གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིར་ཟ་སྒ་ལེབ་ལ་བྲིས་པའི་སྙན་ངག་བརྒྱ་བ།

2018-01-29 21:27:52 ཀླུ་སྨྱོན་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

image001.png

                                 “བདག་ལ་ལྷ་ཁང་ནང་དུ་ཆང་འཐུང་ཆུགས། །མིན་ན་དཀོན་མཆོག་མེད་པའི་གནས་ཤིག་རྗོད། །”

                                                                                                                 --མུར་ཟ་སྒ་ལེབ།

དོ་ནུབ་ཅི་ཞིག་ལྟར་སྟེས་ནས། །
མིར་ཟ་སྒ་ལེབ་བདག་གིས་རྙེད། །
ད་ནི་རྒུན་ཆང་དམར་པོའི་ལྷན། །
སྙན་ངག་དག་ནི་འབྲི་བར་བྱ། །༡

རླུང་བུ་མ་ཡིན་མེ་ཏོག་མིན། །
མྱོས་བུམ་མ་ཡིན་མཆུ་དམར་མིན། །
མུན་པའི་ཁྲོད་ཀྱི་ཆར་བ་སྟེ། །
མིར་ཟ་སྒ་ལེབ་བདག་གིས་མཇལ། །༢

མི་རྟག་སྒྱུ་མའི་རྨི་ལམ་བཞིན། །
མཛེས་མ་དག་ནི་འཁུན་པའི་སྒྲ །
མིར་ཟ་སྒ་ལེར་ཐོས་པར་ཤོག །
མུར་ཟ་སྒ་ལེའི་སྙན་ངག་བཞིན། །༣

རི་བོ་སྨུག་པས་དཀྲིས་པ་འདི། །
ཆུ་མོ་དྭངས་བསིལ་བཞུར་པ་འདི། །
མིར་ཟ་སྒ་ལེ་ཡིན་ནམ་ཅི། །
ཡང་ན་ཁོང་གི་སྙན་ངག་བཞིན། །༤

ལྷ་ཁང་ཉི་ཟེར་ཁྲོད་དུ་སྣང་། །
ཆོས་དྲིལ་ན་བུན་ཁྲོད་དུ་ཐོས། །
མིར་ཟ་སྒ་ལེ་དྲན་པའི་མོད། །
བདག་ནི་འཆི་བར་ཕྱོགས་པ་འདྲ། །༥

མཛེས་མ་སྤངས་ནས་ལོ་མང་ཐལ། །
རྒུན་ཆང་བཏུངས་ནས་ལོ་མང་ཐལ། །
མིར་ཟ་སྒ་ལེབ་རྙེད་པའི་ཚེ། །
བདག་ནི་ཡོངས་སུ་ཚིམས་པར་གྱུར། །༦

དབྱར་དགུན་སྟོན་དཔྱིད་རེས་མོས་བཞིན། །
སྙན་ངག་མཁན་གྱི་སྨྱུག་རྩེར་རྒྱུ། །
མིར་ཟ་སྒ་ལེབ་སྐྲ་ལོ་བཞིན། །
ཁྱེད་ནི་བདག་ལ་བརྩེ་འམ་ཀྱེ། །༧

གདུང་བ་དག་ནི་སྨིག་རྒྱུ་བཞིན། །
རབ་རིབ་གྲོང་ཚོའི་གསེབ་ནས་ལངས། །
མིར་ཟ་སྒ་ལེབ་སྙན་ངག་དག །
ད་ཀོ་བདག་གི་འཆི་སོས་བཞིན། །༨

མཛེས་མ་དག་དང་མེ་ཏོག་དག །
ལོ་ཟླའི་སྟོན་གྱིས་རྙིད་པར་འགྱུར། །
མིར་ཟ་སྒ་ལེའི་སྙན་ངག་དག །
བསྐལ་བའི་མཐར་ཡང་མཛེས་ཤིང་སྡུག །༩

དྲི་ཞིམ་རླུང་བུས་མེ་ཏོག་གི །
ཆར་བ་འབེབ་པ་མཐོང་ངམ་ཅི། །
བདག་ནི་མིར་ཟ་སྒ་ལེབ་ཀྱི། །
སྙན་ངག་ཁོ་ནས་ཚེ་སྲོག་ལྡན། །༡༠

ཁྱོད་ཀྱིས་བདག་ལ་འདྲི་འམ་ཅི། །
སྙན་ངག་པ་ནི་འཇིག་རྟེན་འོད། །
མིར་ཟ་སྒ་ལེབ་མི་ཚེ་ཡང་། །
གསེར་སྲང་འབུམ་གྱིས་ཇི་ལྟར་ཁུག །༡༡

ཆུ་མོ་རྡོ་གསེབ་བརྒྱུད་ནས་བཞུར། །
ཉི་དམར་སྨུག་པའི་ཀློང་ནས་ཡལ། །
མིར་ཟ་སྒ་ལེའི་རྣམ་ཤེས་ཀྱིས། །
ད་དུང་བདག་ནི་བཏང་མ་གྱུར། །༡༢

མིར་ཟ་སྒ་ལེབ་སྙན་ངག་གིས། །
བདག་ནི་ཡོངས་སུ་བཟི་བར་གྱུར། །
རྒུན་ཆང་བཏུངས་པ་ཅི་བཞིན་དུ། །
མཛེས་མར་སྤྱད་པ་ཅི་བཞིན་དུ། །༡༣

ཞོགས་པའི་ཉི་འོད་ཇི་བཞིན་དུ། །
དགོང་མོའི་ཟླ་འོད་ཇི་བཞིན་དུ།
མིར་ཟ་སྒ་ལེའི་སྙན་ངག་གིས། །
བདག་སྙིང་བཙོས་ཤིང་རྡུལ་དུ་བྱས། །༡༤

ཕ་གིའི་རི་བོའི་ཕ་རོལ་ན། །
ཕ་གིའི་སྤྲིན་པའི་ཕ་རོལ་ན། །
མིར་ཟ་སྒ་ལེས་སྙན་ངག་འབྲི། །
མུར་ཟ་སྒ་ལེས་བདག་ལ་འབོད། །༡༥

མཛེས་མ་ཁྲུས་ལ་རོལ་བ་བཞིན། །
སྤྲིན་པས་ནགས་ཀླུང་བཀབ་པ་བཞིན། །
མིར་ཟ་སྒ་ལེའི་སྙན་ངག་གིས། །
བདག་གི་མི་ཚེ་བཟི་བར་བྱས། །༡༦

མིར་ཟ་སྒ་ལེའི་ན་བཟའ་དག །
མིར་ཟ་སྒ་ལེབ་སྙན་ངག་དག །
བསྐལ་པ་འཇིག་པའི་ཐོག་མདའ་བཞིན། །
འདོད་ལྡན་སྙིང་ལ་མེ་བཞིན་འབར། །༡༧

སྒྱུ་མ་ཟིལ་བ་ཆུ་བུར་བཞིན། །
ཡོད་ཚད་མི་རྟག་ཀློང་དུ་ཐིམ། །
འོན་ཀྱང་མིར་ཟ་སྒ་ལེབ་ཀྱི། །
སྙན་ངག་དག་ནི་འཇིག་པ་མེད། །༡༨

བདག་ནི་རི་བོའི་ཕ་རོལ་དེར། །
བདག་ནི་ཆུ་བོའི་འགྲམ་ངོགས་དེར། །
མིར་ཟ་སྒ་ལེབ་བསྒུགས་ནས་སྡོད། །
མིར་ཟ་སྒ་ལེབ་དྲན་ནས་འཆི། །༡༩

རྒྱ་སེ་མེ་ཏོག་དམར་པོ་ཞིག །
དུར་བྱང་སྟེང་དུ་མེ་བཞིན་འབར། །
མིར་ཟ་སྒ་ལེབ་རྣམ་ཤེས་ཀྱང་། །
བདག་གི་སྙིང་ལ་གློག་བཞིན་འཁྱུག །༢༠

རི་བོ་སྤྲིན་པ་མེ་ཏོག་སོགས། །
སྙན་ངག་མཁན་གྱི་བརྗོད་བྱ་སྟེ། །
བདག་ནི་མིར་ཟ་སྒ་ལེབ་ཉིད། །
རྗེ་བོར་བསྒོམས་ནས་འཆི་བར་སྒུག །༢༡

མིག་ཆུ་དྲངས་ནས་འབྲི་ཡང་རུང་། །
སྙིང་ཁྲག་བཙགས་ནས་འབྲི་ཡང་རུང་། །
མིར་ཟ་སྒ་ལེའི་སྙན་ངག་དག །
མཛེས་མ་བཞིན་དུ་གཅེས་པར་འོས། །༢༢

བདག་གིས་ཁྱོད་ཀྱི་སྐྲ་ལོ་བཀྲུ། །
བདག་གིས་ཁྱོད་ཀྱི་ཞོགས་ཇ་བསྐོལ། །
མིར་ཟ་སྒ་ལེབ་རྣམ་ཤེས་ཀྱེ། །
ཁྱེད་ཀྱིས་སྙན་ངག་འབྲི་བར་ཞུ། །༢༣

ཆར་བ་ཟམ་ཟིམ་འབབ་བཞིན་འདུག །
ཉི་འོད་ལང་ལོང་འཕྲོ་བཞིན་འདུག །
མིར་ཟ་སྒ་ལེབ་སྒེའུ་ཁུང་ལས། །
སྙན་ངག་དག་གི་དྲི་ཞིམ་འཐུལ། །༢༤

ཁྱོད་ཀྱིས་བདག་ལ་བརྩེ་མ་གྱུར། །
ཁྱོད་ཀྱིས་བདག་ལ་འོ་མ་བྱས། །
ཡིན་ཡང་མིར་ཟ་སྒ་ལེབ་ཀྱེ། །
ཁྱེད་ཀྱིས་བདག་ལ་སྙན་ངག་བཞག །༢༥

བདག་ནི་རྩྭ་ཡི་སྤྱིལ་བུ་རུ། །
ཏིང་འཛིན་སྒོམ་བཞིན་གནས་པ་ལགས། །
བདག་ནི་བདག་གི་འཇིག་རྟེན་དུ། །
མིར་ཟ་སྒ་ལེབ་དྲན་བཞིན་གནས། །༢༦

རི་བོའི་འདབས་སུ་ཉུལ་བཞིན་དུ། །
ཆུ་བོའི་ངོགས་སུ་རྒྱུ་བཞིན་དུ། །
མིར་ཟ་སྒ་ལེབ་སྙན་ངག་དག །
བདག་གི་སྐོམ་དང་ཟས་སུ་བསྟེན། །༢༧

ཡོད་ཚད་འཇིག་པའི་ཆོས་ཅན་ཉིད། །
མཛེས་མ་དང་ནི་མེ་ཏོག་བཞིན། །
མིར་ཟ་སྒ་ལེབ་སྙན་ངག་གིས། །
ཁྱོད་ལ་མི་འཇིག་གྲུབ་མཐའ་རྩོམ། །༢༨

མཚན་མོའི་ཆར་བ་ཅི་བཞིན་དུ། །
མཛེས་མའི་ཟླ་མཚན་ཅི་བཞིན་དུ། །
མིར་ཟ་སྒ་ལེབ་སྙན་ངག་གིས། །
མཛེས་པ་སྟོང་གི་ཉིང་ཁུ་འདྲེན། །༢༩

བདག་ནི་དབྱངས་ཅན་མཛེས་མ་ཡིས། །
སོར་གདུབ་སྦྱིན་པ་དགའ་མིན་ཏེ། །
མིར་ཟ་སྒ་ལེབ་སྙན་ངག་གཅིག །
བཀླགས་པ་འདི་ཀོས་བདག་ཡིད་ཚིམས། །༣༠

རྒྱང་རིང་ནམ་མཁའི་མཐའ་ལས་འོངས། །
མེ་ཏོག་དག་ཀྱང་བཏུས་ནས་འོངས། །
དྲི་ཞིམ་དག་ཀྱང་ཁྱེར་ནས་འོངས། །
མིར་ཟ་སྒ་ལེབ་སྙན་ངག་གོ །༣༡

མིར་ཟ་སྒ་ལེབ་གྲོངས་པ་ནས། །
ལོ་བརྒྱའི་རྗེས་སུ་བདག་ཉིད་སྐྱེས། །
དེ་ནི་སྙན་ངག་དེབ་ཅིག་སྟེ། །
དེ་ནི་སྙན་ངག་རྡོག་གཅིག་གོ །༣༢

མུན་པའི་ཁྲོད་དུ་གློག་འཁྱུག་བཞིན། །
སྙན་ངག་འབྲི་བ་ཧ་ཅང་དཀོན། །
གློག་འོད་ཁྲོད་ཀྱི་ཆར་ཐིགས་བཞིན། །
མིར་ཟ་སྒ་ལེབ་སྙན་ངག་མཛེས། །༣༣

བདག་ལ་དོ་ནུབ་གློ་བུར་དུ། །
སྙན་ངག་འབྲི་བའི་ལྷ་ཞིག་འཁོར། །
མིར་ཟ་སྒ་ལེབ་རྣམ་ཤེས་བཞིན། །
མིར་ཟ་སྒ་ལེབ་སྙན་ངག་བཞིན། །༣༤

ཁྱོད་རང་དྲང་སྲོང་ཡིན་ནམ་ཅི། །
ཁྱོད་རང་ཚངས་སྤྱོད་ལ་གནས་ཅི། །
མིར་ཟ་སྒ་ལེབ་སྙན་ངག་དག །
མ་བཀླགས་ཁྱོད་ཀྱི་སྐལ་བ་ཞན། །༣༥

ཉི་འོད་གསེག་ནས་འཕྲོ་བ་ཡི། །
ནགས་ཀླུང་ཉུལ་བའི་སྐད་ཅིག་བཞིན། །
མིར་ཟ་སྒ་ལེབ་སྙན་ངག་དག །
མི་ཚེ་འདི་ཡི་རིན་ཐང་བཞིན། །༣༦

དོ་ནུབ་བདག་གིས་ཁྱོད་ལ་འདྲི། །
དོ་ནུབ་བདག་གིས་ཁྱོད་ལ་འཁྱུད། །
མིར་ཟ་སྒ་ལེབ་སྙན་ངག་དག །
ཁྱོད་ཀྱིས་བཀླགས་སམ་མ་བཀླགས་ཀྱེ། །༣༧

མུ་འབྲེལ་གྲོང་དང་གྲོང་གསེབ་ཀྱི། །
སྒེའུ་ཁུང་དག་ལས་གློག་འོད་འཕྲོ། །
མིར་ཟ་སྒ་ལེབ་ད་དུང་བཞུགས། །
མིར་ཟ་སྒ་ལེབ་སྙན་ངག་འབྲི། །༣༨

མཛེས་མའི་ནུ་འབུར་ཅི་བཞིན་དུ། །
ཆང་གི་ཕོར་བ་ཅི་བཞིན་དུ། །
མིར་ཟ་སྒ་ལེབ་དྲན་པ་ན། །
བདག་གིས་རང་ཉིད་བྱེ་མར་བཏགས། །༣༩

དགོང་མོ་བར་དུ་སྙན་ངག་འབྲི། །
ཞོགས་པ་བར་དུ་སྙན་ངག་འབྲི། །
མིར་ཟ་སྒ་ལེབ་མི་ཚེ་བཞིན། །
བདག་གིས་སྙན་ངག་འབྲི་བར་བྱ། །༤༠

མཛེས་མར་གསེར་གྱི་རྣ་རྒྱན་བཞིན། །
རི་བོར་སྤྲིན་གྱི་མཛེས་པ་བཞིན། །
བདག་གིས་མིར་ཟ་སྒ་ལེབ་ཀྱི། །
སྙན་ངག་དག་གི་མཛེས་སྡུག་མྱོང་། །༤༡

དྲི་ཟའི་འཇིག་རྟེན་ཉུལ་བ་བཞིན། །
རྒྱ་མཚོའི་རྦ་རླབས་འཕྱུར་བ་བཞིན། །
མངར་ལ་སྐྱུར་བའི་སྙན་ངག་ནི། །
མིར་ཟ་སྒ་ལེབ་ཁྱོད་ཀྱིས་བརྩམས། །༤༢

བདག་གིས་བདག་གི་ན་ཟུག་མྱངས།།
བདག་གིས་བདག་གི་མིག་ཆུ་བཏུངས།།
མིར་ཟ་སྒ་ལེབ་རྐང་རྡུལ་ལས།།
སྙན་ངག་པ་ཡི་མི་ཚེ་རྙེད།།༤༣

ཆང་ཕོར་གཏུགས་པའི་སིང་སྒྲ་བཞིན།།
བྷ་གར་རེག་པའི་ཚོར་བ་བཞིན།།
མིར་ཟ་སྒ་ལེབ་སྙན་ངག་གིས།།
ཁྱོད་ལ་དབྱངས་ཀྱི་མཛེས་པ་འདེགས།།༤༤

ཆར་བ་བབས་པ་ཇི་བཞིན་དུ།།
མེ་ཏོག་སྐྱེས་པ་ཇི་བཞིན་དུ།།
མིར་ཟ་སྒ་ལེབ་སྙན་ངག་དག །
མཛེས་ཤིང་མཛེས་པའི་ཉིང་ཁུར་གྲུབ།།༤༥

དགའ་བ་འབུམ་དང་སྐྱོ་བ་སྟོང་།།
ཏིལ་ལ་ཏིལ་མར་ཇི་བཞིན་དུ།།
མིར་ཟ་སྒ་ལེབ་སྨྱུག་རྩེ་ལས།།
བདག་གི་ཕྱོགས་སུ་བཞུར་ནས་འོངས།།༤༦

ཁྱོད་ཀྱིས་མེ་ཏོག་བཏབ་ཀྱང་རུང་།།
ཁྱོད་ཀྱིས་རི་མོ་བྲིས་ཀྱང་བླ།།
ཁྱོད་ནི་མིར་ཟ་སྒ་ལེབ་ཀྱི།།
སྙན་ངག་མེད་ན་ཤི་བ་ཉིད།།༤༧

མདང་ནུབ་མིར་ཟ་སྒ་ལེབ་རྙེད།།
མདང་ནུབ་ཚོར་བ་ཀློང་དུ་བརྡོལ།།
མདང་ནུབ་སྙན་ངག་ཆར་བཞིན་བབས།།
མདང་ནུབ་མཛེས་སྡུག་སྤྲིན་དུ་བརྩེགས།།༤༨

ཉི་དམར་གངྒཱའི་ངོགས་སུ་ལྷུང་།།
ཤིང་གྲུ་རྙིང་པ་ལྗོན་གསེབ་ཡལ།།
མིར་ཟ་སྒ་ལེབ་དྲན་པ་ཡི།།
ཚོར་བ་སྙན་ངག་འབུམ་དུ་བརྩེགས།།༤༩

འདུས་བྱས་ཐམས་ཅད་མི་རྟག་ཅིང་།།
ཟག་བཅས་དག་ནི་སྡུག་བསྔལ་རྒྱུ།།
འོན་ཡང་མིར་ཟ་སྒ་ལེབ་ཀྱི།།
སྙན་ངག་རྟག་ཅིང་བདེ་བའི་རྒྱུ།༥༠

ལོ་ངོ་སྟོང་ལ་བསྙལ་བའི་ཆང་།།
བཏུངས་པའི་ཚོར་བ་ཇི་ལྟར་བརྗེད།།
མིར་ཟ་སྒ་ལེབ་སྙན་ངག་དག།
བཀླགས་པའི་ཚོར་བ་དེ་དང་འདྲ།།༥༡

བདག་ནི་ཡུལ་སྐོར་ལྗོངས་རྒྱུ་བ།།
སྙན་ངག་འབྲི་བར་མཆོག་ཏུ་སྤྲོ།།
མིར་ཟ་སྒ་ལེབ་རྙེད་པ་ན།།
བདག་གིས་འགྲུལ་བཞུད་མ་བྱས་སོ།།༥༢

ཞོགས་པའི་ཉི་འོད་རི་ཀླུང་བཞུར།།
དགོང་ཁའི་ཟླ་འོད་མུན་ཁྲོད་འབབ།།
མིར་ཟ་སྒ་ལེབ་སྙན་ངག་དག།
སྐྱེ་བོ་འབུམ་གྱི་སྙིང་ལ་ཟུག།༥༣

བདག་ལ་མཛེས་མ་མ་མཆིས་སོ།།
བདག་ལ་རྒྱུ་ནོར་མ་མཆིས་སོ།།
མིར་ཟ་སྒ་ལེབ་སྙན་ངག་གིས།།
བདག་ནི་ཚིམ་ཞིང་དགའ་བར་བྱས།།༥༤

སྤྲིན་གྱི་ཕོ་ཉ་མཛེས་མོད་ཀྱི།།
སྙིམ་པའི་གླུ་དབྱངས་སྙན་མོད་ཀྱི།།
བདག་ནི་མིར་ཟ་སྒ་ལེབ་ཀྱི།།
སྙན་ངག་ཁོ་ནས་བཟི་ཞིང་མྱོས།།༥༥

འཆི་བ་གསོ་བའི་བདུད་རྩི་བཞིན།།
མྱ་ངམ་ཐང་གི་ཆུ་མིག་བཞིན།།
མིར་ཟ་སྒ་ལེབ་སྙན་ངག་གིས།།
བདག་ལ་སྲོག་གི་དངོས་གྲུབ་བསྩལ།།༥༦

འཇམ་པའི་དབྱངས་ཀྱིས་བདག་ལ་ཅི།།
དབྱངས་ཅན་ལྷ་མོས་བདག་ལ་ཅི།།
མིར་ཟ་སྒ་ལེབ་ཁྱེད་ཁོ་ནས།།
མཛེས་པའི་སྙན་ངག་བདག་ལ་བྱིན།།༥༧

སྨུག་སྤྲིན་ཀློང་གི་ལམ་ཕྲན་ལས།།
མིར་ཟ་སྒ་ལེབ་བྱོན་པ་འདྲ།།
ཁོང་གིས་རིན་བྲལ་སྙན་ངག་གི།
དེབ་ཅིག་བདག་ལ་སྤྲད་པ་འདྲ།།༥༨

ཚེ་རབས་སྔོན་མའི་བུ་ལོན་བཞིན།།
སྐྱེ་བ་འདི་ཡི་གདམས་ཀ་བཞིན།།
བདག་ལ་མིར་ཟ་སྒ་ལེབ་ཀྱི།།
སྙན་ངག་འདི་དག་ཡོད་ཚད་ཉིད།།༥༩

ན་ཚོད་ཕྲ་མོའི་དུས་ནས་ཀྱང་།།
དར་ལ་བབས་པའི་དུས་ནས་ཀྱང་།།
བདག་གིས་ཁྱེད་ཉིད་བཙལ་བ་འདྲ།།
བདག་གི་སྙིང་སྡུག་མིར་ཟ་ཀྱེ།།༦༠

ཁྱེད་ལ་བདག་གི་ཡོད་ཚད་འབུལ།།
ཁྱེད་ཀྱི་ཞབས་ལ་འོ་བྱེད་དོ།།
ཁྱེད་ཀྱིས་སྙན་ངག་མ་བྲིས་ཚེ།།
བདག་ནི་འཆི་འོ་མིར་ཟ་ཀྱེ།།༦༡

བདག་གིས་རང་གི་མལ་ཁྲིའི་སྟེང་།།
ཁྱེད་ཉིད་བྱོན་པར་ཡུན་རིང་བསྒུགས།།
སུ་ཡིས་མིར་ཟ་སྒ་ལེབ་ཀྱི།།
བརྗིད་པའི་སྣང་བརྙན་མཐོང་ངམ་ལགས།།༦༢

སྙན་པའི་རོ་མཆོག་ཅེས་པ་དེ། །
དབྱངས་ཀྱི་མཛེས་པ་ཞེས་པ་དེ། །
འཁོར་བའི་སྙིང་པོ་ཞེས་པ་དེ། །
མིར་ཟ་སྒ་ལེབ་བདག་ལ་བྱིན། །༦༣

ནམ་མཁའ་རྒྱ་མཚོ་རི་ཚོགས་དང་།།
ནགས་ཀླུང་དུས་བཞིའི་མཛེས་སྡུག་དང་།།
མཛེས་མ་དག་གི་ལང་ཚོ་ལས།།
མིར་ཟ་སྒ་ལེབ་སྙན་ངག་མཆོག།༦༤

ཁྱེད་ཀྱིས་རྒུན་ཆང་དམར་པོ་མཆོད།།
ཁྱེད་ཀྱིས་རང་བྱུང་མཛེས་སྡུག་མྱོངས།།
ཁྱེད་ཀྱིས་འདོད་པའི་དཔལ་ལ་རོལ།།
བདག་ནི་མིར་ཟའི་སྙན་ངག་གོ།༦༥

བདག་གིས་འདོད་ལྷ་ཡབ་ཡུམ་མདུན།།
སྤོས་དང་མེ་ཏོག་མཆོད་པ་ཕུལ།།
བདག་གིས་མིར་ཟའི་སྙན་ངག་དག།
དབྱངས་དང་སྦྱར་ཏེ་མཆོད་པ་ཕུལ།།༦༦

བདག་ནི་རི་བོའི་སུལ་ན་གནས།།
བདག་གིས་ཡུན་རིང་ཏིང་འཛིན་བསྟེན།།
བདག་གིས་མིར་ཟའི་སྙན་ངག་ལས།།
འཁོར་བ་འདི་ཡི་མཛེས་སྡུག་རྙེད།།༦༧

སྐྱེ་འཆི་ཉི་ཟླའི་འཆར་ནུབ་བཞིན།།
མཛེས་པ་སྟོང་གི་བག་ཆགས་འཇོག།
དེ་ཡི་གསང་བ་རྟོགས་འདོད་ན།།
མིར་ཟའི་སྙན་ངག་བསྟེན་པར་བྱོས།།༦༨

བྱིས་པ་དགོད་པའི་འཛུམ་ཀོང་དང་།།
མཛེས་མའི་ལུས་ཀྱི་དྲི་ཞིམ་ལས།།
ཁྱེད་ཀྱིས་ཅི་ཞིག་མཐོང་ངམ་ཀྱེ།།
བདག་ནི་མིར་ཟའི་སྙན་ངག་མཐོང་།།༦༩

ཁྱེད་ཀྱིས་ཞོགས་པར་ཅི་ཞིག་མཐོང་།།
ཁྱེད་ཀྱིས་མཚན་མོར་གང་ཞིག་དྲན།།
བདག་གི་མིར་ཟ་སྒ་ལེབ་ཀྱི།།
སྙན་ངག་ཁོ་ན་གླུ་རུ་ལེན།།༧༠

གནའ་བོའི་སྙན་ངག་མཁན་པོ་དག།
དེ་རིང་དུར་སའི་རྡུལ་དང་འདྲེས།།
འོན་ཏེ་མིར་ཟའི་འགྲེམ་སྟོན་ཁང་།།
འོད་ཀྱི་ལམ་དེའི་སྣེ་རུ་མཆིས།།༧༡

ཁྱེད་ཀྱིས་གྲོང་གསེབ་མཐོང་ངམ་ཀྱེ།།
ཁྱེད་ཀྱིས་རི་ཚོགས་བརྒལ་ལམ་ཀྱེ།།
ཁྱེད་ཀྱིས་མིར་ཟ་མཇལ་ལམ་ཀྱེ།།
བདག་ནི་ཁྱེད་ལ་འདི་ཙམ་འདྲི།།༧༢

མི་ཚོགས་ལྕགས་རྟ་རླངས་འཁོར་སོགས།།
ས་རྡུལ་ཉི་འོད་ཀློང་ན་རྒྱུ།།
དེ་ལས་མིར་ཟ་སྒ་ལེབ་ཀྱི།།
རྒྱབ་གཟུགས་བདག་ནི་མཐོང་བ་ཉིད།།༧༣

བདག་ནི་ངལ་བ་ཡོངས་སྤངས་ནས།།
ཐང་ཆེན་ཕ་མཐའ་བྲལ་བ་བརྒལ།།
རི་ཀླུང་གྲོང་དང་གྲོང་བརྡལ་མྱུལ།།
མཐའ་མཇུག་མིར་ཟའི་རྐང་རྗེས་རྙེད།།༧༤

མཚན་མོའི་ནམ་མཁའ་གཏིང་མཐའ་བྲལ།།
སྐར་ཚོགས་མ་ལུས་འོད་དུ་འཚེར།།
དེ་ལས་མིར་ཟ་སྒ་ལེབ་ཀྱི།།
སྙན་ངག་དག་གི་རྣམ་ཤེས་མཇལ།།༧༤

སྲིད་པའི་ལྷ་ཆེན་དག་ལ་ཡང་།།
རི་བོའི་བར་བར་དག་ལ་ཡང་།།
སྨུག་པའི་ནགས་ཀློང་དག་ལ་ཡང་།།
མིར་ཟའི་སྙན་ངག་འཁྱིལ་བ་མཐོང་།།༧༥

ཁྱེད་ཀྱིས་སྒོ་མོ་ཕྱེ་རོགས་མཛོད།།
ཁྱེད་ཀྱིས་སྒེའུ་ཁུང་ཕྱེ་རོགས་མཛོད།།
མིར་ཟ་སྒ་ལེབ་དལ་བུར་བསླེབས།།
ཁོང་གིས་སྙན་ངག་ག་ལེར་འབྲི།།༧༦

ཤོག་བུ་དག་ལས་དྲི་ཞིམ་འཐུལ།།
དབྱངས་གསལ་མ་ལུས་འོད་དུ་འཚེར།།
མིར་ཟའི་སྙན་ངག་ཀློག་པ་ནི།།
སྨྲ་བསམ་བརྗོད་ལས་འདས་པ་ཉིད།།༧༨

རྨི་ལམ་མང་བའི་ལོ་འདི་དག།
རྒས་པ་མགྱོགས་པའི་ལོ་འདི་དག།
འདོད་པ་འཕེལ་བའི་ལོ་འདི་དག།
མིར་ཟ་མཇལ་བའི་ཉིན་འདི་དག།༧༩

ཁྱེད་ཀྱི་སྐྲ་ལོ་དཀར་རམ་ཅི།།
ཁྱེད་ཀྱི་རྒས་གཉེར་ཟབ་བམ་ཅི།།
ཁྱེད་ཀྱི་ན་བཟའ་རལ་ལམ་ཅི།།
མིར་ཟ་ཁྱེད་ཉིད་གསོན་ནམ་ཅི།།༨༠

བརྩེ་བ་འབར་བའི་སྙན་ངག་དག།
དུང་བ་བཞུར་བའི་སྙན་ངག་དག།
གདུང་བ་འཕྱུར་བའི་སྙན་ངག་དག།
མིར་ཟ་ཁྱེད་ཀྱི་སྙན་ངག་དག།༨༡

ཁྱེད་ལ་སྙིམ་པའི་མེ་ཏོག་འབུལ།།
ཁྱེད་ལ་གནག་སྣུམ་སྐྲ་ལོ་འབུལ།།
མིར་ཟ་སྒ་ལེབ་ཅེས་པ་དེ།།
མཆོད་འོས་བཀུར་འོས་བསྟོད་འོས་ཉིད།།༨༢

བཟའ་བཏུང་ཁྲུས་དང་སྒོམ་སྒྲུབ་དང་།།
གཉིད་དང་རྨི་ལམ་ཚུན་ཆད་དུ།།
བདག་ནི་མིར་ཟའི་སྙན་ངག་ཀློག།
བདག་ནི་མིར་ཟའི་སྣང་བརྙན་དྲན།།༨༣

སྙིང་སྡུག་དྲན་པའི་སྐྱེ་བོ་དག།
ངལ་བས་དུབ་པའི་སྐྱེ་བོ་དག།
ཚོར་སྣང་སྐྱེན་པའི་སྐྱེ་བོ་དག།
མིར་ཟའི་སྙན་ངག་ལན་གཅིག་ཀློགས།།༨༤

སྲིད་པ་བར་དོའི་ཡུལ་ལྗོངས་བཞིན།།
བདེ་སྡུག་གློག་གི་གར་མཁན་མས།།
མུར་ཟའི་སྙན་ངག་རྫོགས་པར་བྱས།།
མིར་ཟའི་སྙན་ངག་མཛེས་པར་བྱས།།༨༥

བདག་ནི་ཤི་འམ་གསོན་ཡང་རུང་།།
རི་བོའི་ཚོགས་དེ་དྲན་པར་བྱ།།
ཆུ་བོའི་ངོགས་དེ་དྲན་པར་བྱ།།
མིར་ཟའི་སྙན་ངག་དྲན་པར་བྱ།།༨༦

མདང་ནུབ་དཀར་བསིལ་ཟླ་བ་མཐོང་།།
མདང་ནུབ་སྐར་མའི་ཚོགས་ཀྱང་མཐོང་།།
དེ་ལས་མིར་ཟ་སྒ་ལེབ་ཀྱི།།
སྙན་ངག་སྟོང་གི་མཛེས་པ་མཐོང་།།༨༧

བདག་གིས་ཁང་བའི་གནམ་གཅལ་ལས།།
མུར་ཟའི་སྙན་ངག་མཐོང་བར་གྱུར།།
བདག་གིས་ས་གཞིའི་རྡུལ་དག་ལས།།
མིར་ཟའི་སྙན་ངག་མཐོང་བར་བྱུར།།༨༨

སྣང་སྲིད་འདྲེས་པའི་ཏིང་འཛིན་འདི།།
འཁོར་འདས་བྲལ་བའི་ཕྱག་རྒྱ་འདི།།
མཛེས་སྡུག་འཁྱིལ་བའི་ཡིད་བརྙན་འདི།།
མིར་ཟའི་སྙན་ངག་མ་ཡིན་ནམ།།༨༩

མདང་ནུབ་བདག་ནི་གློ་བུར་དུ།།
གྲོགས་རྙིང་སྙན་ངག་མ་དང་འཕྲད།།
ཁོང་གིས་བདག་ལ་སྲོད་ཆད་བཅད།།
ཁོང་གིས་བདག་ལ་མིར་ཟ་གླེང་།།༩༠

མེ་ལྕེ་དམར་པོའི་རེག་བྱ་བཞིན།།
རྒུན་ཆང་དམར་པོའི་ཐིགས་པ་བཞིན།།
མིར་ཟའི་སྙན་ངག་ཀློག་པ་ནི།།
བདག་ཉིད་རྨས་ཤིང་གསོད་པ་ཉིད།།༩༡

བདག་གིས་ཆར་བའི་སྒྲ་དབྱངས་མཉན།།
དེ་ན་ཁྱེད་འདུག་མིར་ཟ་ཀྱེ།།
བདག་གིས་གངས་ཀྱི་འབབ་ཚུལ་བརྟགས།།
དེ་ན་ཁྱེད་འདུག་སྒ་ལེབ་ཀྱེ།།༩༢

མུན་པའི་ཁྲོད་ཀྱི་གློག་དམར་བཞིན།།
ས་རུ་འཐོར་བའི་སྟོན་ལོ་བཞིན།།
མིར་ཟ་སྒ་ལེབ་སྙན་ངག་གིས།།
བདག་ནི་བསྲེགས་ཏེ་ཐལ་བར་བྱས།།༩༣

རི་བོའི་ངོས་ཀྱི་ཞིང་གྲོང་དེར།།
རྩྭ་ལྗང་བྱིས་པ་བ་གླང་མཛེས།།
མིར་ཟའི་སྙན་ངག་འདོད་ལྷ་སྟེ།།
སྐྱེ་བོ་འབུམ་ཕྲག་མྱོས་པར་བྱས།།༩༤

བདག་ནི་ཙོག་པུར་མིག་བཙུམས་ཏེ།།
ཁྱོད་ཉིད་ཁོ་ནར་གསོལ་བ་བཏབ།།
མིར་ཟ་ཡིན་ནམ་སྙན་ངག་ཅིག།
བྱིན་རླབས་བཞིན་དུ་སྙིང་ལ་འཁྱིལ།།༩༥

བདག་ནི་གཉིད་ལོག་ཁྲུས་བྱེད་དམ།།
ནང་དུ་འཇོག་ཅིང་སྲང་དུ་རྒྱུ།།
བདག་གིས་མིར་ཟའི་སྙན་ངག་དག།
ཀློག་ཅིང་ཉན་ཞིང་མྱོང་བར་བྱེད།།༩༦

བདག་ནི་གསེར་གྱི་འཁོར་སྒྱུར་དུ།།
སྐྱེས་སམ་ཡང་ན་སྤྲང་པོར་གྱུར།།
མིར་ཟ་སྒ་ལེབ་སྙན་ངག་གིས།།
བདག་གི་རྣམ་ཤེས་ལྷོད་མ་གྱུར།།༩༧

གྲུབ་རིག་དཔའ་བོས་གླུ་ལེན་ཅིང་།།
མཁའ་འགྲོ་མ་རྣམས་གར་བྱེད་དུས།།
མིར་ཟ་སྒ་ལེབ་སྙན་ངག་དང་།།
ལྷན་ཅིག་འཇིག་རྟེན་འདི་ནས་གཤེགས།།༩༨

ད་ནི་ཉི་ཟླ་སྐར་གསུམ་ནུབ།།
ད་ནི་གློག་དང་སྒྲོན་མེ་ནུབ།།
ད་ནི་མུན་པའི་འཇིག་རྟེན་དུ།།
བདག་དང་མིར་ཟའི་སྙན་ངག་ལུས།།༩༩

མི་རྟག་སྒྱུ་མའི་འཇིག་རྟེན་འདིར།།
ལན་གཅིག་མཇལ་བའི་སྙན་ངག་པ།།
མིར་ཟ་སྒ་ལེབ་ཅེས་པ་འདིར།།
བདག་གིས་སྙན་ངག་བརྒྱ་རྩ་བྲིས།།༡༠༠


མཇུག་གི་ཚིག་འགའ།

___________________________
མིར་ཟ་སྒ་ལེབ་ནི་དུས་རབས་བཅུ་དགུ་བའི་རྒྱ་གར་གྱི་( Mirza Ghalib ༡༧༩༧ ---༡༨༦༩) དུང་བརྗོད་སྙན་ངག་པ་ཧ་ཅང་གྲགས་ཆེན་ཞིག་ཡིན། ཁོང་གིས་ཨུར་རྡུ་དང་པར་ཞི་ཡའི་ཡི་གེའི་ནང་ནང་སེམས་ཀྱི་དུང་བ་བརྗོད་པའི་སྙན་ངག་ཁྱད་དུ་འཕགས་པ་མང་པོ་ཞིག་བརྩམས་ཡོད་ལ། རྒྱ་གར་རྒྱལ་ཡོངས་དང་པ་ཁི་སི་ཐན་སོགས་རྒྱ་གར་ནུབ་རྒྱུད་དུ་ཁོང་གི་མཚན་སྙན་འབྲུག་ལྟར་གྲགས་དང་གྲག་བཞིན་ཡོད། ཁོང་སྐུ་འཚོ་བཞུགས་སྐབས་རྒྱ་གར་དེ་མུ་སྒལ་རྒྱལ་རབས་དང་དབྱིན་ཇིའི་བཙན་འོག་ཏུ་གནས་ཡོད། ཁོང་གི་སྙན་ངག་གྱེར་འདོན་དང་ཁོང་གི་སྐོར་གློག་བརྙན། ཁོང་གི་སྙན་ངག་དང་མི་ཚེའི་སྐོར་གཏམ་བཤད་སོགས་དེང་སང་དྲ་ལམ་ནས་གང་འདོད་དུ་ལྟ་ཀློག་བྱེད་ཐུབ། ཁོང་གི་སྙན་ངག་དབྱིན་ཡིག་ཏུ་བསྒྱུར་པ་ཁག་ཅིག་ལ་https://www.poemhunter.com/mirza-ghalib/ དྲ་ལམ་འདི་ནས་ལྟ་ཉན་བྱེད་ཐུབ་པ་དང་། ཡུའུ་ཁྲོབ་དྲ་བརྙན་ནང་ཁོང་གི་མིང་གཏགས་ན་ཁོང་གི་སྐོར་གློག་བརྙན་དང་ཁོང་གི་སྙན་ངག་གྱེར་འདོན་ལ་མྱོང་རོལ་བྱེད་ཐུབ། བདག་ནི་ཉིན་ཤས་སྔོན་བར་དུ་ཁོང་གི་སྐོར་ཅི་ཡང་ཤེས་ཀྱི་མེད་ན་ཡང་། ཁེ་ཉིན་དགོང་མོའི་ཆུ་ཚོད་བདུན་པ་ཙམ་ཨ་རིའི་སྦ་སི་ཀྲོན་དུ་བཞུགས་པའི་ཤེས་ལྡན་མ་སྐལ་བཟང་ལྷ་མོ་ལགས་ཀྱིས་ཁོང་གིས་རྟག་པར་རྒུན་ཆང་དམར་པོ་མཆོད་ཞོར་མུར་ཟ་སྒ་ལེབ་ཀྱི་སྙན་ངག་གྱེར་འདོན་ལ་ཉན་པ་དང་ཁོང་གི་སྙན་ངག་ཀློག་བཞིན་ཡོད་པ་མ་ཟད། ཁོང་གི་སྙན་ངག་རེ་ཟུང་བོད་ཡིག་ཏུ་ཡང་བསྒྱུར་ཡོད་ལུགས་གསུངས་པའི་རྐྱེན་གྱིས། སྔོན་ཆད་མིང་ཙམ་ཡང་ཐོས་མ་མྱོང་བའི་སྙན་ངག་པ་འདིའི་སྐོར་ཤེས་འདོད་དྲག་པོ་ཞིག་སྐྱེས་ཏེ་ཁོང་གི་མཚན་དབྱིན་ཡིག་ནང་ཇི་ལྟར་བྲིས་ཡོད་ལུགས་སོགས་བཀའ་འདྲི་ཞུས་པར། ཤེས་ལྡན་མ་སྐལ་བཟང་ལྷ་མོས་དེ་ལུགས་ཀྱི་ལན་འདེབས་གནང་བ་དང་བསྟུན། ལམ་སེང་དྲ་ལམ་དུ་མུར་ཟ་སྒ་ལེབ་ཀྱི་སྐོར་བཙལ་བ་ཡིན། སྐད་ཅིག་དེ་ཉིད་ལ། མི་རྟག་པའི་ཀློང་ནས། གློག་གི་རྦ་རླབས་ཆེན་མོའི་ཀློང་ནས། ངས་མུར་ཟ་སྒ་ལེབ་དང་ཁོང་གི་སྙན་ངག་རྙེད་བྱུང་། ངས་ཁོང་གི་སྙན་ངག་གསུམ་བཞི་ཙམ་ཞིག་བཀླགས་པ་ན། ངའི་ཀླད་པའི་སྤྱི་གཙུག་ནས་མི་ཞིག་མར་འཛུལ་བྱུང་། མིར་ཟ་སྒ་ལེབ་ངའི་ལུས་པོའི་ནང་དུ་ཞུགས་པ་དང་། ངའི་སེམས་ཀྱི་ནང་རོལ་ཏུ་ཐིམ་ཡོང་། སྐད་ཅིག་མ་དེར། ང་ལ་རང་དབང་སྤུ་ཙམ་ཡང་མེད་པར་ཁོང་དང་ཁོང་གི་སྙན་ངག་གི་སྐོར་ལ་སྙན་ངག་རིང་མོ་ཞིག་འབྲི་འདོད་དྲག་ཏུ་སྐྱེས། དེ་བས་ངས་དགོང་མོ་དེའི་མཚན་མོའི་ཆུ་ཚོད་བརྒྱད་པར་མགོ་བཙུགས་ཏེ་ཤོ་ལོ་ཀ་དང་པོར་བྲིས། དེ་ནས་གཉིས་པ་དང་གསུམ་པ་བྲིས། ཉི་ཤུ་བ་དང་སུམ་ཅུ་པ་བྲིས། རེ་བདུན་པ་དང་རེ་བརྒྱད་པ་བྲིས། མཐའ་མར་ཉིན་རྗེས་མའི་ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀའི་སྟེང་ཤོ་ལོ་ཀ་བརྒྱ་ཐམ་པའི་བདག་ཉིད་ཅན་གྱི་སྙན་ངག་རིང་མོ་ཞིག་བྲིས་ཏེ་མཇུག་རྫོགས་སོང་། འདི་ནི་ངའི་མི་ཚེའི་ནང་རང་གི་རྩ་བའི་བླ་མ་གཙུག་གི་ནོར་བུ་ལྰ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་ཚེའི་རྣམ་ཐར་སྙན་ངག་ནང་བརྩམས་པའི་རྗེས་སུ། མི་ཞིག་ལ་ཆེད་དུ་དམིགས་ནས་བྲིས་པའི་སྙན་ངག་རིང་ཤོས་དེ་ཡིན། འདིི་ནི་རང་ཉིད་དང་མི་རིགས་ཆོས་ལུགས་ལྟ་གྲུབ་མི་གཅིག་པའི་མི་ཞིག་ངའི་ལུས་སེམས་ཀྱི་ནང་རོལ་ཏུ་ཞུགས་ནས་སྙན་ངག་བྲིས་པ་ཆེས་ཐོག་མ་དེ་ཡིན། སྙན་ངག་པ་འདིའི་མིང་གི་སྒྲ་གདངས་ཅི་བཞིན་དུ་བྲིས་ན་མིར་ཛ་གྷྰ་ལིབ་ལྟ་བུ་ཞིག་ཡིན་སྲིད་མོད། བདག་ཉིད་ལ་ནི་མུར་ཟ་སྒ་ལེབ་ཅེས་པའི་ཚིག་འབྲི་འདི་བཞི་འབྲི་བདེ་ཀློག་བདེ་ཞིག་བྱུང་བ་ལགས། ཁོང་གྲོངས་ནས་ལོ་བརྒྱ་ཏག་ཏག་གི་རྗེས་སུ་ཁོ་བོ་སྐྱེས་འདུག་པ་འདི་ཡང་སྟེས་དབང་ཞིག་ནི་ཡིན་རྒྱུ་མ་རེད་སྙམ། ཁོང་སྐུ་གྲོངས་ས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡིན་ཞིང་དེར་ཁོང་གི་སྐོར་འགྲེམ་སྟོན་ཁང་ཆུང་ཆུང་ཞིག་ཀྱང་ཡོད་ཅིང་། དེའིི་ནང་ཁོང་གི་སྙན་ངག་ལག་དེབ་དང་ན་བཟའ་སོགས་བཤམས་འདུག

ཁོང་སྐབས་ཤིག་རིང་རྒྱན་འཛུགས་ནག་ཉེས་འོག་བཙོན་ཁང་དུ་ཡང་སྡོད་དགོས་བྱུང་ཞིང་དེ་ལ་ཁོང་གིས་སྤོབས་པ་ཡང་བྱས། དཔེར་ན་དགེ་སྒྲུབ་པ་ཞེ་ཁུ་ས་སྦ་ཡེ་ཞེས་པ་དེ་སྙན་ངག་པ་རེད་ཅེས་གཞན་གྱིས་བསྟོད་བསྔགས་བྱེད་དུས་ཁོང་གིས། “ཅི་འདྲ་བྱས་ནས་ས་སྦ་ཡེ་སྙན་ངག་པར་གྱུར་པ་རེད། ཁོས་ནམ་ཡང་རྒུན་ཆང་གི་བྲོ་བ་མྱངས་མ་མྱོང་། ཁོས་ནམ་ཡང་ཤོ་རྒྱག་མ་མྱོང་། ཁོང་ལ་ནམ་ཡང་མཛའ་མོས་བསིལ་ལྷམ་གྱིས་གཞུ་མ་མྱོང་། ཁོས་ནམ་ཡང་བཙོན་ཁང་གི་ནང་རོལ་མཐོང་མ་མྱོང་།” ཞེས་བྲིས་འདུག

མཇུག་ཏུ་ཁོང་གི་སྙན་ངག་གྲགས་ཅན་ཞིག་གིས་མཐའ་བསྡུ་བ་སྟེ།
“ཡོད་ཚད་བྱིས་པའི་རྩེད་མོ་བཞིན།།
ང་ལ་འཇིག་རྟེན་དེ་ལྟར་སྣང་།།
ཉིན་དང་མཚན་མོ་རེ་རེ་ནི།།
ངོ་མཚར་ལྟད་མོ་འདི་ངས་མཐོང་།།”

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།