གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལོང་ནང་གི་སྙན་ངག

2019-05-31 17:23:07 རྩམ་པ།(མོ་གྲོང) ཀློག་གྲངས། མཆན ཡོད།
སྔ་དུམ།

ཀུན་ཏུ་རྒྱུ་བའི་རྟོག་པ་མ་བཅོས་པར།།
རི་བོའི་ཟོམ་དུ་ལས་ལ་བཞོལ་བ་ན།།
མཚུངས་པའི་ཡོན་ཏན་གང་ལ་མི་ལྡན་པའི།།
ཏིང་འཛིན་ལས་ལ་འཚོ་བའི་ཏཱ་རེ་མ།།
དུང་བའི་སྤྱན་གྱིས་བདག་ཉིད་མ་འདོར་བར།།
ཟླ་མཚན་ཁྱོར་གང་བདག་ལ་གནང་བར་མཛོད།།
མུ་ཏིག་སྟོང་ལས་གྲུབ་པའི་རི་དྭགས་མིག།
རྟག་ཏུ་ཉེ་བར་འཁྲི་བའི་ཁོ་བོའི་ཡིད།།
སྙིང་རྗེས་བརླན་ཞིང་བརྩེ་བས་བསྲུང་གྱུར་ཅིག།
ཁྱེད་ཀྱིས་མིག་ལ་ཉི་ཟེར་ཕོག་པ་ན།།
བདག་ལུས་བ་སྤུའི་རྩེ་མོ་ཚུན་ཆད་ལས།།
ལན་ཆགས་སྟོང་ལས་གྲུབ་པའི་རྔུལ་ཆུ་འབྱིན།།
བར་དུམ།

གློ་བུར་བཞད་ཅིང་ཡུན་དུ་བཞུགས་པའི་མགོན།།
བདག་གི་སྒོ་སྐལ་གྲུབ་པའི་ལྷ་བཙུན་མཆོག།
སྨིན་པའི་སྐུ་ལ་ནོར་བུའི་རྒྱན་གྱིས་སྤྲས།།
ཁྱེད་ཀྱི་མཛེས་པ་བལྟ་བས་མི་ངོམས་པ།།
བདག་ཡིད་ངོས་སུ་བསོད་ནམས་པིར་གྱིས་བྲིས།།
སྒོ་གསུམ་མུན་པའི་ཕག་ཏུ་མ་ལྷུང་བར།།
དད་པའི་འོ་མའི་མཚོ་ཆེན་རབ་བསྲུབས་ཏེ།།
དགེ་བའི་རི་མོ་རྡུལ་གྱིས་བཏེགས་པ་དང་།།
མོས་པའི་ཟེའུ་འབྲུ་ཡོངས་སུ་སྨིན་པ་ཡིས།།
སྙིང་རྗེ་ཆར་གྱིས་རློན་ཅིག་ཡིད་འོང་མ།།
མི་སྡོད་ལས་ཀྱིས་གཡང་སར་ཁྲིད་པ་ན།།
ཡིད་ཀྱི་དང་བ་བརྟེན་ས་ཁྱོད་ཉིད་ལས།།
རེ་ས་གཞན་ཞིག་མེད་དོ་ཏཱ་རེ་མ།།
ཕྱི་དུམ།

བདག་ནི་ནགས་ལ་གནས་པའི་རས་པ་སྟེ།།
ལྷ་ཁྱོད་སེམས་སུ་ལན་གཅིག་གསལ་བ་ཡིས།།
རི་དྭགས་རྨས་མ་བཞིན་ཏུ་ཁོག་འདར་བྱེད།།
རྟག་ཏུ་ཚངས་པར་སྤྱོད་པའི་རྗེ་བཙུན་མ།།
ཁྱེད་ལ་རྗེས་སུ་ཆགས་པའི་ཁོ་བོའི་ཡིད།།
ཇི་སྲིད་བསྐལ་བའི་བར་དུ་འཁྲེང་གྱུར་ཅིག།
ཀྱེ་མ་བདག་ནི་འབྲོག་གི་ནོར་རྫི་བཞིན།།
སྨུག་སྤྲིན་གསེབ་ནས་ཁྱོད་ལ་རྫི་གླུ་འཐེན།།
དབྱངས་ཀྱི་རྒྱལ་མོའི་གྲེ་བ་མ་འགགས་ན།།
སྙན་པའི་དཔལ་གྱིས་ཁྱེད་ཉིད་བསྟོད་པ་བགྱི།།
བསྙེད་ཅིང་བཀུར་རོ་བདག་གི་བཅོམ་ལྡན་མ།།
ཁྱེད་ཉིད་བདག་གི་འདྲེན་པ་ཉིད་གྱུར་ཅིག།

                                  2019/4/7 ཉིན་རྒྱམ་གཞུང་དུ་བྲིས།
 

རྩོམ་སྒྲིག་པ། དབང་མོ།


  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།