གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནང་སེམས་ཀྱི་སྤྲིན་པ།(ཞར་བཀོད་གཅིག་ཡོད)

2017-12-16 19:53:23 དཀར་ནག ཀློག་གྲངས། མཆན ཡོད།


             ནང་སེམས་ཀྱི་སྤྲིན་པ།

མཚན་མོ་ཟླ་བའི་འོད་ནས་སྙན་ངག་འབྲི།།
ལྷིང་འཇགས་སྒོམ་པའི་སྟོད་ཀྱི་ཡུ་མོ་དེ།།
ང་ཡི་སྙན་ངག་འབྲི་སར་ཡང་ཡང་འོང་།།
རླུང་བུ་དལ་གྱི་གཡོ་ནས་ལྗོན་པ་འགུལ།།
ཟླ་བས་གླིང་བཞི་སྐོར་ནས་མཛེས་སྡུག་ངོམ།།
མཚོ་མོ་གཏིང་དུ་ཡིབ་ནས་ལྷུང་ལྷུང་གཡོ།།
མཚོ་འགྲམ་སྐོར་ནས་ཁྲུང་ཁྲུང་ག་ལེར་རྒྱུ།།

འཁྲིས་ཀྱི་ངལ་དུབ་ཁུར་བའི་གཙང་བོ་དེ།།
ཤུབ་ཤུབ་ཅི་ཞིག་ལབ་ནས་ཕེབས་འགྲོ་འམ།།
ངག་དང་ཚིག་གི་བསྒྲིབས་པའི་འཕྲིན་པ་དེ།།
ཞི་བདེ་རྒྱ་མཚོའི་མཐའ་རུ་བསྐུར་རམ་ཨེ།།
ཟླ་འོད་སྤྲིན་དང་འགྲོགས་ནས་ཐག་རིང་བྱིན།།
ང་ཡི་ལག་པ་བཀྱག་ན་འདུག་སྙམ་འདོད།།
ཡང་དང་བསྐྱར་གྱི་དེ་ལ་འཁྲེང་པར་མོས།།

རི་ཁ་དག་ཏུ་ཁེར་རྐྱང་དར་ལྕོག་གཡོ།།
གམ་གྱི་ཨ་ཅག་དེ་འང་སུན་སྣང་སྐྱེས།།
ལམ་དང་ལས་ཀྱི་གནང་བའི་རྒྱང་མི་དེ།།
ད་བཟོད་ག་ཞིག་འཕྲད་ལ་སྤྲོ་ལགས་སམ།།
སྙིང་སྡུག་རྒྱ་སེ་མེ་ཏོག་ཕུལ་བར་འཚལ།།
ཡིད་ཀྱི་གཏིང་ནས་དུང་བ་སྐྱེ་འོས་སོ།།
སྒུག་ཡུན་རིང་ཡང་སེམས་ཚེགས་མི་ཆེ་ཨང་།།

            ཚངས་དབྱངས་རྒྱ་མཚོ།

སྐྱིད་ཆུའི་གཞུང་ལམ་བརྒལ་ནས་དབུས་ཀྱི་ལྷ་སར་ཕེབས་ན།།
མདུན་གྱི་སྣེ་ལེན་བྱེད་མཁན་བུ་མོ་གཞོན་ནུ་ཞིག་རེད།།
ཞལ་ལ་འཛུམ་ཆུང་གྱི་ལེར་རྒྱང་ཐག་རིང་བའི་འགྲོན་པོ།།
བཅོས་མིན་དང་བའི་ཉམས་ཀྱིས་ཚང་དབྱངས་རྒྱ་མཚོ་བསླུས་སོང་།།
ལྷ་སའི་བར་སྐོར་ལམ་ནས་བསྐོར་བ་ལན་གསུམ་རྒྱབ་ནས།།
དམར་སྨུག་གོས་ཀྱི་སྣེ་ལ་ལག་པས་བྱིལ་བྱིལ་བྱས་པའི།།
བདག་གི་ཕ་ཡུལ་ཡིན་ཟེར་རྨི་ལམ་འདི་རུ་ཡོད་ཟེར།།

སྒེའུ་ཁུང་ངོས་ཀྱི་པར་ནག་ཡང་ཡང་ཅེར་ནས་བལྟས་ན།།
ཇ་ཁང་ནང་གི་བུ་མོ་ཡིན་མིན་ཐེ་ཚོམ་མེད་འདྲ།།
ལོགས་ནས་མགོ་བོ་ཀེམ་ཀེམ་བསྐྱར་གྱིས་དེ་ལ་གཟིགས་ཚེ།།
འགྲམ་གྱི་ཨ་ཅག་ཚོམ་བུས་ཤུབ་ཤུབ་འཆད་ནས་བགད་བྱུང་།།
བྱ་དེ་ཁྲུང་ཁྲུང་སོགས་ཀྱི་འགུར་གླུ་མང་ཙམ་བྲིས་ནས།།
ཕ་ཡུལ་གམ་ལ་སྤྲིང་ནས་རིན་འཛིན་དབང་མོ་སྨྲས་ཡོད།།
ཉི་མ་ལྷ་སའི་ཕྱོགས་ནས་བན་དེ་སྐྱ་སར་བབས་བཞག།

བཞུགས་ཡུན་རང་དྲགས་མ་གསུངས་བུ་མོར་ཨ་མའི་འདང་ཡོད།།
ལ་མོ་ཕེབས་ཀྱང་མ་སྨྲོས་བུ་མོ་གཞན་གྱིས་ཁྲིད་འགྲོ།།
ལས་ཀྱི་ལམ་ཁ་ཀྱག་ཀྱོག་མདོ་ནས་དབུས་ལ་དོད་ཡོད།།
སྐྱིད་ཆུའི་འགྲམ་གྱི་བུ་མོ་ཁ་ཚིག་ཡག་པོ་སྨིན་ཡོད།།
ཁྱོད་རང་འགྲོ་གྲབ་མང་ན་བུ་མོའི་བློ་ཁ་འགྱུར་འོང་།།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལམ་དེར་མ་ཞུགས་མ་ལབ།།
རིག་འཛིན་དབང་མོའི་ཐུགས་ལ་མི་བདེ་ནད་ཅིག་བཞག་འགྲོ།།

མཚན་མོ་ཟླ་བར་དཔེ་བླངས་ཁྱོད་ཀྱི་ཞལ་དང་འདྲ་ཟེར།།
ཕལ་བའི་བུ་ཆུང་དེ་ལ་རིགས་ཀྱི་མེ་ཏོག་འཐོར་ཡོད།།
སྙན་ངག་མཁན་ཞིག་ཡིན་ཟེར་སྲོད་ལ་བྱམས་པ་སོགས་ཀྱི།།
སྙན་ངག་མང་ཙམ་བྲིས་ནས་ཁྲོམ་ཆེན་དབུས་སུ་བཀྲམ་ཡོད།།
ཉི་ནུབ་ཡོལ་བའི་གཟན་སྣེ་རླུང་བུས་ལྷབ་ལྷབ་བཅད་དུས།།
རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཕལ་མའི་ནང་གི་མི་རྐྱང་།།



རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།