གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་སྲིབ་ཀྱི་མེ་ལོང་།(ཞར་བཀོད་གཅིག་ཡོད)

2019-09-25 14:40:27 མ་བྱན།(དཀར་མཛེས) ཀློག་གྲངས། མཆན ཡོད།


སེམས་ཀྱི་ཉིན་སྲིབ་རླུང་གིས་གཡོས་ཏེ་དྲན་པའི་རྨི་ལམ་རྒྱང་དུ་བྱེར།།
ལས་ཀྱི་ནམ་མཁར་སྤྲིན་དཀར་རྒྱུ་ཞིང་སྐར་མའི་ཚོམས་ཁྱུ་དཀར་ལམ་ལམ།།
སྙིང་གི་ཆ་ཤས་དུམ་བུར་གཤགས་ཏེ་ལས་ཀྱི་རྨ་ཀླུང་ཤར་དུ་བཞུར།།
ང་ཡི་སྣང་བ་རི་དང་གཙང་བོའི་མུན་པ་ཟ་བའི་ཉི་འོད་ཡིན།།

ཡིད་ཀྱི་མཚོ་མོ་རླུང་གིས་བསྐྱོད་དམ་ལོ་དང་ཟླ་བའི་གས་སྲུབས་ལས།།
ཁུ་བྱུག་སྔོན་མོའི་སྐད་སྙན་སྒྲོག་ཅིང་ཆར་སིམ་མེ་ཏོག་ག་ལེར་འབབ།།
སྙིང་ལ་ཕོག་པའི་ཟུར་མིག་ཅིག་གིས་ང་ཡི་དྲན་པ་རྨང་ནས་སྒུལ།།
ཉིན་ཞག་འཁོར་བའི་དལ་བྲེལ་བར་ནས་ཁྱེད་ཀྱི་ལང་ཚོ་མིག་ལ་བཏགས།།

ལང་ཚོའི་སྒེག་ཉམས་ལྡེམ་ལྡེམ་འཁྱུག་ཅིང་གོམ་པའི་རི་མོ་དལ་གྱིས་འབྲི།།
སྟོན་ཟླ་དགུ་བ་ཡིན་ནམ་སྟོན་རླུང་བསིལ་བསིལ་ལྡང་བའི་དུས་ཚིགས་ལ།།
སྐྱེ་བ་གང་གི་ལན་ཆགས་ཡིན་སྙམ་ཉིན་མཚན་གཉིས་ཀྱི་བར་གླགས་ནས།།
ང་ཡི་མིག་ཟུང་འབྱེད་ཙམ་འབྱེད་ཙམ་ཁྱེད་ཀྱི་རྒྱབ་གཟུགས་སེམས་ལ་བཏབ།།

                                                      2018/12/24ཉིན།

      འཕྲིན་པ།

                                         
ལས་ཀྱི་གཙང་བོ་ག་ལེར་བསྐྱོམས་ཚེ་དྲན་པའི་ཆུ་རིས་རྒྱང་དུ་མཆེད།།
སྣང་བའི་རྨུ་ཐག་དལ་གྱིས་དཔྱངས་ཚེ་ལོ་ཟླའི་སྙན་འགྱུར་རྣ་བར་ལྷུང་།།
ཁ་བའི་འདབ་མ་འཁྱུག་ཙམ་གནང་བའི་དགུན་ཟླ་འབྲིང་པོའི་དུས་ཚིགས་ལ།།
ང་ཡི་སེམས་པ་ཁྱེད་ཀྱི་ཕྱོགས་སུ་འབྲོ་ཙམ་འབྲོ་ཙམ་གནང་བྱུང་ལགས།།

ཡིད་ཀྱི་རླུང་བུ་འུར་འུར་ལྡང་ཚེ་ཞེ་འདང་མེ་ཏོག་ལྷུག་ལྷུག་རྒོད།།
མིག་གི་ཞེན་ཆགས་སེམས་ལ་འཇགས་ཚེ་སྙིང་གི་འགྲོས་ཚད་གྱེན་དུ་འཕགས།།
ན་ཚོད་དུས་ཀྱི་གཡེར་བག་ཆེ་བའི་མི་ཚོགས་འདུས་པའི་མདོ་གྲོང་ནས།།
ཁྱེད་དང་འཕྲད་པ་ཚེ་སྔོན་ལས་ཀྱི་སྤྲུལ་བ་ཡིན་ཚོད་སྙིང་ཉེ་ལགས།།

སྤྲིན་གྱི་ཟིལ་བ་གཏོར་འདྲའི་ལང་ཚོའི་ཕུན་ཚོགས་གང་དུ་ཡལ་གྱིན་གདའ།།
ལོ་ཟླའི་འཕྲེང་རིམ་བརྒལ་བའི་དྲུག་གསུམ་ཡལ་འདབ་ཁོ་ལག་ཡོངས་སུ་རྫོགས།།
ཉིན་ཞག་གཉིས་ཀྱི་སྲུབས་སུ་འཚེར་བའི་སྙིང་ཐུབ་གཡུ་ཆུང་དྲུག་དཀར་མ།།
གཞོན་པའི་སེམས་སོང་མི་དེ་ཁྱོད་ཡིན་ང་ཡི་ཚེ་ཡི་ཉི་མ་ལགས།།

དྲན་པའི་གཞུ་མོ་ནང་དུ་བཀུགས་ཚེ་བརྩེ་བའི་གཏམ་རྒྱུད་ལྷོག་ལྷོག་ཁོལ།།
བཅོས་མེད་འཛུམ་ཚུང་སྟོན་ཙམ་གནང་བས་ཁེར་རྐྱང་ལོ་ཟླ་སིལ་བར་གཏོར།།
ལས་ཀྱི་གཞིས་ཀར་ཕེབས་པའི་ང་ཡི་ཚེ་གཅིག་ཡིད་ཀྱི་ལྷ་ཆེན་ལགས།།
ཁྱེད་རང་ང་ཡི་གཏན་གྱི་འདུན་མར་བཅོལ་ཡོད་ལས་ཀྱི་ཁ་བ་ལགས།།

                                  2019/2/14ཉིན་མཛའ་གྲོགས་དུས་ཆེན་ལ་སྦྱར།
 
རྩོམ་སྒྲིག་པ། དབང་མོ།


 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།