སྤྱན་ལྡན་མེ་ཏོག་གི་དྲི་བསུང་།(ཞར་བཀོད་བཞི་ཡོད)

རྨོག་ཐང་དཀར།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-09-29

               ____  ༧གནས་བརྟན་ཆེན་པོ་རབ་འབྱོར་ལ་ཕུལ་བ།

འོད་དེ་ཅི་ཞིག་ཁྱེད་ཀྱི་ནི།།
རབ་ཏུ་དུལ་བའི་སྐུ་ལས་འཕྲོས།།
སྐུ་ནི་འགྱུར་མེད་ཉམས་ཀྱིས་བཞུགས།།
གསུངས་ནི་ཡུམ་གྱི་མདོ་སྡེ་སྨྲ།།
ཐུགས་ནི་སྤྲོས་བྲལ་སྟོང་པ་ཉིད།།
གཉིས་འཛིན་བྲལ་བའི་བྱ་རྒྱལ་རྒོད།།
དགེ་སྦྱོང་ཁྱེད་ཀྱིས་རབ་ཞུས་པའི།།
ཤེར་ཕྱིན་འབུམ་གྱི་གསུང་རབ་ལ།།
མཇལ་ཚེ་ཡིད་སྣང་ཅིག་ཅར་འདྲེན།།
དྲན་ན་རྟོགས་པའི་རང་སྐལ་ཐོབ།།
གནས་བརྟན་ཁྱེད་ལ་ཕྱག་འཚལ་བ།།
མཆོད་འོས་ལས་ཀྱང་བསྟོད་འོས་ཀྱིས།།
རྒྱ་ཆེན་ཚོགས་ཀྱང་འདུམ་མོ་སྙམ།།
མཚན་ཐོས་སྨིན་ཅིང་གྲོལ་མཛད་པའི།།
གཟུངས་སྤོབས་ལྷག་ལྡན་རྒྱལ་བའི་དྲུང་།།
ཞིམ་མེད་གུས་རྟག་རབ་སྦྱོར་བའི།།
དེས་ཤིང་ཕ་རོལ་ཕྱིན་ལ་སྤྱོད།།
རྒྱལ་བའི་ཡུམ་ལ་གསན་བཞེས་སམ།།
ཏིང་འཛིན་སྒོམ་ལ་ཞུགས་པ་ཡི།།
རྣམ་གཉིས་ལས་མཐའ་ཁྱེད་ལ་ཟད།།
ཀུན་ཟད་ཀུན་ལྡན་ཡེ་ཤེས་ཅན།།
ནམ་མཁའ་ལ་ཡང་འཕུར་བ་དང་།།
ལྗོན་པའི་ཚོགས་ཀྱང་རབ་གུས་ཏེ།།
མཚན་མ་དག་ལ་མ་ཆགས་པའི།།
དགེ་སྦྱོང་ཁྱེད་ནི་རྣམ་པར་རྒྱལ།།
བཅོམ་ལྡན་གསུངས་ནི་ཁྱབ་བརྡལ་བ།།
སྣ་ཚོགས་སྣང་བ་བསམ་མི་ཁྱབ།།
ངེས་དོན་ཐེག་པ་ཀུན་ཆེ་བའི།།
ཆོས་འཛིན་ཆོས་སྨྲ་ཡང་དག་ལྡན།།
མི་སྨྲའི་བརྟུལ་ཞུགས་རབ་བསྐྱངས་ཏེ།།
ནགས་ཀྱི་བསམ་གཏན་གཅིག་པུ་བ།།
རང་ཉིད་ཐར་ལ་ཀུན་བརྩོན་ལས།།
རིམ་པ་ཀུན་འཕགས་ཁྱེད་ཀྱིས་ནི།།
ཡོངས་འཛིན་དགེ་བའི་སེམས་རབ་བསྐྱེད།།
བཅོམ་ལྡན་རྒྱལ་པོ་མི་ཕམ་མགོན།།
མཇལ་བའི་སྐལ་བཟང་འདི་ཀོ་ཡང་།།
ས་ཆེན་བྱེ་མའི་ཐང་ཆེན་དུ།།
རབ་བརྩེགས་བསོད་ནམས་རི་བོ་མཐོ།།
སྔོན་ཚེ་བསྐལ་བ་རྫོགས་ལྡན་དུས།།
ཉམས་དེ་རྨི་ལམ་ལྷ་ཡི་གྲོང་།།
སྤྱན་ལྡན་མེ་ཏོག་རབ་འབྱོར་གྱི།།
ངད་ལྡན་དྲི་བསུང་བདུག་སྤོས་དཀར།།
ཀུན་ཁྱབ་མདོ་སྡེའི་སྡེ་སྣོད་ལ།།
དངོས་མཇལ་དད་པའི་རྦ་རླབས་ནི།།
བཅོས་མིན་ཡིད་ཀྱི་གཏིང་ནས་འཕྱུར།།

དེ་ནི་ཅི།


ཡར་ལྟོས་དྭངས་པའི་ནམ་མཁའ་ལ།།
འདབ་ཆགས་སྟོང་གི་འཕུར་ལམ་ཡངས།།
ཕྱིར་ལམ་ཨ་སྐོར་ཡང་སྐོར་གྱི།།
འཕུར་འདོད་འདུ་བྱེད་མ་བཏང་བ།།
ངལ་བའི་སྙིང་པོ་མི་སྙམ་པའི།།
རྟེན་འབྲེལ་ངང་ཚུལ་དེ་ནི་ཅི།།

ཕར་ལྟོས་རྫ་རི་སྨུག་པོའི་འདབས།།
རི་སྐྱེས་རི་དྭགས་ཁྱུ་དང་ཁྱུ།།
སྣང་བ་དྲི་བཞོན་གྱིས་དེད་པའི།།
ལུས་ནི་གཉོམ་ཆུང་ལྡོམ་པོ་སྟེ།།
སེམས་ཀྱི་རྗེས་དེ་ཆོད་དཀའ་བའི།།
རྟེན་འབྲེལ་ངང་ཚུལ་དེ་ནི་ཅི།།

མར་ལྟོས་རྫ་རྒྱུད་གོང་འོག་ན།།
མི་ཚོགས་སྟོང་གི་ཡོ་ལངས་རྒྱས།།
ཚོར་བའི་རྨི་ལམ་མ་རྙེད་ཀྱང་།།
གྲིབ་མའི་གཟུགས་དང་རྗེས་འབྲངས་བ།།
འདོད་པ་སྒྱུ་མའི་རྒྱ་མཚོ་ཆེ།།
ཁེལ་དང་མ་ཁེལ་སྣ་ཚོགས་པའི།།
རྟེན་འབྲེལ་ངང་ཚུལ་དེ་ནི་ཅི།།

ཚུར་ལྟོས་རང་སེམས་རིག་པའི་ཁམས།།
ལྷན་སྐྱེས་རྟོག་པའི་འཆར་ཚུལ་དང་།།
ཀུན་བཏགས་ཆུ་མོའི་བཞུར་སྒྲ་ལས།།
རྙེད་དང་མ་རྙེད་གཡས་ནས་ཞོག།
བདེ་དང་སྡུག་བསྔལ་གཡོན་ནས་སྐྱུར།།
གང་སྣང་བདེ་སྟོང་རོལ་བའི་ངང་།།
འཁོར་འདས་སྒྱུ་མའི་གླུ་ཆུང་ལེན།།

སྒྱུ་མའི་གླང་བོ་སྣ་ཚོགས་སུ་ཤར་བའི་གླུ།


སྒྱུ་འཕྲུལ་ལས་ཀྱི་རླུང་བུ་ཡར་ལ་ལྡང་།།
ཀུན་བཏགས་ཚོར་ཤེས་ཆུ་མོ་ཐུར་དུ་བཞུར།།
འཁོར་འདས་ཀུན་རྟོག་སྣང་བ་རི་ནས་ལྷག།
ཤིན་ཏུ་ནོངས་པའི་ཚུལ་འདི་ཁོ་ན་ཙམ།།
དམིགས་མེད་བློ་གྲོས་ཆེན་པོའི་ངོ་བོར་ཤར།།

ཟབ་ཞི་མཉམ་ཉིད་སྲིད་པའི་མེ་ལོང་ངོར།།
ཉམས་རྟོགས་ངར་མའི་ཆང་རྫ་མ་ཆག་པར།།
གང་སྣང་བདུད་རྩི་རླངས་པ་ཐི་ལི་ལི།།
རང་བྱུང་པདྨའི་ཆུ་གཏེར་འབབ་པའི་ཀློང་།།
སྒྱུ་མའི་གླང་བོ་ཞོན་ཞིང་རྔུལ་ཆུ་བྲུག།
སྣ་ཚོགས་སྣང་བའི་ཚུལ་འདི་མི་མཚར་རམ།།

སྐྱེ་འགག་ཀུན་བྲལ་ཀུན་བཟང་འཁོར་ལོ་ཡི།།
རིན་ཆེན་གསེར་གྱི་ཕྲ་རྒྱན་སྣ་ཚོགས་ཅན།།
སྙན་ཚིག་ཤེས་བྱ་འབུམ་གྱི་ཐང་ཆེན་དུ།།
ཉམས་ལྡན་གཞོན་ནུ་ང་རང་དེ་ལྟར་འགྲོ།།
མཐུ་ལྡན་ལྷ་ཡི་བུ་མོས་བསྲུང་མ་མཛོད།།
 

༄༅། ། གཞི་གསུམ་ཆོ་གའི་རོལ་མོ།

              ____ ས་ཕག་ལོར་འདུལ་བ་གཞི་གསུམ་གྱི་ཆོ་ག་ལྟར་གསོ་སྦྱོང་དང་དབྱར་གནས།  དགག་དབྱེ་བཅས་ལ་གནས་པའི་ཀུན་རྟོག་ནང་གི་ཉམས་གླུ།

སྔོན་བྱུང་དུས་བཟང་རྫོགས་ལྡན་གྱི།།
རེ་བའི་ཉི་གཞོན་ཚངས་དབང་གི།
ཕུལ་བྱུང་སྟོབས་དང་ལྡན་པ་ལ།།
དད་འདུན་དགེ་བའི་ཆར་རྒྱུན་རྒྱས།།
གཙུག་ལག་པད་སྡོང་གྲིབ་བསིལ་འོག།
བདེ་གཤེགས་འཁོར་བཅས་སོ་ན་བཞུགས།།
བཞུགས་པའི་ཉམས་ནི་གུས་རྟག་སྦྱོར།།
འབད་མེད་ནང་གི་དད་པ་འཕེལ།།

ཕྱི་ཡི་སྲོག་ལྡན་ཉམ་ཐག་སྡེ།།
བག་མེད་རྡོག་པས་བརྫི་བ་ཡི།།
གཡེང་བའི་ལས་ལ་རབ་འཕྱ་བའི།།
མུ་སྟེགས་ངག་གི་ཀྱལ་ཀ་སོགས།།
བྱས་བསགས་ལས་རྣམས་རབ་སྤོང་ཕྱིར།།།
བཅོམ་ལྡན་གསུང་གི་བཅས་པ་ལྟར།།
དབྱར་ཟླ་གསུམ་གྱི་ནང་རོལ་ཏུ།།
ལས་ཀྱི་མཚམས་བཟུང་ཆོ་ག་ལྟར།།
བསླབ་ལ་རབ་གནས་སྤྱོད་པ་དུལ།།
ཐོས་བསམ་སྒོམ་ལ་སྦྱོར་བའི་མཐུས།།
རྣམ་དག་གུས་པས་མཆོག་ཏུ་བསྲུང་།།

བསླབ་གསུམ་མཚོ་སྐྱེས་པདྨའི་ལྕེ།།
འདར་བའི་གཟུགས་ལ་གཡོ་བའི་རླུང་།།
ཡང་དག་ཉིད་ལ་རྣམ་དག་གི།
ལེགས་ལྡན་འོད་ཀྱི་མདངས་རབ་རྒྱས།།
ཟླ་བ་ཕྱེད་དང་ཕྱེད་ཀྱི་མཚམས།།
སྡིག་ལྟུང་རྣམ་སེལ་བསླབ་པ་གསོ།།
མི་གཡོ་སེམས་ནི་བསམ་གཏན་ལ།།
རྩེ་གཅིག་ཞུགས་པ་དོན་དང་ལྡན།།
གཅིག་པུར་གནས་པའི་རི་དྭགས་བཞིན།།
ཉམས་ལྡན་བག་ཡངས་ལྷོད་ཀྱིས་རྒྱུ།།

ཆོས་ལ་རབ་བརྩོན་བཅུད་ལ་འགྲུས།།
ཤེས་རབ་རྣོ་ཞིང་བློ་གྲོས་མྱུར།།
དབེན་པའི་རི་སུལ་ཉམས་དགའ་རུ།།
སྣོད་བཅུད་དག་པ་ཤེལ་དཀར་གྱི།།
དྲི་བསུང་དེ་ནི་ལོངས་སུ་སྤྱོད།།
སྨུག་པ་དེ་ནི་མཁའ་ལ་དྭངས།།
ཞི་དུལ་ནང་གི་ཀུ་ཡངས་འདི།།
རང་བྱུང་ཁམས་ལ་ཉམས་གླུ་ལེན།།
ལྟ་སྒོམ་སྤྱོད་པའི་འབབ་སྟེགས་ལ།།
བརྩོན་པའི་གོ་ཆ་རབ་ཏུ་བགོས།།

འགྲོ་བའི་མཆོད་སྡོང་འཕགས་པའི་སྡེ།།
ཞི་དུལ་སྤྱོད་པའི་སྒེག་པ་དེས།།
བག་མེད་ལུས་ཀྱི་སྟངས་སྟབས་ཀུན།།
མ་བསྡུས་པར་ཡང་བག་ལ་ཞ།།
ཚིག་གསུམ་གཏམ་གྱི་བརྗོད་པ་ལ།།
གུས་པའི་ཚིག་ལ་ཤིན་ཏུ་གོམས།།
མ་བརྟག་བབ་ཅོལ་རྩུབ་མོའི་ཚིག།
འཇམ་པོའི་ཚིག་གིས་དམ་ལ་བཏགས།།
འཆད་རྩོད་རིགས་པའི་གློག་འཕྲེང་གིས།།
གསུང་རབ་དཀའ་བའི་གནད་བརྒྱ་བཀྲོལ།།
མ་སྦྱངས་ལེ་ལོས་རྣམ་ཉམས་པའི།།
རྨོངས་པའི་གཤིས་ལ་ཐལ་ལྕག་གཞུ།།

སྒོ་གསུམ་བསྡམས་ཤིང་གུས་པའི་ཉམས།།
སྦྱངས་བའི་བསླབ་པ་མངོན་འཕེལ་བ།།
ནང་གི་ངལ་དུབ་བསལ་བའི་ཕྱིར།།
ལྗོངས་དང་ལྗོངས་སུ་རྒྱུ་བར་བྱ།།
གསེར་མདོག་ཉི་དགའ་མེ་ཏོག་གི།
འདབ་མའི་ཚོགས་རྣམས་ཇི་ལྟ་བར།།
མཛེས་པའི་ལང་ཚོ་རྣམ་བཀྲ་བའི།།
ངུར་སྨྲིག་སྡེ་འདི་ཕྱག་གིས་མཆོད།།

ཨ་སྐྱོ།


རིའི་ཕར་རྒྱབ་ནང་གི་ཨ་སྐྱོ་གན།།
ཁོམ་སོང་ན་རི་རྩེའི་སྨུག་པ་ཞོན།།
གཟིམ་སོང་ན་སྟུག་དྲིའི་སྒྲ་ཆེན་བཀད།།
ཁ་སྐོམ་ན་གངས་ཀྱི་འཁྱག་རོམ་ལྡག།
ཁོག་བརྒྱགས་ན་སྲིད་པའི་འདར་གླུ་ལེན།།

རིའི་ཕར་རྒྱབ་ནང་གི་ཨ་སྐྱོ་གན།།
ཆོས་མི་ཤེས་ཕྱག་རྒྱ་ཕྱིར་ལོག་ཅན།།
སྲིད་མི་ཟིན་བུ་བརྒྱ་སྲང་ལ་འཁྱམས།།
ཟས་མི་རྙེད་ཐང་གི་ཟྭ་རྩྭ་ཟ།།
གོས་མི་དགོས་ཤིང་གི་ལོ་མ་གྱོན།།

རིའི་ཕར་རྒྱབ་ནང་གི་ཨ་སྐྱོ་གན།།
བློ་མི་འགྱུར་རྡོ་རྗེའི་རྩལ་ཤུགས་ཅན།།
གདེང་མ་བཅོས་བདེ་ཆེན་མཉམ་པ་ཉིད།།
ཉམས་མི་གཅིག་སྣང་བ་སྣ་ཚོགས་པ།།
ངུ་མི་དགོས་ངེས་འབྱུང་ཤ་ར་ར།།
བགད་མི་དགོས་བསྐྱེད་རྫོགས་ཏ་ལ་ལ།།

རྩོམ་སྒྲིག་པ། དབང་མོ།


 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྱན་ལྡན་མེ་ཏོག་གི་དྲི་བསུང་།(ཞར་བཀོད་བཞི་ཡོད)

2019-09-29 རྨོག་ཐང་དཀར།(དཀར་མཛེས) ཀློག་གྲངས། མཆན ཡོད།

               ____  ༧གནས་བརྟན་ཆེན་པོ་རབ་འབྱོར་ལ་ཕུལ་བ།

འོད་དེ་ཅི་ཞིག་ཁྱེད་ཀྱི་ནི།།
རབ་ཏུ་དུལ་བའི་སྐུ་ལས་འཕྲོས།།
སྐུ་ནི་འགྱུར་མེད་ཉམས་ཀྱིས་བཞུགས།།
གསུངས་ནི་ཡུམ་གྱི་མདོ་སྡེ་སྨྲ།།
ཐུགས་ནི་སྤྲོས་བྲལ་སྟོང་པ་ཉིད།།
གཉིས་འཛིན་བྲལ་བའི་བྱ་རྒྱལ་རྒོད།།
དགེ་སྦྱོང་ཁྱེད་ཀྱིས་རབ་ཞུས་པའི།།
ཤེར་ཕྱིན་འབུམ་གྱི་གསུང་རབ་ལ།།
མཇལ་ཚེ་ཡིད་སྣང་ཅིག་ཅར་འདྲེན།།
དྲན་ན་རྟོགས་པའི་རང་སྐལ་ཐོབ།།
གནས་བརྟན་ཁྱེད་ལ་ཕྱག་འཚལ་བ།།
མཆོད་འོས་ལས་ཀྱང་བསྟོད་འོས་ཀྱིས།།
རྒྱ་ཆེན་ཚོགས་ཀྱང་འདུམ་མོ་སྙམ།།
མཚན་ཐོས་སྨིན་ཅིང་གྲོལ་མཛད་པའི།།
གཟུངས་སྤོབས་ལྷག་ལྡན་རྒྱལ་བའི་དྲུང་།།
ཞིམ་མེད་གུས་རྟག་རབ་སྦྱོར་བའི།།
དེས་ཤིང་ཕ་རོལ་ཕྱིན་ལ་སྤྱོད།།
རྒྱལ་བའི་ཡུམ་ལ་གསན་བཞེས་སམ།།
ཏིང་འཛིན་སྒོམ་ལ་ཞུགས་པ་ཡི།།
རྣམ་གཉིས་ལས་མཐའ་ཁྱེད་ལ་ཟད།།
ཀུན་ཟད་ཀུན་ལྡན་ཡེ་ཤེས་ཅན།།
ནམ་མཁའ་ལ་ཡང་འཕུར་བ་དང་།།
ལྗོན་པའི་ཚོགས་ཀྱང་རབ་གུས་ཏེ།།
མཚན་མ་དག་ལ་མ་ཆགས་པའི།།
དགེ་སྦྱོང་ཁྱེད་ནི་རྣམ་པར་རྒྱལ།།
བཅོམ་ལྡན་གསུངས་ནི་ཁྱབ་བརྡལ་བ།།
སྣ་ཚོགས་སྣང་བ་བསམ་མི་ཁྱབ།།
ངེས་དོན་ཐེག་པ་ཀུན་ཆེ་བའི།།
ཆོས་འཛིན་ཆོས་སྨྲ་ཡང་དག་ལྡན།།
མི་སྨྲའི་བརྟུལ་ཞུགས་རབ་བསྐྱངས་ཏེ།།
ནགས་ཀྱི་བསམ་གཏན་གཅིག་པུ་བ།།
རང་ཉིད་ཐར་ལ་ཀུན་བརྩོན་ལས།།
རིམ་པ་ཀུན་འཕགས་ཁྱེད་ཀྱིས་ནི།།
ཡོངས་འཛིན་དགེ་བའི་སེམས་རབ་བསྐྱེད།།
བཅོམ་ལྡན་རྒྱལ་པོ་མི་ཕམ་མགོན།།
མཇལ་བའི་སྐལ་བཟང་འདི་ཀོ་ཡང་།།
ས་ཆེན་བྱེ་མའི་ཐང་ཆེན་དུ།།
རབ་བརྩེགས་བསོད་ནམས་རི་བོ་མཐོ།།
སྔོན་ཚེ་བསྐལ་བ་རྫོགས་ལྡན་དུས།།
ཉམས་དེ་རྨི་ལམ་ལྷ་ཡི་གྲོང་།།
སྤྱན་ལྡན་མེ་ཏོག་རབ་འབྱོར་གྱི།།
ངད་ལྡན་དྲི་བསུང་བདུག་སྤོས་དཀར།།
ཀུན་ཁྱབ་མདོ་སྡེའི་སྡེ་སྣོད་ལ།།
དངོས་མཇལ་དད་པའི་རྦ་རླབས་ནི།།
བཅོས་མིན་ཡིད་ཀྱི་གཏིང་ནས་འཕྱུར།།

དེ་ནི་ཅི།


ཡར་ལྟོས་དྭངས་པའི་ནམ་མཁའ་ལ།།
འདབ་ཆགས་སྟོང་གི་འཕུར་ལམ་ཡངས།།
ཕྱིར་ལམ་ཨ་སྐོར་ཡང་སྐོར་གྱི།།
འཕུར་འདོད་འདུ་བྱེད་མ་བཏང་བ།།
ངལ་བའི་སྙིང་པོ་མི་སྙམ་པའི།།
རྟེན་འབྲེལ་ངང་ཚུལ་དེ་ནི་ཅི།།

ཕར་ལྟོས་རྫ་རི་སྨུག་པོའི་འདབས།།
རི་སྐྱེས་རི་དྭགས་ཁྱུ་དང་ཁྱུ།།
སྣང་བ་དྲི་བཞོན་གྱིས་དེད་པའི།།
ལུས་ནི་གཉོམ་ཆུང་ལྡོམ་པོ་སྟེ།།
སེམས་ཀྱི་རྗེས་དེ་ཆོད་དཀའ་བའི།།
རྟེན་འབྲེལ་ངང་ཚུལ་དེ་ནི་ཅི།།

མར་ལྟོས་རྫ་རྒྱུད་གོང་འོག་ན།།
མི་ཚོགས་སྟོང་གི་ཡོ་ལངས་རྒྱས།།
ཚོར་བའི་རྨི་ལམ་མ་རྙེད་ཀྱང་།།
གྲིབ་མའི་གཟུགས་དང་རྗེས་འབྲངས་བ།།
འདོད་པ་སྒྱུ་མའི་རྒྱ་མཚོ་ཆེ།།
ཁེལ་དང་མ་ཁེལ་སྣ་ཚོགས་པའི།།
རྟེན་འབྲེལ་ངང་ཚུལ་དེ་ནི་ཅི།།

ཚུར་ལྟོས་རང་སེམས་རིག་པའི་ཁམས།།
ལྷན་སྐྱེས་རྟོག་པའི་འཆར་ཚུལ་དང་།།
ཀུན་བཏགས་ཆུ་མོའི་བཞུར་སྒྲ་ལས།།
རྙེད་དང་མ་རྙེད་གཡས་ནས་ཞོག།
བདེ་དང་སྡུག་བསྔལ་གཡོན་ནས་སྐྱུར།།
གང་སྣང་བདེ་སྟོང་རོལ་བའི་ངང་།།
འཁོར་འདས་སྒྱུ་མའི་གླུ་ཆུང་ལེན།།

སྒྱུ་མའི་གླང་བོ་སྣ་ཚོགས་སུ་ཤར་བའི་གླུ།


སྒྱུ་འཕྲུལ་ལས་ཀྱི་རླུང་བུ་ཡར་ལ་ལྡང་།།
ཀུན་བཏགས་ཚོར་ཤེས་ཆུ་མོ་ཐུར་དུ་བཞུར།།
འཁོར་འདས་ཀུན་རྟོག་སྣང་བ་རི་ནས་ལྷག།
ཤིན་ཏུ་ནོངས་པའི་ཚུལ་འདི་ཁོ་ན་ཙམ།།
དམིགས་མེད་བློ་གྲོས་ཆེན་པོའི་ངོ་བོར་ཤར།།

ཟབ་ཞི་མཉམ་ཉིད་སྲིད་པའི་མེ་ལོང་ངོར།།
ཉམས་རྟོགས་ངར་མའི་ཆང་རྫ་མ་ཆག་པར།།
གང་སྣང་བདུད་རྩི་རླངས་པ་ཐི་ལི་ལི།།
རང་བྱུང་པདྨའི་ཆུ་གཏེར་འབབ་པའི་ཀློང་།།
སྒྱུ་མའི་གླང་བོ་ཞོན་ཞིང་རྔུལ་ཆུ་བྲུག།
སྣ་ཚོགས་སྣང་བའི་ཚུལ་འདི་མི་མཚར་རམ།།

སྐྱེ་འགག་ཀུན་བྲལ་ཀུན་བཟང་འཁོར་ལོ་ཡི།།
རིན་ཆེན་གསེར་གྱི་ཕྲ་རྒྱན་སྣ་ཚོགས་ཅན།།
སྙན་ཚིག་ཤེས་བྱ་འབུམ་གྱི་ཐང་ཆེན་དུ།།
ཉམས་ལྡན་གཞོན་ནུ་ང་རང་དེ་ལྟར་འགྲོ།།
མཐུ་ལྡན་ལྷ་ཡི་བུ་མོས་བསྲུང་མ་མཛོད།།
 

༄༅། ། གཞི་གསུམ་ཆོ་གའི་རོལ་མོ།

              ____ ས་ཕག་ལོར་འདུལ་བ་གཞི་གསུམ་གྱི་ཆོ་ག་ལྟར་གསོ་སྦྱོང་དང་དབྱར་གནས།  དགག་དབྱེ་བཅས་ལ་གནས་པའི་ཀུན་རྟོག་ནང་གི་ཉམས་གླུ།

སྔོན་བྱུང་དུས་བཟང་རྫོགས་ལྡན་གྱི།།
རེ་བའི་ཉི་གཞོན་ཚངས་དབང་གི།
ཕུལ་བྱུང་སྟོབས་དང་ལྡན་པ་ལ།།
དད་འདུན་དགེ་བའི་ཆར་རྒྱུན་རྒྱས།།
གཙུག་ལག་པད་སྡོང་གྲིབ་བསིལ་འོག།
བདེ་གཤེགས་འཁོར་བཅས་སོ་ན་བཞུགས།།
བཞུགས་པའི་ཉམས་ནི་གུས་རྟག་སྦྱོར།།
འབད་མེད་ནང་གི་དད་པ་འཕེལ།།

ཕྱི་ཡི་སྲོག་ལྡན་ཉམ་ཐག་སྡེ།།
བག་མེད་རྡོག་པས་བརྫི་བ་ཡི།།
གཡེང་བའི་ལས་ལ་རབ་འཕྱ་བའི།།
མུ་སྟེགས་ངག་གི་ཀྱལ་ཀ་སོགས།།
བྱས་བསགས་ལས་རྣམས་རབ་སྤོང་ཕྱིར།།།
བཅོམ་ལྡན་གསུང་གི་བཅས་པ་ལྟར།།
དབྱར་ཟླ་གསུམ་གྱི་ནང་རོལ་ཏུ།།
ལས་ཀྱི་མཚམས་བཟུང་ཆོ་ག་ལྟར།།
བསླབ་ལ་རབ་གནས་སྤྱོད་པ་དུལ།།
ཐོས་བསམ་སྒོམ་ལ་སྦྱོར་བའི་མཐུས།།
རྣམ་དག་གུས་པས་མཆོག་ཏུ་བསྲུང་།།

བསླབ་གསུམ་མཚོ་སྐྱེས་པདྨའི་ལྕེ།།
འདར་བའི་གཟུགས་ལ་གཡོ་བའི་རླུང་།།
ཡང་དག་ཉིད་ལ་རྣམ་དག་གི།
ལེགས་ལྡན་འོད་ཀྱི་མདངས་རབ་རྒྱས།།
ཟླ་བ་ཕྱེད་དང་ཕྱེད་ཀྱི་མཚམས།།
སྡིག་ལྟུང་རྣམ་སེལ་བསླབ་པ་གསོ།།
མི་གཡོ་སེམས་ནི་བསམ་གཏན་ལ།།
རྩེ་གཅིག་ཞུགས་པ་དོན་དང་ལྡན།།
གཅིག་པུར་གནས་པའི་རི་དྭགས་བཞིན།།
ཉམས་ལྡན་བག་ཡངས་ལྷོད་ཀྱིས་རྒྱུ།།

ཆོས་ལ་རབ་བརྩོན་བཅུད་ལ་འགྲུས།།
ཤེས་རབ་རྣོ་ཞིང་བློ་གྲོས་མྱུར།།
དབེན་པའི་རི་སུལ་ཉམས་དགའ་རུ།།
སྣོད་བཅུད་དག་པ་ཤེལ་དཀར་གྱི།།
དྲི་བསུང་དེ་ནི་ལོངས་སུ་སྤྱོད།།
སྨུག་པ་དེ་ནི་མཁའ་ལ་དྭངས།།
ཞི་དུལ་ནང་གི་ཀུ་ཡངས་འདི།།
རང་བྱུང་ཁམས་ལ་ཉམས་གླུ་ལེན།།
ལྟ་སྒོམ་སྤྱོད་པའི་འབབ་སྟེགས་ལ།།
བརྩོན་པའི་གོ་ཆ་རབ་ཏུ་བགོས།།

འགྲོ་བའི་མཆོད་སྡོང་འཕགས་པའི་སྡེ།།
ཞི་དུལ་སྤྱོད་པའི་སྒེག་པ་དེས།།
བག་མེད་ལུས་ཀྱི་སྟངས་སྟབས་ཀུན།།
མ་བསྡུས་པར་ཡང་བག་ལ་ཞ།།
ཚིག་གསུམ་གཏམ་གྱི་བརྗོད་པ་ལ།།
གུས་པའི་ཚིག་ལ་ཤིན་ཏུ་གོམས།།
མ་བརྟག་བབ་ཅོལ་རྩུབ་མོའི་ཚིག།
འཇམ་པོའི་ཚིག་གིས་དམ་ལ་བཏགས།།
འཆད་རྩོད་རིགས་པའི་གློག་འཕྲེང་གིས།།
གསུང་རབ་དཀའ་བའི་གནད་བརྒྱ་བཀྲོལ།།
མ་སྦྱངས་ལེ་ལོས་རྣམ་ཉམས་པའི།།
རྨོངས་པའི་གཤིས་ལ་ཐལ་ལྕག་གཞུ།།

སྒོ་གསུམ་བསྡམས་ཤིང་གུས་པའི་ཉམས།།
སྦྱངས་བའི་བསླབ་པ་མངོན་འཕེལ་བ།།
ནང་གི་ངལ་དུབ་བསལ་བའི་ཕྱིར།།
ལྗོངས་དང་ལྗོངས་སུ་རྒྱུ་བར་བྱ།།
གསེར་མདོག་ཉི་དགའ་མེ་ཏོག་གི།
འདབ་མའི་ཚོགས་རྣམས་ཇི་ལྟ་བར།།
མཛེས་པའི་ལང་ཚོ་རྣམ་བཀྲ་བའི།།
ངུར་སྨྲིག་སྡེ་འདི་ཕྱག་གིས་མཆོད།།

ཨ་སྐྱོ།


རིའི་ཕར་རྒྱབ་ནང་གི་ཨ་སྐྱོ་གན།།
ཁོམ་སོང་ན་རི་རྩེའི་སྨུག་པ་ཞོན།།
གཟིམ་སོང་ན་སྟུག་དྲིའི་སྒྲ་ཆེན་བཀད།།
ཁ་སྐོམ་ན་གངས་ཀྱི་འཁྱག་རོམ་ལྡག།
ཁོག་བརྒྱགས་ན་སྲིད་པའི་འདར་གླུ་ལེན།།

རིའི་ཕར་རྒྱབ་ནང་གི་ཨ་སྐྱོ་གན།།
ཆོས་མི་ཤེས་ཕྱག་རྒྱ་ཕྱིར་ལོག་ཅན།།
སྲིད་མི་ཟིན་བུ་བརྒྱ་སྲང་ལ་འཁྱམས།།
ཟས་མི་རྙེད་ཐང་གི་ཟྭ་རྩྭ་ཟ།།
གོས་མི་དགོས་ཤིང་གི་ལོ་མ་གྱོན།།

རིའི་ཕར་རྒྱབ་ནང་གི་ཨ་སྐྱོ་གན།།
བློ་མི་འགྱུར་རྡོ་རྗེའི་རྩལ་ཤུགས་ཅན།།
གདེང་མ་བཅོས་བདེ་ཆེན་མཉམ་པ་ཉིད།།
ཉམས་མི་གཅིག་སྣང་བ་སྣ་ཚོགས་པ།།
ངུ་མི་དགོས་ངེས་འབྱུང་ཤ་ར་ར།།
བགད་མི་དགོས་བསྐྱེད་རྫོགས་ཏ་ལ་ལ།།

རྩོམ་སྒྲིག་པ། དབང་མོ།


 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།