གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲོད་ལ་བཏང་བའི་འཕྲིན།

2020-01-12 15:45:16 གུ་དཔལ་ཤིས། ཀློག་གྲངས། མཆན ཡོད།
དྲན་སྣང་རྒྱུད་སྐུད་འཐེན་པའི་དབྱངས་དང་གསལ་བྱེད།།
རྟེན་འབྱུང་མེ་ཏོག་གད་པའི་ཁོག་གི་ཞེ་གླུ།།
མུན་དོང་ཆར་སྨག་སྟུག་པའི་སྐྲ་ལོ་ཁམ་པ།།
རྣ་རྒྱན་སིལ་བུ་བརྡར་བའི་སྒེག་པའི་འཁྱོར་འགྲོས།།
ཆང་དྲི་དྲན་པར་ཕོག་པའི་སྣང་བ་ཟ་ཟི།།
འདང་སྐུད་སྐྱོ་གདུང་འཐབ་པའི་འཁོར་བའི་ས་སྲོད།།
འཆར་དབྱངས་དྲན་ནད་ཐེབས་པའི་གདུང་བ་མག་མོག།
ཡུན་འདྲེས་སྙིང་ཤ་ངུ་བའི་མིག་མཐའི་སྒྱུ་འཕྲུལ།།
ལ་གཞས་གཅོང་ངག་འཁུ་བའི་རུ་གྲོང་གཏམ་རྒྱུད།།
ཟུར་མིག་ལྷོད་ཤ་བབས་པའི་འཛུམ་གྱི་མདའ་མོ།།
སེམས་གྱི་སྒོ་གླེགས་ངོས་ཀྱི་འབེན་དུ་ཚུགས་པས།།
འཁོར་བའི་ཡ་ཆུང་ཁོག་གི་གཏམ་རྒྱུད་དཀར་དམར།།
རྨི་ལམ་ཕྱང་ཕྲུལ་སྙན་པ་དུས་ཀྱི་རོལ་མོ།།
ཞེ་འཛུམ་འཇམ་ཤ་ལྷུང་བའི་སེམས་ཀྱི་ནད་པ།།
དུས་ཀྱི་དྲན་པའི་ཁུད་ནས་འཇགས་ཐབས་མ་བྱུང་།།
རྣམ་ཤེས་ཚོགས་ཆེན་དྲུག་པོས་ཡུན་གྱིས་མྱོང་རུང་།།
ཞེ་ཡིད་ཚིམ་པ་མེད་པའི་འདོད་ཡོན་ལན་ཚྭ།།
སྐྱེ་བ་བརྒྱད་ཁྲིར་བཞག་པའི་ལན་ཆགས་རི་མོ།།
མི་མཇེད་འཇིག་རྟེན་འདི་ཡི་ས་སྲོད་ངོགས་སུ།།
བྲིས་ནས་རྫོགས་པ་མེད་དོ་ཡིད་ཀྱི་སྙིང་ལགས།།

               ས་ཕག་ལོའི་ཟླ ༡༠ པའི་ཚེས ༡༠ ཉིན་སོའུ་ཀྲུའུ་གྲོང་ཁྱེར་ནས།

 

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།