གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་རིག་འཛིན་གྱི་ཚོགས་གླུ།(ཞར་བཀོད་དྲུག་ཡོད)

2018-03-04 15:02:29 རྫ་སྐྱེས་ཕུར་བ། ཀློག་གྲངས། མཆན ཡོད།

image1.JPG

ལས་ཀྱི་བར་སྣང་གི་སྤྲིན་པ་འགྲོ་བཞིན་ཚོགས་དྲུག་ལ་སྤུངས་ཏེ།། 
མི་ཚེ་སྐད་ཅིག་གི་སྣང་བ་བྲེལ་བཞིན་ལམ་ཆང་དུ་མཆོད་དེ།།
དབྱངས་ཅན་གླེགས་བམ་གྱི་མེ་ལོང་ངལ་བཞིན་བྱིལ་བྱིལ་རེ་བགྱིས་ཏེ།།
སྨུག་པའི་གཟན་རྐྱང་གི་ལྟེབ་ལ་རིག་འཛིན་ཚོགས་འཁོར་དེ་བཞེངས་ན།།
ཚོགས་གླུ་དགུ་འགྱུར་གྱི་སྙན་དབྱངས་བུ་མོ་རིག་འཛིན་གྱིས་བླངས་ན།།
ང་ཡང་བདེ་ཆེན་གྱི་ཡང་ཏིག་འོད་ཕུང་ཐོར་རེ་ཞིག་མིན་འགྲོ།། 

ཁོ་རེ་མདང་ནུབ་ཀྱི་རླུང་དེ་བྲིས་པའི་ཡིག་ཆུང་ལ་མ་ཐོགས།། 
རྩིག་པའི་གྱང་ལྡེབས་ལ་ཐོགས་ཏེ་ཚངས་མགུར་ཤང་ཤང་དུ་གྱེར་བྱུང་།། 

                     གྲོགས་པོར་བྲིས་པ།

ལམ་གྱི་ཐིག་རེའི་སྟེང་ལ་ཉི་འོད་བབས་པ།།
བརྩེ་བའི་བདེ་ལྕག་འཁྱུག་པོས་སླར་ཡང་ཕྱིས་དང་།།
སུ་ཡིས་འཛད་མེད་བུམ་ཆུང་གཅོག་རྒྱུ་ཟེར་ན།།
ངལ་བའི་ཁྲལ་ལས་མི་དགོས་དེ་ཡང་བསྐྱུར་ཞོག།

དབྱངས་ཅན་ངག་ལ་ལྡང་བའི་སྤྲིན་པ་རེ་རེ།།
ཐ་སྙད་རྩལ་ལ་བབ་པའི་ཡིག་འབྲི་རེ་རེ།།
འཇའ་ཚོན་འབུམ་ཕྲག་འཁྱུག་སའི་གར་སྟེགས་ཡིན་པས།།
ཚོགས་དྲུག་མེ་ལོང་དབྱི་ལ་ངལ་ལེ་མི་དགོས།།

སྐྱོ་ན་ལག་པ་འགུལ་བཞིན་གཞས་ཤིག་གཏོང་ཤོག།
དལ་ན་དམིགས་མེད་གཤོག་པ་ཡན་པོར་རྡོབས་ཤོག།
རྣམ་རྟོག་རྩིབ་མ་བརྒྱད་ཅུའི་གཡབ་མོ་འདི་ཡང་།།
བལྟས་ན་མེ་ལོང་ནང་གི་ལྷ་མོ་དེ་རེད།།

མི་ཚེ་སྐས་རྙིང་འདི་ཡི་གྲིབ་མ་མ་རེད།།
ལས་ཀྱི་ཕོར་བ་ཆག་པའི་སིང་སྒྲ་མ་རེད།།
སྨུག་པའི་དཀྱིལ་འཁོར་མང་པོ་མདུན་དུ་སྤུངས་ཏེ།།
སྣང་བའི་མཁར་གྱང་ཐོག་ལ་སླར་ཡང་བུད་ཤོག།

                       མཁར་གྱང་།

ལས་ཀྱི་མཁར་གྱང་གཡོ་བ་དེ།།
མཁར་ཐོག་ཉི་མ་ལ་བ་དེ།།
གྲིབ་མ་མང་པོ་ལག་སྦྲེལ་གྱིས།།
སྣང་གསལ་ཡོལ་བ་བསུམ་པ་དེ།།
དུས་ནི་དབྱར་གྱི་གནམ་ངོ་བཞིན།།
ཁ་མདོག་ཡང་ཡང་རྗེ་བ་དེ།།
བཤད་ན་ཆ་མེད་ཆ་མེད་ཅིག།
ཚེ་ཡི་སྐལ་ནི་ཅི་ཆ་ཨང་།
ལས་ཀྱི་མཁར་གྱང་ཅི་ཆ་ཨང་།།

                 ༢༠༡༦/༤/༢༣/

                      ལས་ནི་འདི་འདྲ་ཨེ་ཡིན།

ལུས་ཀྱི་གྲིབ་མ་ཡལ་ཡང་ལམ་སྣེ་གང་གི་སྤྲིན་ལ་ལྟ།།
ལམ་ཟུར་ཁང་ཆུང་ཞིག་ཀྱང་ལམ་དེའི་བདག་གིས་ཨི་ཁུང་འཚོལ།།
ལས་ནི་འདི་འདྲ་ཡིན་ཏེ་སྐབས་རེར་དེ་ཡང་ཅི་ཆ་འོ།།
དེ་ཡི་ཁ་མཐའ་མི་མཐོང་དེ་ནི་མཐོང་ཡང་འདོད་པ་སྟེ།།
དེ་ནས་ངང་ངུར་ཚོམས་ཤིག་གནམ་མཐའ་ལྡང་སྐོར་ཨེ་རྒྱག་ལགས།།
དེ་ཡི་སྨུག་པ་དག་ཀྱང་ཆུ་བོ་བཞུར་བཞིན་ཨེ་འགྲོ་ལགས།།

                   ༢༠༡༦/༤/༢༣/

                      སྟོང་བའི་གཞས།

སྟོང་བའི་ལག་པ་གང་དུ་འགུལ།།
སྟོང་བའི་མིག་གཉིས་གང་དུ་བལྟ།།
སྟོང་བའི་རབ་འབྱམས་སྟོང་བ་ཉིད།།
རྣམ་པར་མི་ཕྱེད་སྟོང་བ་ཉིད།།
འཐད་པའི་མགོ་བོ་དེ་ལ་མེད།།
བགྲེས་པའི་ཟོལ་ནི་དེ་ལ་མེད།།
སྟོང་བའི་ཆུ་མོ་ཤང་ཤང་།།
སྟོང་བའི་རྒྱང་གླུ་སིང་སིང་།།
སྟོང་བ་ཁོ་ན་མེ་ལོང་སྟེ།།
བྱད་གཟུགས་དག་ནི་གསལ་གསལ་ངང་།།
སྟོང་བ་ཁོ་ན་བདུད་རྩི་སྟེ།།
འཆི་བ་མེད་པའི་ཕྱག་རྒྱ་ཉིད།།
ཨེ་མ་དེ་ནི་སྟོང་བའི་གླུ།།
ཀྱི་ཧུད་དེ་ནི་སྟོང་བའི་ཚུལ།།
ལས་ཀྱི་རྟ་ཕོ་གང་དུ་རྒྱུགས།།
སྒྱུ་མའི་མཚར་སྒྲུང་གང་དུ་ལྟ།།
ལྷ་འམ་ལྷ་མོས་ཁྲུས་བཤམ་པ།།
བ་གླང་སྐོམ་གྱིས་ཆུར་ཞུགས་པ།།
སྟོང་ཡང་མི་སྟོང་ཚུལ་དེ་ཅི།།
འཇའ་ཚོན་ནམ་དེ་ཡང་ན་གཞན།།

                        གླུ་དབྱངས་ལེན་པའི་མི་དེའོ།།

གྲིབ་མ་ཧྲེང་ངེ་ཧྲེང་ངེར་འགྲོ།།
བ་གླང་ཁྱུ་བྱས་ཆུ་ཁར་ཞོགས།།
བདག་ནི་གདུང་བའི་ས་སྲོད་ངོགས།།
གླུ་དབྱངས་ལེན་པའི་མི་དེ་འོ།།

རྫིང་བུའི་ཁ་རུ་ཡང་ཡང་འཁོར།།
སྦལ་ལྕོང་སྐད་ལ་ལོབས་པར་བྱས།།
ལུས་ཕུང་འདེགས་པའི་ཁྲུས་བཤམས་ཏེ།།
ཆུ་བོ་ཉིད་ལ་དབྱངས་རྟ་རྩོམ།།

ཁྲུས་ཀྱི་རྫིང་བུ་གང་དེ་རུ།།
བདག་ནི་ལས་ཀྱི་ངལ་གསོ་རོལ།།
རི་ཟོམ་གང་གི་བྱེའུ་ཚོགས་ཀྱིས།།
སྐལ་བའི་རྨི་ལམ་སད་པར་བྱས།།

                         ང་ཡི་གྲིབ་མ།

ཉེ་དུས་ང་ཡི་གྲིབ་མ་ལ།།
འོད་དཔག་མེད་པའི་ཁ་དོག་ལྡན།།
དཀར་དང་སེར་དང་དམར་བའི་ངོར།།
ཁྲུས་ནི་གྱིས་ཤིག་མཛའ་མོ་ཨང་།།

མཐོ་རིས་གང་དེ་བདག་ཡིད་ཁམས།།
མཛའ་མོ་རང་ཡང་བདག་ཡིད་ཁམས།།
རྣམ་པར་མི་ལྡོག་ལས་སུ་བྱ།།
སྙོམས་པར་ཞུགས་ཚེ་བདེ་བ་ཉིད།།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།