིག་སྟེ།།
མཚམས་རེར་སྟོན་ཞིང་ལན་རེར་སྒྲིབ།།
དགའ་དང་སྐྱོ་བའི་འདུ་བྱེད་ཀྱིས།།
དཔེ་ཡི་བྱ་བ་ལན་མང་རྩོམ།།

སེམས་ནི་སྲིད་པའི་མེ་ལོང་སྟེ།།
བདེ་སྡུག་ཁོལ་ཅིང་ཁོལ་ཅིང་འོང་།།
དགའ་སྐྱོ་བརྩེགས་པའི་ཕོ་བྲང་དུ།།
རྨི་ལམ་གྲངས་མེད་སད་ཅིང་འོང་།།

           ༢༠༡༧   ༦   ༢༩  ཉིན།

              ༈གནམ་གཤིས།

འདི་གའི་ནམ་མཁའ་ཇི་ལྟར་ལགས་ཞེ་ན།།
མདོག་ནི་དཀར་མ་གནག་གི་དོད་དུ་བབ།།
སྤྲིན་པ་ཕལ་ཆེར་རང་རང་དུབ་པ་ལྟའི།།
ཐོག་ཀའི་མེ་ལོང་ནང་དུ་ཡང་ཡང་ངུ་།།

མི་རྣམས་དགའ་སྡུག་འདྲ་མིན་འཁྱེར་ནས་འགྲོ།།
གཅིག་གིས་གཅིག་ལ་ཉེ་མིན་ཅི་རིགས་ངང་།།
ངོ་ཡི་ཤ་ཁ་དྭངས་མིན་སྣ་ཚོགས་ཀྱིས།།
དབྱར་ཀའི་རྣམ་པ་གང་མང་སྟོན་ཁུལ་བགྱིད།།

ཕན་ཚུན་བར་ཐག་རིང་མིན་མི་གོ་བའི།།
ཁ་པར་འཐམ་ནས་ཡི་གེ་འབྲི་བ་དང་།།
ཁ་ཡག་རྩེག་གིན་ལོ་ཟླ་ཟད་ཐབས་ཀྱིས།།
ཟིན་དུ་མེད་པའི་མི་ཚེ་རྫོགས་སམ་ཅི།།

ཡང་ན་གློག་བརྙན་ནང་གི་བརྩེ་དུང་ལྟའི།།
གློ་བུར་དགའ་རྒྱུ་སྐྱོ་རྒྱུ་མ་ངེས་གོང་།།
ཆག་སྒོ་འདྲ་མིན་ཁྲི་ཕྲག་བུད་པའི་གཞུག།
ལས་ཀྱིས་སོ་སོར་བྲལ་བའི་ཁུལ་ཨེ་མིན།།

ད་ནི་ཕལ་ཆེར་ཆང་ཞིག་བཏུང་པ་འམ།།
མིན་ན་ཐ་མག་འཐེན་པ་ལྟ་བུ་ཡིས།།
ནག་ཉེས་ཁ་གང་ཞིག་ལས་མེད་ན་ཡང་།།
སོ་སོའི་ལག་པས་རི་མོ་སྣ་ཚོགས་འབྲི།།

             ༢༠༡༧   ༩   ༢༠ཉིན།

                ༈ དྲན་པས་མ་རྣོངས།

སྐབས་རེར་སྨུག་པ་ལན་རེར་ཆར་པ་དང་།།
འདི་ཀར་རྒྱུན་པར་སེམས་སུ་མི་འཚམས་པའི།།
དྲན་པ་གཅིག་ཐོག་གཅིག་ཏུ་བརྩེགས་པའི་འཕྲོར།།
ཐག་རིང་ཞིག་ལ་སེམས་འདི་ལྷག་ཏུ་ཆགས།།

འབྲེལ་མེད་མ་གསུང་བར་ཐག་ཙམ་ཞིག་སྟེ།།
བརྩེ་བ་འདི་ནི་ཤིན་ཏུ་མཐོང་བར་དཀའ།།
དཔེ་དང་རྒྱན་ལ་བཀོད་ནས་སྟོན་བཞག་ན།།
དབྱར་ཁའི་མེ་ཏོག་དབྱར་ཁས་སྒྲིབ་དང་མཚུངས།།

ལས་ཀྱིས་སོ་སོར་འབུད་པར་ཆ་བཞག་ན།།
སླར་ཡང་བརྩེ་བའི་ཉིན་སྲིབ་ཅིག་ཏུ་ནི།།
ཕན་ཚུན་མཇལ་བའི་རེ་བ་འདུག་གམ་ཞེས།།
ང་ཡིས་ཞུ་བ་བགྱིས་ཏེ་ལས་ལ་དྲིས།།

དེ་ལྟར་བར་ཐག་ཅུང་ཟད་རིང་བ་ཡིས།།
ཞེ་འདང་མེ་ཏོག་འདི་ཡང་རྒུད་དམ་སྙམ།།
བརྩེ་བའི་ཐ་སྙད་འདི་ཡང་བོར་སྙམ་སྟེ།།
ཁྱོད་ཀྱིས་མཆི་མའི་ཚོམ་པ་མ་བསྐྲུན་རོགས།།

                ༢༠༡༧   ༧   ༡༨  ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།