རྟོག་པའི་ཆིག་ལབ།


           ཨོཾ༔

རྒྱལ་ཀུན་ཡེ་ཤེས་ཤེས་རབ་གཅིག་འདུས་དཔལ།།
ཟླ་བྲལ་ངག་རིག་རིག་མཛོད་མཁྱེན་པའི་གར།།
གཅིག་འདུས་འདུས་པ་སྨྲ་བའི་ཉི་མ་ཡིས།།
བྱིན་རླབས་རླབས་ཆེན་བྱང་ཆེན་ལམ་སྟོན་འཚལ།།

ལྷོད་མེད་རེ་དོག་སྟོང་གི་རྣམ་རྟོག་གིས།།
རང་གཞན་རྒྱལ་ཕམ་གཤིབ་པའི་ངལ་བ་འདི།།
མི་སྡུག་དུ༔ཁས་གཙེས་པའི་ས་བོན་ལ།།
ཆུ་གཤེར་དྲོད་ཀྱིས་རྐྱེན་བཞིན་མ་ལགས་སམ།།

སྐྲ་སེར་ཆང་ལ་སྲེད་དང་གདོང་དམར་པ།།
ཤ་ལ་རྔམ་པ་ཅི་བཞིན་གཉུག་མའི་གཤིས།།
མི་ཟིན་མཁས་གྲུབ་སྟོང་གི་གཙུག་སྐྱེས་སུ།།
ཞབས་སེན་འགོད་མ་སྙིང་གི་འཕར་ལྷེམ་ཡིན།།

ངག་རིག་རང་གཞན་ཡིད་གསོའི་ན་ཆུང་མར།།
ཚིག་སྦྱོར་དཀར་དམར་སྐག་གིས་བྱུག་བྱུག་ནས།།
རབ་ཕུལ་གཟི་བྱིན་སྟོང་གི་སྣང་སྟོང་གཟུགས།།
མཐོང་བའི་སྐལ་བཟང་དེ་ཀོ་རང་དུ་བྱོལ།།

ལྷན་སྐྱེས་ཤེས་རབ་རླུང་གིས་ཞགས་པ་ཡིས།།
བརྟན་གཡོའི་ཆོས་ཀུན་བསྡུ་བའི་རྩལ་མངའ་ན།།
དོན་དམ་དབྱངས་ཅན་སྒྱུ་མའི་སྐུ་ལུས་ཀུན།།
གཅེར་བུར་འབྲི་བའི་སྒྱུ་རྩལ་ངང་གིས་གྲུབ།།

ཚིག་འགྲོས་སྡེབ་སྦྱོར་ཙམ་ལ་འཐམ་པ་ཀུན།།
ཆོས་ཉིད་སྟོང་བའི་གསང་ལམ་མི་རྙེད་ཅིང་།།
གཞན་ཚིག་ཁ་སྐོང་ཕྲི་སྣོན་གཏོང་གཏོང་ནས།།
ཚིག་བཅད་རྐང་བཞི་འབྲི་ལ་མཛུབ་མོ་གཤེར།།

ལང་ཚོ་རྨད་བྱུང་ཟླ་བའི་སྒེག་འཕྲོག་པའི།།
བཞིན་བཟང་བརླ་སྒམ་ཙན་དན་དམར་པོའི་སྒོ།།
ཤིན་ཏུ་ཡངས་པ་སོ་སོར་སྐབས་ཕྱེས་ཏེ།།
ལྷན་སྐྱེས་རྡུལ་ཀྱང་པདྨའི་མཚོ་རུ་རྩེ།།

ཤང་ཤང་ཅ་ཅོ་སྒྲོག་མིན་སྙན་འགྱུར་གྱི།།
དྲི་ཟའི་འགྱུར་ཁུགས་སྟོང་གི་རོལ་མོ་ཡིས།།
ལྷ་དབང་གཡེར་བག་སྙེམ་པའི་ཟློས་གར་གྱིས།།
སྲོག་གི་གཟུངས་ཐག་ཁྱོད་སྐུའི་ལང་ཚོར་དཔྱང་།།

མཐོང་སྣང་མི་གཙང་རྡུལ་གྱི་རྩི་ཆགས་པ།།
ཡོངས་སུ་ཕྱེས་པའི་སྟོན་ཀའི་མཁའ་དབྱིངས་ཀྱི།། 
ཆུ་ཁུར་ཚོགས་དག་བྱེར་བའི་རྗེས་ཤུལ་ན།།
ཟླ་བའི་ཞལ་བཟང་འགྲོས་ཅན་མཁའ་འགྲོ་མ།།

སྐྱེ་མང་གོམས་པའི་མཐུ་ལས་འདི་ངོགས་ཀྱི།།
ཉལ་བའི་སྔས་དང་ཡིད་ཀྱི་རྟེན་གཅིག་ཀྱེ།།
ངག་རིག་གསེར་གྱི་སྙིང་པོ་ཟེགས་པའི་རྡུལ།།
མོས་ལྡན་རྐང་དྲུག་མཉེས་པའི་སྟོན་མོར་སྨོན།།

མ་སྨིན་བིམ་པ་གསར་བའི་རོ་བཅུད་ཀྱིས།།
འགྲམ་པའི་ཆུ་ཡང་ཤོར་བའི་ངང་ཚུལ་དེས།།
རིག་འཛིན་རྒྱལ་པོའི་སྲས་ཡང་འདར་བྱེད་ན།།
བདག་བློ་བྱེའུ་ཆུང་འཕུར་ལྡིང་ཅིས་མི་བྱེད།།

          ཨ༔

མི་བརྟན་བརྟན་པ་སྐད་ཅིག་མེད་ནའང་།།
སྣང་ཚོར་ཚོར་རྟོག་ཆོས་བརྒྱད་རྒྱུད་འབྱམ་པ།།
གཟུང་འཛིན་འཛི་པའི་འཆིང་རྒྱ་མི་གཏོང་བས།།
འདི་སྣང་སྣང་བ་བདེན་གྲུབ་གཤིས་སུ་རྒྱུ།།

སྒྱུ་ལུས་བྱེ་མའི་ཆང་བུ་ཇི་བཞིན་དུ།།
མི་བརྟན་སྡུག་ཀུན་ཤྭ་བ་རས་ཟིན་པས།།
འགོག་ལམ་ཉི་ཟླ་ཟུང་གི་སྣང་བ་ཡི།།
སྙིང་པོར་རེག་པ་དུས་ཀྱིས་ཡོངས་སུ་བསྐལ།།

མཚར་ཆགས་གཞན་ཡིད་འབིགས་པའི་མིག་མཚོན་གྱིས།།
གློ་སྙིང་མཆིན་པ་གསིལ་བའི་གསང་བ་ཞིག།
མི་ཚེའི་དགའ་སྐྱོ་སྤེལ་མའི་སྙིང་བཅུད་དུ།།
སྦྲུམ་ཏེ་འཁོར་འདས་སྐྱོ་གར་ཅི་ཡང་མཐོང་།།

གཞན་གྱི་རིག་བྱེད་ཟན་གྲོན་བརྐུས་བརྐུས་ནས།།
རང་བློ་ལྟོགས་གྲིར་ཤི་བའི་ཉིན་ཞིག་ལ།།
ན་ཚའི་གདུང་བ་ཞི་བའི་ངག་རིག་སྨན།།
བཙལ་ཀྱང་མི་རྙེད་རྙེད་ཀྱང་ཕན་དུ་མེད།།

ཆོས་ཉིད་འཇའ་ཤེལ་དྭངས་མའི་ཚེས་རི་ལ།།
ཉོན་མོངས་ཆར་སྤྲིན་སྨག་གིས་ཚོན་བྱུག་པས།།
འདི་སྣང་བདེན་འཛིན་སྒྱུ་མར་སྤྲུལ་ལ་ཡང་།།
འབད་རྩོལ་བྱ་བའི་ངལ་བ་ཁུར་དུ་ལྗིད།།

མཚན་རླུང་ཨམ་ཅོག་བུ་གར་གཟན་གྱུར་ཀྱང་།།
སྒོ་ཁྱིས་བསིལ་བའི་ཚོར་བའི་ལྕག་སིལ་གྱིས།།
ཞབས་རྗེས་ཁ་བར་དཔར་བའི་སྙན་ངག་ཞིག།
མཁུར་མགོར་མིག་ཆུ་བྲུལ་བཞིན་འབྲི་བར་མོས།།

ཕྱག་སོར་སྙེ་མ་མགུལ་ནས་དམ་སྦྱར་ཞིང་།།
ཁ་སྒོར་ཨཏྤལ་དྲི་མ་ལྡང་བྱེད་མོས།།
དགའ་སྐྱེད་བདེ་དྲོད་སྤྱིལ་བུར་བསྲོ་བྱས་ཀྱང་།།
འདོད་མྱོས་ཆགས་པའི་གདོང་རྩ་མེ་ལྟར་རྒྱས།།

དཀར་དམར་གློག་ཞགས་འཁྱུགས་པའི་ནང་མ་ནས།།
ཚོར་བའི་བ་སྤུ་འགུལ་བའི་མེ་ན་ཀས།།
མངར་གཏེར་སྦྲང་རྩིའི་མཆུ་ཡིས་མཚམས་སྦྱོར་གྱིས།།
“ཟུང་ཁྲག་གཏིགས་པའི་ཐྲིག་སྒྲ་སུས་ཀྱང་ཚོར།།”

ཇི་ལྟ་ཇི་སྙེད་མཁྱེན་པའི་ཤེས་རབ་ཀྱིས།།
རྗེས་ཆགས་སྣང་སྟོང་ཆུ་ཟླའི་རྩེད་མོ་ཡིས།།
ཉམས་དགའ་དབང་པོ་དུལ་བའི་མཛད་སྤྱོད་ཀྱི།།
ལས་སྨོན་སྐྱ་རེངས་གསར་བའི་ཉིན་མོར་རེ།།

ལྟར་སྣང་བདེན་རྫུན་མི་ཤེས་ཨོ་ཟོབ་ཀྱིས།།
གནོད་ཚིག་སྐྱུགས་ལོག་འཕེན་པའི་འདྲེན་པ་ཡིས།།
དགུ་འགྱུར་རྣམ་འགྱུར་ཕྱི་ལ་མངོན་ནའང་།།
གཙང་མའི་བདེན་ལམ་སྐྱོང་བས་ང་ཅི་འཇིགས།།

གངས་སྣེའི་ཁྲམ་པའི་ཞགས་སྣེར་ཚུད་པ་ལ།།
སྐྱ་ཆད་འཚོ་བའི་ཞྭ་མོ་འགེལ་བྱས་ཤིང་།།
རང་བཞིན་སེམས་ཀྱི་གསང་བ་གསོང་པོ་ཡིས།།
སྨྲ་བར་སྤོབས་པའི་གད་རྒྱང་སུ་ལ་མཆིས།།

རྡུལ་བྲལ་སྟོང་ཆེན་དབྱིངས་ཀྱི་ལྷ་ལམ་ནས།།
ནུ་འབྲས་ཁུར་ལྡན་ངག་རིག་འཇོ་བའི་ལྷ།།
གཟུགས་སྣང་སོ་སོར་འཆར་བའི་སྒྱུ་འཕྲུལ་ཁམས།།
སུ་ཡིས་འདི་ཞེས་མཛུབ་མོ་གང་དུ་ཀེར།།

       ཧཱུཾ༔

རུས་རྐང་རྐང་མར་བྲུས་པའི་ལོ་རྒྱུས་ངོས།།
འཁྲེང་ཞེན་ཞེན་པ་དཀར་པོའི་མདངས་ཉམས་པའི།།
ངོ་ལོག་ལོག་བསྒྲུབ་བསྟན་པའི་དགྲ་བོ་ཀུན།།
ཁྲོ་ཞལ་ཞལ་སྨུག་སོ་ཞོའི་སྦུབས་སུ་འཁུམས།།

ཀུན་རྟོག་ཆར་རྗེས་ཤིང་ལོའི་ཟིལ་ཐིགས་ཆུ།།
ས་རུ་སྙིལ་བར་རྣ་བ་བླགས་པའི་ཚེ།།
ལུས་ངག་ཡིད་ཀྱི་སྒོ་དང་སྒེའུ་ཁུང་ནས།།
དབྱངས་ཅན་རྐང་པའི་རྡོག་སྒྲ་ཉེ་སར་བཅར།།

རྒྱ་སེས་ཁུ་བ་བྱུགས་པའི་གདོང་གི་མདངས།།
དཀྱུས་རིང་མིག་གི་སྐར་མདའ་གཡོ་བའི་ཚེ།།
སྲོག་གི་པདྨོ་འདར་བའི་བྱ་སྤྱོད་ཀྱིས།།
སྙིང་ལ་ཚེ་རབས་དམིགས་པའི་མོས་པ་རྙེད།།

ནམ་ཕྱེད་སྐར་མདའ་བརྒྱུགས་པའི་ངང་ཚུལ་ལས།།
ཆོར་རྟོག་གཙང་པོ་བྲུག་པའི་རྦ་རླབས་ཀྱིས།།
རྫོབ་ངན་ལུད་སྙིགས་དོར་དེ་ངག་རིག་གི།།
དབྱངས་ཀྱི་མུ་ཏིག་དྭངས་མའི་བྱིང་ནས་ལུད།།

རིག་གཞུང་གནད་ལ་བསམ་རྗེས་ངག་རིག་གི།།
འཆར་རྟོག་གླུ་བརྒྱ་གདང་ལ་སྦྲུམ་པའི་ཚེ།།
མི་ཕྱེད་མཚར་སྡུག་གཉུག་མའི་སྒྱུ་རྩལ་གྱིས།།
སྙིང་ལ་དང་བའི་དཔལ་ནི་ལྷག་ཏུ་འདྲེན།།

ཀུན་བྱེད་སེམས་པའི་འཕྲུལ་གྱིས་བསྐྲུན་པ་ཡི།།
ངོ་མཚར་བདེ་གཤེགས་དྭངས་མའི་ཁོང་གསེང་ན།།
རིག་རུས་ཆོ་འབྲང་མེད་པའི་དབྱངས་ཅན་མ།།
འབྲལ་མེད་གཡུང་དྲུང་རྡོ་ལ་བརྐོས་རིས་བཞིན།།

མཁའ་མཉམ་མཁྱེན་རབ་གཡུ་ཡི་མེ་ལོང་དུ།།
སྤྲོས་རྟོག་དགུ་འགྱུར་འཕྲུལ་གྱི་ཞགས་པ་ཡིས།།
བཅིང་སྡོམ་སྐྱེ་བ་ལྔ་པའི་མགྲིན་དབྱངས་ཅན།།
སྭ་ར་སྭ་སྟིས་ངག་གི་གཟུངས་སྤོབས་སྩོལ།།

མང་ཐོས་ཆོས་རིག་ཀུན་དགའི་སྐྱེད་ཚལ་ནས།།
ཐལ་ངག་རིག་སྦྱོར་འགྲན་པར་ཉེ་ནའང་།།
བན་བུན་རྟོག་པའི་ཆུ་རིས་གཡོ་བའི་ངོས།།
འགོག་མེད་ཟླ་བའི་སྲས་མོ་ཡང་ཡང་འཆར།།

རྔ་སིལ་དུང་གླིང་དར་ནག་གཡབ་དར་གྱིས།།
བོས་པའི་ཐུགས་རྒྱུད་བསྐུལ་བ་མཛད་པའི་དུས།།
མ་བོས་མགྲིན་པའི་དཔལ་དུ་སྒེག་པ་ཡི།།
རང་བཞིན་གནས་པའི་འོད་ཁྱེད་ཤིན་ཏུ་དྲན།།

རྐང་སྣེ་རྡོ་གཅལ་ལམ་ལ་བཀོད་པའི་ཚེ།།
ཡིད་རྟོག་གསལ་རིག་ངོས་སུ་བྲིས་པ་ཡི།།
མཚན་ལེགས་རྗེ་མོར་ཧད་པའི་རྐྱེན་ཞིག་གིས།།
དམིགས་འབེན་འགྲོ་ཕྱོགས་ལམ་ཡང་ནོར་འཛོལ་གྱུར།།

སྲོད་ཀྱི་རླུང་བུ་བྱང་ནས་ལྷོ་རུ་གཡུགས།།
ཤར་ཁའི་ཉི་འོད་ནུབ་རིའི་ཕག་ཏུ་གབ།།
རེས་མོས་འཁོར་བའི་ཨ་ལོང་སྦྲེལ་མཚམས་ནས།།
མི་ཚེའི་བྱ་བཞག་སྙུག་སོའི་རྩེ་ནས་ལུད།།

ཚིག་འབྲུའི་ཚེར་མོ་ལུག་གི་ཁལ་སྒང་ན།།
སྐྱེ་འཆིའི་ལམ་ཀ་འཚོལ་བའི་སྲིན་འབུ་ང་།།
གངས་ཁྲོད་རྟ་དྲེལ་ཁྲིད་དེ་འགྲོ་བའི་དུས།།
མགུར་གླུ་ཆང་དང་བསྲེལ་ཏེ་ཉམས་སྣང་འུར།།

ཆོས་རིག་ལི་ཤིའི་ཡལ་འདབ་ཟོས་གྱུར་པའི།།
སྨྲ་བའི་དབང་པོ་སྒྲེགས་པའི་དྲི་བཟང་གིས།།
ཕྱོགས་ཀྱི་རྒོལ་བའི་ཁེངས་པ་བསྙིལ་བྱས་ཤིང་།།
དམར་སེར་སྙིང་གི་གང་བུ་འོད་ཀྱིས་བསྟིམས།

ཚ་རྔམས་དབུགས་སྣ་མཐོ་བའི་སྡང་ཞུགས་ཀྱིས།།
དཔའ་མཚན་ལོན་ཞེས་འུར་གྱིས་འགྱིང་ན་ཡང་།།
ཉམས་སྣང་རྗེན་པར་འབྲི་བའི་སྙན་ངག་པ།།
ཚོར་བའི་རྒུན་ཆང་ཁུགས་ན་མགོ་འཕང་སྙེམས།།
 
                     རྩོམ་སྒྲིག་པ། དབང་མོ།            

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྟོག་པའི་ཆིག་ལབ།

2021-11-20 རོལ་སྐུད།(རྔ་བ) ཀློག་གྲངས། མཆན ཡོད།

           ཨོཾ༔

རྒྱལ་ཀུན་ཡེ་ཤེས་ཤེས་རབ་གཅིག་འདུས་དཔལ།།
ཟླ་བྲལ་ངག་རིག་རིག་མཛོད་མཁྱེན་པའི་གར།།
གཅིག་འདུས་འདུས་པ་སྨྲ་བའི་ཉི་མ་ཡིས།།
བྱིན་རླབས་རླབས་ཆེན་བྱང་ཆེན་ལམ་སྟོན་འཚལ།།

ལྷོད་མེད་རེ་དོག་སྟོང་གི་རྣམ་རྟོག་གིས།།
རང་གཞན་རྒྱལ་ཕམ་གཤིབ་པའི་ངལ་བ་འདི།།
མི་སྡུག་དུ༔ཁས་གཙེས་པའི་ས་བོན་ལ།།
ཆུ་གཤེར་དྲོད་ཀྱིས་རྐྱེན་བཞིན་མ་ལགས་སམ།།

སྐྲ་སེར་ཆང་ལ་སྲེད་དང་གདོང་དམར་པ།།
ཤ་ལ་རྔམ་པ་ཅི་བཞིན་གཉུག་མའི་གཤིས།།
མི་ཟིན་མཁས་གྲུབ་སྟོང་གི་གཙུག་སྐྱེས་སུ།།
ཞབས་སེན་འགོད་མ་སྙིང་གི་འཕར་ལྷེམ་ཡིན།།

ངག་རིག་རང་གཞན་ཡིད་གསོའི་ན་ཆུང་མར།།
ཚིག་སྦྱོར་དཀར་དམར་སྐག་གིས་བྱུག་བྱུག་ནས།།
རབ་ཕུལ་གཟི་བྱིན་སྟོང་གི་སྣང་སྟོང་གཟུགས།།
མཐོང་བའི་སྐལ་བཟང་དེ་ཀོ་རང་དུ་བྱོལ།།

ལྷན་སྐྱེས་ཤེས་རབ་རླུང་གིས་ཞགས་པ་ཡིས།།
བརྟན་གཡོའི་ཆོས་ཀུན་བསྡུ་བའི་རྩལ་མངའ་ན།།
དོན་དམ་དབྱངས་ཅན་སྒྱུ་མའི་སྐུ་ལུས་ཀུན།།
གཅེར་བུར་འབྲི་བའི་སྒྱུ་རྩལ་ངང་གིས་གྲུབ།།

ཚིག་འགྲོས་སྡེབ་སྦྱོར་ཙམ་ལ་འཐམ་པ་ཀུན།།
ཆོས་ཉིད་སྟོང་བའི་གསང་ལམ་མི་རྙེད་ཅིང་།།
གཞན་ཚིག་ཁ་སྐོང་ཕྲི་སྣོན་གཏོང་གཏོང་ནས།།
ཚིག་བཅད་རྐང་བཞི་འབྲི་ལ་མཛུབ་མོ་གཤེར།།

ལང་ཚོ་རྨད་བྱུང་ཟླ་བའི་སྒེག་འཕྲོག་པའི།།
བཞིན་བཟང་བརླ་སྒམ་ཙན་དན་དམར་པོའི་སྒོ།།
ཤིན་ཏུ་ཡངས་པ་སོ་སོར་སྐབས་ཕྱེས་ཏེ།།
ལྷན་སྐྱེས་རྡུལ་ཀྱང་པདྨའི་མཚོ་རུ་རྩེ།།

ཤང་ཤང་ཅ་ཅོ་སྒྲོག་མིན་སྙན་འགྱུར་གྱི།།
དྲི་ཟའི་འགྱུར་ཁུགས་སྟོང་གི་རོལ་མོ་ཡིས།།
ལྷ་དབང་གཡེར་བག་སྙེམ་པའི་ཟློས་གར་གྱིས།།
སྲོག་གི་གཟུངས་ཐག་ཁྱོད་སྐུའི་ལང་ཚོར་དཔྱང་།།

མཐོང་སྣང་མི་གཙང་རྡུལ་གྱི་རྩི་ཆགས་པ།།
ཡོངས་སུ་ཕྱེས་པའི་སྟོན་ཀའི་མཁའ་དབྱིངས་ཀྱི།། 
ཆུ་ཁུར་ཚོགས་དག་བྱེར་བའི་རྗེས་ཤུལ་ན།།
ཟླ་བའི་ཞལ་བཟང་འགྲོས་ཅན་མཁའ་འགྲོ་མ།།

སྐྱེ་མང་གོམས་པའི་མཐུ་ལས་འདི་ངོགས་ཀྱི།།
ཉལ་བའི་སྔས་དང་ཡིད་ཀྱི་རྟེན་གཅིག་ཀྱེ།།
ངག་རིག་གསེར་གྱི་སྙིང་པོ་ཟེགས་པའི་རྡུལ།།
མོས་ལྡན་རྐང་དྲུག་མཉེས་པའི་སྟོན་མོར་སྨོན།།

མ་སྨིན་བིམ་པ་གསར་བའི་རོ་བཅུད་ཀྱིས།།
འགྲམ་པའི་ཆུ་ཡང་ཤོར་བའི་ངང་ཚུལ་དེས།།
རིག་འཛིན་རྒྱལ་པོའི་སྲས་ཡང་འདར་བྱེད་ན།།
བདག་བློ་བྱེའུ་ཆུང་འཕུར་ལྡིང་ཅིས་མི་བྱེད།།

          ཨ༔

མི་བརྟན་བརྟན་པ་སྐད་ཅིག་མེད་ནའང་།།
སྣང་ཚོར་ཚོར་རྟོག་ཆོས་བརྒྱད་རྒྱུད་འབྱམ་པ།།
གཟུང་འཛིན་འཛི་པའི་འཆིང་རྒྱ་མི་གཏོང་བས།།
འདི་སྣང་སྣང་བ་བདེན་གྲུབ་གཤིས་སུ་རྒྱུ།།

སྒྱུ་ལུས་བྱེ་མའི་ཆང་བུ་ཇི་བཞིན་དུ།།
མི་བརྟན་སྡུག་ཀུན་ཤྭ་བ་རས་ཟིན་པས།།
འགོག་ལམ་ཉི་ཟླ་ཟུང་གི་སྣང་བ་ཡི།།
སྙིང་པོར་རེག་པ་དུས་ཀྱིས་ཡོངས་སུ་བསྐལ།།

མཚར་ཆགས་གཞན་ཡིད་འབིགས་པའི་མིག་མཚོན་གྱིས།།
གློ་སྙིང་མཆིན་པ་གསིལ་བའི་གསང་བ་ཞིག།
མི་ཚེའི་དགའ་སྐྱོ་སྤེལ་མའི་སྙིང་བཅུད་དུ།།
སྦྲུམ་ཏེ་འཁོར་འདས་སྐྱོ་གར་ཅི་ཡང་མཐོང་།།

གཞན་གྱི་རིག་བྱེད་ཟན་གྲོན་བརྐུས་བརྐུས་ནས།།
རང་བློ་ལྟོགས་གྲིར་ཤི་བའི་ཉིན་ཞིག་ལ།།
ན་ཚའི་གདུང་བ་ཞི་བའི་ངག་རིག་སྨན།།
བཙལ་ཀྱང་མི་རྙེད་རྙེད་ཀྱང་ཕན་དུ་མེད།།

ཆོས་ཉིད་འཇའ་ཤེལ་དྭངས་མའི་ཚེས་རི་ལ།།
ཉོན་མོངས་ཆར་སྤྲིན་སྨག་གིས་ཚོན་བྱུག་པས།།
འདི་སྣང་བདེན་འཛིན་སྒྱུ་མར་སྤྲུལ་ལ་ཡང་།།
འབད་རྩོལ་བྱ་བའི་ངལ་བ་ཁུར་དུ་ལྗིད།།

མཚན་རླུང་ཨམ་ཅོག་བུ་གར་གཟན་གྱུར་ཀྱང་།།
སྒོ་ཁྱིས་བསིལ་བའི་ཚོར་བའི་ལྕག་སིལ་གྱིས།།
ཞབས་རྗེས་ཁ་བར་དཔར་བའི་སྙན་ངག་ཞིག།
མཁུར་མགོར་མིག་ཆུ་བྲུལ་བཞིན་འབྲི་བར་མོས།།

ཕྱག་སོར་སྙེ་མ་མགུལ་ནས་དམ་སྦྱར་ཞིང་།།
ཁ་སྒོར་ཨཏྤལ་དྲི་མ་ལྡང་བྱེད་མོས།།
དགའ་སྐྱེད་བདེ་དྲོད་སྤྱིལ་བུར་བསྲོ་བྱས་ཀྱང་།།
འདོད་མྱོས་ཆགས་པའི་གདོང་རྩ་མེ་ལྟར་རྒྱས།།

དཀར་དམར་གློག་ཞགས་འཁྱུགས་པའི་ནང་མ་ནས།།
ཚོར་བའི་བ་སྤུ་འགུལ་བའི་མེ་ན་ཀས།།
མངར་གཏེར་སྦྲང་རྩིའི་མཆུ་ཡིས་མཚམས་སྦྱོར་གྱིས།།
“ཟུང་ཁྲག་གཏིགས་པའི་ཐྲིག་སྒྲ་སུས་ཀྱང་ཚོར།།”

ཇི་ལྟ་ཇི་སྙེད་མཁྱེན་པའི་ཤེས་རབ་ཀྱིས།།
རྗེས་ཆགས་སྣང་སྟོང་ཆུ་ཟླའི་རྩེད་མོ་ཡིས།།
ཉམས་དགའ་དབང་པོ་དུལ་བའི་མཛད་སྤྱོད་ཀྱི།།
ལས་སྨོན་སྐྱ་རེངས་གསར་བའི་ཉིན་མོར་རེ།།

ལྟར་སྣང་བདེན་རྫུན་མི་ཤེས་ཨོ་ཟོབ་ཀྱིས།།
གནོད་ཚིག་སྐྱུགས་ལོག་འཕེན་པའི་འདྲེན་པ་ཡིས།།
དགུ་འགྱུར་རྣམ་འགྱུར་ཕྱི་ལ་མངོན་ནའང་།།
གཙང་མའི་བདེན་ལམ་སྐྱོང་བས་ང་ཅི་འཇིགས།།

གངས་སྣེའི་ཁྲམ་པའི་ཞགས་སྣེར་ཚུད་པ་ལ།།
སྐྱ་ཆད་འཚོ་བའི་ཞྭ་མོ་འགེལ་བྱས་ཤིང་།།
རང་བཞིན་སེམས་ཀྱི་གསང་བ་གསོང་པོ་ཡིས།།
སྨྲ་བར་སྤོབས་པའི་གད་རྒྱང་སུ་ལ་མཆིས།།

རྡུལ་བྲལ་སྟོང་ཆེན་དབྱིངས་ཀྱི་ལྷ་ལམ་ནས།།
ནུ་འབྲས་ཁུར་ལྡན་ངག་རིག་འཇོ་བའི་ལྷ།།
གཟུགས་སྣང་སོ་སོར་འཆར་བའི་སྒྱུ་འཕྲུལ་ཁམས།།
སུ་ཡིས་འདི་ཞེས་མཛུབ་མོ་གང་དུ་ཀེར།།

       ཧཱུཾ༔

རུས་རྐང་རྐང་མར་བྲུས་པའི་ལོ་རྒྱུས་ངོས།།
འཁྲེང་ཞེན་ཞེན་པ་དཀར་པོའི་མདངས་ཉམས་པའི།།
ངོ་ལོག་ལོག་བསྒྲུབ་བསྟན་པའི་དགྲ་བོ་ཀུན།།
ཁྲོ་ཞལ་ཞལ་སྨུག་སོ་ཞོའི་སྦུབས་སུ་འཁུམས།།

ཀུན་རྟོག་ཆར་རྗེས་ཤིང་ལོའི་ཟིལ་ཐིགས་ཆུ།།
ས་རུ་སྙིལ་བར་རྣ་བ་བླགས་པའི་ཚེ།།
ལུས་ངག་ཡིད་ཀྱི་སྒོ་དང་སྒེའུ་ཁུང་ནས།།
དབྱངས་ཅན་རྐང་པའི་རྡོག་སྒྲ་ཉེ་སར་བཅར།།

རྒྱ་སེས་ཁུ་བ་བྱུགས་པའི་གདོང་གི་མདངས།།
དཀྱུས་རིང་མིག་གི་སྐར་མདའ་གཡོ་བའི་ཚེ།།
སྲོག་གི་པདྨོ་འདར་བའི་བྱ་སྤྱོད་ཀྱིས།།
སྙིང་ལ་ཚེ་རབས་དམིགས་པའི་མོས་པ་རྙེད།།

ནམ་ཕྱེད་སྐར་མདའ་བརྒྱུགས་པའི་ངང་ཚུལ་ལས།།
ཆོར་རྟོག་གཙང་པོ་བྲུག་པའི་རྦ་རླབས་ཀྱིས།།
རྫོབ་ངན་ལུད་སྙིགས་དོར་དེ་ངག་རིག་གི།།
དབྱངས་ཀྱི་མུ་ཏིག་དྭངས་མའི་བྱིང་ནས་ལུད།།

རིག་གཞུང་གནད་ལ་བསམ་རྗེས་ངག་རིག་གི།།
འཆར་རྟོག་གླུ་བརྒྱ་གདང་ལ་སྦྲུམ་པའི་ཚེ།།
མི་ཕྱེད་མཚར་སྡུག་གཉུག་མའི་སྒྱུ་རྩལ་གྱིས།།
སྙིང་ལ་དང་བའི་དཔལ་ནི་ལྷག་ཏུ་འདྲེན།།

ཀུན་བྱེད་སེམས་པའི་འཕྲུལ་གྱིས་བསྐྲུན་པ་ཡི།།
ངོ་མཚར་བདེ་གཤེགས་དྭངས་མའི་ཁོང་གསེང་ན།།
རིག་རུས་ཆོ་འབྲང་མེད་པའི་དབྱངས་ཅན་མ།།
འབྲལ་མེད་གཡུང་དྲུང་རྡོ་ལ་བརྐོས་རིས་བཞིན།།

མཁའ་མཉམ་མཁྱེན་རབ་གཡུ་ཡི་མེ་ལོང་དུ།།
སྤྲོས་རྟོག་དགུ་འགྱུར་འཕྲུལ་གྱི་ཞགས་པ་ཡིས།།
བཅིང་སྡོམ་སྐྱེ་བ་ལྔ་པའི་མགྲིན་དབྱངས་ཅན།།
སྭ་ར་སྭ་སྟིས་ངག་གི་གཟུངས་སྤོབས་སྩོལ།།

མང་ཐོས་ཆོས་རིག་ཀུན་དགའི་སྐྱེད་ཚལ་ནས།།
ཐལ་ངག་རིག་སྦྱོར་འགྲན་པར་ཉེ་ནའང་།།
བན་བུན་རྟོག་པའི་ཆུ་རིས་གཡོ་བའི་ངོས།།
འགོག་མེད་ཟླ་བའི་སྲས་མོ་ཡང་ཡང་འཆར།།

རྔ་སིལ་དུང་གླིང་དར་ནག་གཡབ་དར་གྱིས།།
བོས་པའི་ཐུགས་རྒྱུད་བསྐུལ་བ་མཛད་པའི་དུས།།
མ་བོས་མགྲིན་པའི་དཔལ་དུ་སྒེག་པ་ཡི།།
རང་བཞིན་གནས་པའི་འོད་ཁྱེད་ཤིན་ཏུ་དྲན།།

རྐང་སྣེ་རྡོ་གཅལ་ལམ་ལ་བཀོད་པའི་ཚེ།།
ཡིད་རྟོག་གསལ་རིག་ངོས་སུ་བྲིས་པ་ཡི།།
མཚན་ལེགས་རྗེ་མོར་ཧད་པའི་རྐྱེན་ཞིག་གིས།།
དམིགས་འབེན་འགྲོ་ཕྱོགས་ལམ་ཡང་ནོར་འཛོལ་གྱུར།།

སྲོད་ཀྱི་རླུང་བུ་བྱང་ནས་ལྷོ་རུ་གཡུགས།།
ཤར་ཁའི་ཉི་འོད་ནུབ་རིའི་ཕག་ཏུ་གབ།།
རེས་མོས་འཁོར་བའི་ཨ་ལོང་སྦྲེལ་མཚམས་ནས།།
མི་ཚེའི་བྱ་བཞག་སྙུག་སོའི་རྩེ་ནས་ལུད།།

ཚིག་འབྲུའི་ཚེར་མོ་ལུག་གི་ཁལ་སྒང་ན།།
སྐྱེ་འཆིའི་ལམ་ཀ་འཚོལ་བའི་སྲིན་འབུ་ང་།།
གངས་ཁྲོད་རྟ་དྲེལ་ཁྲིད་དེ་འགྲོ་བའི་དུས།།
མགུར་གླུ་ཆང་དང་བསྲེལ་ཏེ་ཉམས་སྣང་འུར།།

ཆོས་རིག་ལི་ཤིའི་ཡལ་འདབ་ཟོས་གྱུར་པའི།།
སྨྲ་བའི་དབང་པོ་སྒྲེགས་པའི་དྲི་བཟང་གིས།།
ཕྱོགས་ཀྱི་རྒོལ་བའི་ཁེངས་པ་བསྙིལ་བྱས་ཤིང་།།
དམར་སེར་སྙིང་གི་གང་བུ་འོད་ཀྱིས་བསྟིམས།

ཚ་རྔམས་དབུགས་སྣ་མཐོ་བའི་སྡང་ཞུགས་ཀྱིས།།
དཔའ་མཚན་ལོན་ཞེས་འུར་གྱིས་འགྱིང་ན་ཡང་།།
ཉམས་སྣང་རྗེན་པར་འབྲི་བའི་སྙན་ངག་པ།།
ཚོར་བའི་རྒུན་ཆང་ཁུགས་ན་མགོ་འཕང་སྙེམས།།
 
                     རྩོམ་སྒྲིག་པ། དབང་མོ།            

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།