གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་སྐྱ་བོའི་སྙན་ངག་ཚན་པ་དྲུག

2017-11-24 15:27:32 འབྲོག་སྐྱ་བོ། ཀློག་གྲངས། མཆན ཡོད།


               རླུང་ནང་གི་གསོལ་འདེབས།                                           

བསང་ཆུའི་འགྲམ་གྱི་ཉི་འོད་ནང་།   །
ཁོ་བསྟན་བརྒྱུད་ནས་ངོ་ཤེས་པའི།   །
གམ་གྱི་བུ་མོ་ཝེ་ན་སི།   །
གམ་དུ་བཞུགས་ཀྱང་ད་རུང་དྲན།   །
བུ་མོ་སྐྱེངས་བཞིན་ང་བོས་ནས།   །
ཇོ་ལགས་ཚུར་ཤོག་སྨྲས་པ་ན།    །
ང་ནི་ཤིན་ཏུ་དགའ་དྲགས་ཏེ།   །
ལམ་སང་འཆི་བར་ཐེ་ཚོམ་མེད།  །
སྐྱེ་བ་རྗེས་མ་བྱེའུ་ཞིག་ཏུ།   །
སྐྱེ་བའི་སྨོན་ལམ་ད་ནས་འདེབས།   །
བུ་མོའི་མགོ་ཡི་ནམ་མཁའ་རུ།   །
ལྡིང་སྐོར་ལན་གསུམ་བརྒྱབ་པའི་རྗེས།   །
གཤོག་པ་ཆད་ཅིང་སྲོག་ཆད་ནས།    །
ཆུ་རྡུལ་ཆུ་ལ་ཟགས་པ་བཞིན།    །
དམྱལ་བར་ལྷུང་ཡང་འགྱོད་པ་མེད།    །

               ནཱ་སིbabyལ་བོད་སྐད་ཀྱིས་ཕུལ་བ།

སིལ་ཁུ་མཆོད་ཀྱིན་གློག་བརྙན་བལྟ།།
ཞག་སྒྲོན་འོག་ཏུ་ཁ་ལག་ཟ།།
ཨར་ཁང་ནང་དུ་DJརྒྱག།
ནཱ་སི་babyཉི་ནུབ་བཞིན།།
རི་ལ་འགོས་ཏེ་ཆུ་ནང་འབབ།།

བྱེ་མའི་ནང་དུ་ཉི་མར་ལྡེ།།
རོལ་དབྱངས་ཉན་གྱིན་རི་མོ་ཀློག།
ལག་པར་ཉི་གདུགས་བརྒྱ་ཐོགས་པའི།།
ནཱ་སི་babyཆར་བ་བཞིན།།
ཉི་འོད་ནང་ནས་ཟམ་ཟིམ་འབབ།།

མཚམས་ཤིག་སྡོད་ཁང་ཆུང་བའི་ནང་།།
སྐད་མགོ་དམའ་མོས་གཞས་ཀྱང་གཏོང་།།
མིག་གིས་སྐར་མ་འཛིན་ཤེས་པའི།།
ནཱ་སི་babyརླུང་བུ་བཞིན།།
ལུས་དང་སེམས་ལ་མི་འཐོག་གོ།

                 ཆང་ཁང་དུ་བཞེངས་པའི་མགུར། 

སྙིང་སྡུག་གློག་སྒྲོན་འོག་ཏུ།།
ཆུ་མོ་ནང་བཞིན་བཞུར་ནས།།
གསོལ་འདེབས་སྟོང་ཕྲག་ལྷན་གཅིག།
མངོན་དུ་གྱུར་སྙམ་སྟོན་གྱིན།།
འོད་དང་མུན་པའི་དབུས་སུ།།
DJཞབས་བྲོ་རྒྱག་དུས།།
མིག་གིས་ལྟ་བས་མི་བཟོད།།
རྐང་ལག་རླུང་གིས་ཁུར་སོང་།།
སྐྲ་ཉག་རེ་རེའི་སྟེང་ལ།།
རྡུལ་ཕྲན་བྱེ་བ་བབས་བྱུང་།།
དེ་ལས་སངས་རྒྱས་འཁྲུངས་སོང་།།
དེའི་ཚེ་འཆི་བདག་སླེབས་བྱུང་།།
ཅོག་ཙེ་རེ་རེའི་ལོགས་སུ།།
དབུགས་ལ་རིང་ཐུང་དོད་ཀྱིན།།
རྡུལ་བཞིན་འཚང་ཁ་རྒྱག་པའི།།
མི་རྣམས་མཆི་མ་ཉིལ་ལེར།།
འདི་ཕྱིའི་མཚམས་སུ་ལུས་ཏེ།།
མགོ་བོ་བརླ་བར་དྲངས་ནས།།
ཞབས་དག་ཡང་ཡང་བརྒྱབ་བྱུང་།། 

               སྤྲིན་ལྟ་བུའི་སེམས་བསྐྱེད། 

ཅི་ལྟར་བྱས་ཀྱང་ཉི་མ་ནི།  །
ང་ཡི་སེམས་ནས་མི་འཆར་བས།  །
ངས་ནི་རྟ་རྒན་སྟོད་ཞོར་དུ།  །
ཁྱོད་རང་དྲན་དོན་ཅི་ཞིག་ཡོད།།
ཝུ་ཆང་འཐུང་ཞོར་བྱིས་པ་བཞིན།  །
ངུས་ནས་འདུག་དོན་ཅི་ཞིག་ཡོད།   །
སང་ཉིན་དབྱར་ཟླ་བདུན་པ་རེད།    །
དེ་ཡི་རྗེས་སུ་བརྒྱད་པ་རེད།   །
ཁྱོད་དང་ཆར་བ་མཉམ་གཅིག་ཏུ།   །
ཤག་ཤག་བབས་ཀྱང་སྐྱོ་རྒྱུ་མེད།   །
ང་ནི་མེ་ཏོག་འདབ་མའི་སྟེང་།   །
རྡུལ་བཞིན་འཐོར་བའི་ཟེའུ་འབྲུ་མིན།  །
དེ་ལ་འཁོར་བའི་སྦྲང་མ་མིན།  །
ན་འདམ་ལ་སོགས་གཞན་ཡང་མིན།  །
དེ་དག་ང་ལ་འབྲེལ་བ་མེད།   །
ཁྱོད་ལ་དགའ་དོན་སྡང་དོན་སོགས།    །
ང་ལ་ཅི་ཡང་མ་འདྲི་རོགས།    །
ང་ནི་ཉམས་མེད་སྟོན་པ་བཞིན།    །
སངས་རྒྱས་འཐོབ་པའི་ལམ་ན་ཡོད།    །

               བར་སྣང་ལ་བྲིས་པ།

དེ་དུས་གངས་རི་མཐོ་ཞིང་སྤྲིན་དཀར་དམའ།།
རྩྭ་ཐང་ཡངས་ཤིང་མཚོ་མོ་རབ་ཏུ་དྭངས།།
འབྲོང་ནི་ཁྱུ་དང་ཁྱུ་བྱས་རྫ་ལ་གཤར།།
རྨིག་པས་རྫ་རྡོ་ཁྲོམ་ཁྲོམ་གཅག་པ་བྱས།།

དེ་དུས་རྒྱབ་རི་སྨུག་པའི་ལ་ཐོད་ཅན།།
རྔ་ཆེན་བརྡུང་ནས་གཡུལ་ལ་ཆས་ས་ཡིན།།
མདུན་གྱི་ནགས་ཚལ་ལྗོན་པའི་བསིལ་གྲིབ་ཅན།།
ཀི་དིར་དང་བཅས་གླིང་ག་གཏོང་ས་ཡིན།།

དེ་དུས་བར་སྣང་ངེད་ཀྱི་མགོ་སྦྲ་ཡིན།།
ངེད་ཀྱི་རུ་བ་ཡར་ཀླུང་ཁོག་ན་ཡོད།།
སྐར་ཚོགས་ཁ་ཚུབ་ནང་དུ་འཚང་བ་དང་།།
ཉི་མ་སྒོ་ཆོན་སྣེ་ནས་ཤར་བ་ཡིན།།

དེ་དུས་ཨ་མྱེས་ཕྱག་ལ་འབྲེང་ཞགས་ཐོགས།།
དཔུང་རྗེན་བུད་ནས་རལ་བ་ཐོད་པར་བཅིངས།།
མཚེར་སྐད་ལྷང་ལྷང་ཉི་མ་ནུབ་མཚམས་སུ།།
གཙང་འགྲམ་ཞོགས་པའི་རྟ་ཁྱུ་ལྷས་ལ་འདེད།།

དེ་དུས་ས་གནམ་གཉིས་ཀྱི་འདྲེས་མཚམས་ན།།
སྒོ་དར་བྱེ་བ་རླུང་གིས་གཡོ་བ་དང་།།
ལ་བོ་གྲངས་མེད་སྟག་ལྟར་འགྱིང་བ་དང་།།
མི་རྣམས་ཉི་འོད་ཀློང་དུ་འཚོ་བ་ཡིན།།

              དཔྱིད་ངན་མར་ཕུལ་བ།

ཉི་མའི་ནང་ནས་ཁངས་ཆག་ལྷུང་།།
ད་ལོའི་དཔྱིད་འདི་དགུན་ལས་འཁྱག།
དེ་ལྟ་ན་ཡང་སྔོ་རྩྭ་ནི།།
རི་སུལ་ཉིན་ཁུག་དག་ཏུ་སྐྱེ།།
བེའུ་རྣམས་ངུར་ཆུང་ལྷང་ལྷང་གིས།།
ཨ་མ་འབོད་ཅིང་འོ་མ་འབོད།།
འབྲོག་མོའི་གདོང་གི་སེར་ཁ་ལས།།
འཛུམ་གྱི་མེ་ཏོག་བཞད་ཅིང་སིམ།།
མེ་དང་གཙང་བོ་དེ་ནས་བྱུང་།།
ལྷ་སྒྲུང་མང་པོ་དེ་ནས་བྱུང་།།
རེ་ཆད་ཁྲོད་ཀྱི་རེ་བ་ནི།།
སྙན་ངག་ནང་བཞིན་མཚར་དུ་སྡུག།

                                2017 ཟླ3པར་བླ་བྲང་དུ།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།