གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངེད་དྲ་བས་རྩོམ་པ་པོ་གྲགས་ཅན་རྡོ་རྗེ་ཚེ་བརྟན་ལ་བཅར་འདྲི་བྱས་པ།

2009-02-25 20:43:00 གསར་འགོད་པ་མི་རྒོད། ཀློག་གྲངས། མཆན ཡོད།

 རྡོ་རྗེ་ཚེ་བརྟན་ལགས་ནི་༡༩༥༩ལོར་དཔའ་ལུང་ཁ་སྒང་གི་རོང་ཁྱིམ་ཞིག་ཏུ་སྐྱེས།༡༩༨༠ལོར་ཐོག་མའི་
བརྩམས་ཆོས་《ཁྱི་མོ་ཐར》ཞེས་པ་ལེགས་འགྲུབ་བྱུང་ཞིང༌། ༡༩༨༡ལོའི་ཟླ་༡༢པར་ཡིག་འབྲུ་ཁྲི་ཚོ་
གཉིས་ཙམ་ཡང་ཟིན་གྱི་མེད་པའི་སྒྲུང་ཐུང་དེ་ལ་“རྒྱལ་ཡོངས་གྲངས་ཉུང་མི་རིགས་གསར་རྩོམ་བྱ་
དགའ”(རྟ་མཆོག་བྱ་དགའ)ཐོབ། ༡༩༨༥ལོའི་ཟླ་༣པར་ཡིག་འབྲུ་འབུམ་གསུམ་ལྷག་ཙམ་བརྒལ་བའི་སྒྲུང་རིང་
ཐོག་མ《སླར་འཆར་གྱི་ཞོགས་པ》ཞེས་པ་པེ་ཅིང་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་
ཤིང༌།  མཚོ་སྔོན་གྱི་རྩོམ་པ་པོའི་སྒྲུང་རིང་གི་ཟིན་ཐོ་ཐོག་མར་བཏོད།  དུས་དེ་ནས་བཟུང་རྩོམ་ཡིག་སྤེལ་ཚད་
དལ་བ་ནས་མྱུར་བའི་ཕྱོགས་སུ་བཞུད་ཅིང༌།སྔ་རྗེས་སུ་སྒྲུང་འབྲིང་དང་སྒྲུང་ཐུང་《རྡོ་རྗེ་ཚེ་རིང་མིང་སྲིང་
གཉིས》ཞེས་པ་དང༌།《ཨ་རྒྱའི་རྣམ་ཐར》 《ང་རང་ལུག་གཅིག་བྱེད་འདོད》 《རྩྭ་ས་གསར་བར་བསྐྱོད་པ》
《གནའ་མཁར་གྱི་དོན་ཕྲན་ཚེགས་ཤིག》《རམས་མདོག་གི་འབྲོག་ར》སོགས་དང༌།སྒྲུང་རིང་《རྒྱལ་བ་ཚངས་
དབྱངས་རྒྱ་མཚོའི་བྲོས་བྱོལ་གྱི་ལམ་བུ》 《དག་ཞིང་གི་ནུབ་ཁའི་ཉི་འོད》《བྱང་ཆུབ་རྨི་ལམ》《རྟག་བརྟན་
པའི་ཁེར་རྐྱང》(སྔ་མ་གསུམ་དཔེ་དེབ་ཏུ་པར་སྐྲུན་བྱས་ཡོད)སོགས་མང་པོ་ཞིག་ཞིང་ལྗོངས་ཕྱི་ནང་གི་དུས་དེབ་
དང་དཔེ་སྐྲུན་ཁང་སོགས་ནས་པར་སྐྲུན་བྱས་ཡོད་ལ།ཁ་ཤས་ཤིག་ཧྥ་རན་སེ་དང་འཇར་པན་གྱི་ཡི་གེར་བསྒྱུར་ཏེ་ཕྱི་
རྒྱལ་དུ་འགྲེམས་སྤེལ་བྱས་ཡོད། 
   
     
                  མི་རྒོད།སྐུ་ཞབས་ལགས་བདེ་མོ།ད་ལམ་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་གཙོས་དྲ་བའི་སྒང་དུ་རྩོམ་རིག་གི་
ནང་དོན་ཅན་གྱི་དྲ་བ་མང་པོ་ཞིག་བྱུང་ཡོད་ལ།དེ་དག་གི་སྟེང་དུ་གསར་བྱུང་རྩོམ་པ་པོ་མང་བོ་ཞིག་འཚར་ལོངས་འབྱུང་
གིན་ཡོད་པ་ནི་དགའ་འོས་པའི་དོན་བཟང་ཞིག་ཡིན་ནའང༌།མང་པོ་ཞིག་གིས་བོད་ཀྱི་རྩོམ་རིག་ཅེས་པ་སད་མ་ཐག་གི་ཁྱེའུ་
འདྲ་ཞིག་ལ་ངོས་འཛིན་གྱིན་ཡོད་པའང་དོན་དངོས་ཀྱི་སྣང་ཚུལ་ཞིག་སྟེ། གཙོ་བོ་གསར་སློབ་པ་དག་གིས་“ཨ་ཕོ་ང་ཡིན་དང་
སྐྱེས་པ་མདུང་ཡིན”ཞེས་པའི་དཔེ་བཞིན་རྒན་རབས་པ་དག་གི་བྱུང་ཚུལ་དང་ཡང་ན་ཁྱེད་ཅག་གི་བརྩམས་ཆོས་ཟེར་བ་ཁྱོན་
ནས་ངོ་ཤེས་ཀྱི་མེད་པར།དྲ་བའི་འགན་འཛིན་པའམ་དྲ་བར་དོ་སྣང་ཡོད་མཁན་གྱི་མི་མང་བོ་ཞིག་ལ་བློ་བྲེལ་གྱི་འཇིགས་
སྣང་འབྱུང་གིན་འདུག་པས།ད་ལམ་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འགན་འཛིན་པ་སྐུ་ཞབས་སྐྱབས་ཆེན་བདེ་གྲོལ་
ལགས་ཀྱི་རེ་བ་ལྟར་ང་རང་ཆེད་དུ་ཁྱེད་སར་རྩོམ་རིག་དང་འབྲེལ་བའི་གནད་དོན་འགའ་ཞིག་ལ་བཀའ་འདྲི་ཞུ་རུ་འོངས་པ་
ཡིན།བཀའ་འདྲིའི་ནང་དོན་ཐད་ལ་གཙོ་བོ་བོད་ཀྱི་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་བྱེད་མཁན་ཞིག་གི་བསམ་ཕྱོགས་དང་ཚོར་
བ་སོགས་གཙོ་བོར་འདྲི་རྒྱུ་ཡིན་ལ།གཞན་ནུབ་བྱང་མི་རིགས་སློབ་གྲྭའི་སློབ་མ་སོགས་སློབ་གྲྭ་ཆེན་མོ་བ་ཁ་ཤས་ཀྱིས་བཏོན་
པའི་འདྲི་ཚིག་འགའ་ཡང་འདོན་རྒྱུ་ཡིན་པར།ཁྱེད་ནས་ངལ་བར་མི་འཛེམས་པར་ནན་ཏན་གྱིས་སློབ་སྟོན་འདྲ་གནང་བར་
ཐུགས་རྗེ་ཆེ་ཞུ།
     རྡོ་རྗེ་ཚེ་བརྟན།(ཞལ་འཛུམ་གྱིན)དངོས་གནས་དེ་ལྟ་བུའི་རེ་བ་ཞིག་བཟུང་བར་བཀའ་དྲིན་ཆེ་ཞུ།ད་ལྟའི་དུས་སུ་བོད་ཀྱི་
དུས་དེབ་རྣམས་སུ་ངེད་ཅག་རྒྱ་ཡིག་གིས་བོད་རྩོམ་འབྲི་མཁན་གྱི་རྩོམ་ཡིག་མང་པོ་ཞིག་མཐོང་དཀོན་པས་དངོས་ནས་ཁེར་
རྐྱང་གི་སྣང་བ་ཞིག་རྒྱས་འོང་ལ།དེ་འབྲེལ་གྱི་དགའ་བ་ཞིག་ཀྱང་མྱོང་རེག་ཐུབ་ཀི རྒྱུ་མཚན་ནི་དེ་སྔ་དུས་རབས་སྔོན་མའི་ལོ་
རབས་བརྒྱད་ཅུ་བའི་དུས་སུ《སྦྲང་ཆར》སོགས་སུ་སྒྲུང་གཏམ་མང་ཆེ་བ་བཀྲ་ཤིས་ཟླ་བ་སོགས(ངའང་འདུ)ཀྱི་སྒྲུང་རྩོམ་
བོད་འགྱུར་མས་ཁེངས་ཡོད་པ་ཡིན་ན་ང་ཚོའི་མི་རབས་དེས་མི་རིགས་ཀྱི་རྐང་འཛིན་བྱེད་ཐུབ་སོང་སྙམ་པའི་སྤྲོ་བ་རྒྱས་མྱོང་
བ་དེ་རེད་ལ།  ད་ལྟ་རྩོམ་ཡིག་མཐོང་རྒྱུ་མེད་པ་དེ་ང་ཚོ་རྗེས་ལུས་ཐེབས་སོང་ངམ་ཡང་ན་གནད་དོན་གཞན་ཞིག་བྱུང་སོང་སྙམ་
པའི་བློ་བྲེལ་སྐྱེས་མྱོང་མོད།  ཨ་ལེ་ཡི《རྡུལ་འཚུབ་ཞོམ་འཇགས》ལས་འཕྲོས་པའི་སྐད་ཆ་ཁ་ཤས་ཤིག་ཐོས་པ་ནས་ང་རང་ལ་
བསམ་ཤེས་བྱུང་ཡོད།དངོས་ནས་རེད་དེ།མི་རིགས་སྐད་ཡིག་གི་རྐང་འཛིན་རྩོམ་པ་པོ་མང་བོ་འཚར་ལོངས་བྱུང་བའི་དུས་སུ་ང་
ཚོའི་རྩོམ་ཡིག་དག་ཕབ་བསྒྱུར་བྱེད་པ་ནི་དུས་ཚོད་བརླག་བྱེད་ཀྱི་ལས་ཀ་ཞིག་མིན་པའི་ངེས་པའང་ག་ལ་ཡོད།  དེ་བས་ང་རང་
བོད་ཡིག་གིས་རྩོམ་འབྲི་ཐུབ་པའི་རྩོམ་པ་པོ་དག་ལ་བླ་ལྷག་གི་འདང་བརྩེ་ཡོད།(ཀུ་རེའི་ཚུལ་གྱིས)དཔེར་ན་གསར་བུ་ཡག་པོ་
ཁྱོད་འདྲ་ལྟ་བུར།(དགོད་སྒྲ)
    མི་རྒོད།རྒན་ལགས། ད་ནི་བཅར་འདྲིའི་ནང་དོན་སྐོར་ལས་དང་པོ་ཞུས་ན། 
     དང་པོ།  ཁྱེད་རང་གིས་རྩོམ་རིག་གི་ལམ་ཁ་བདམས་ཚུལ་སྐོར་དེ་སྔ་ངེད་རྒྱ་ཡིག་གི་ཚགས་པར་སྟེང་བཀོད་མྱོང་ཡོད་ན།
དངོས་གནས་འཚོ་བའི་ཤན་སྟོབས་ཀྱིས་ཕྱུག་ཡོད་པ་རིག་མྱོང་མོད།ད་ཐེངས་སླར་ཡང་ཁྱེད་རང་གིས་དངོས་སུ་དེའི་བརྒྱུད་
རིམ་དག་གསུངས་ན?
     རྡོ་རྗེ་ཚེ་བརྟན།  སྐད་ཆ་མདོར་བསྡུས་ཏེ་བཤད་ན།དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བའི་ལོ་མཇུག་གི་སྟོན་ཁ་ཞིག་
ལ།  ང་རང་ཟི་ལིང་དུ་མཁར་གྲོང་འཆར་འགོད་ཀྱི་སློབ་སྦྱོང་ལ་སོང་བ་ཡིན།མཚན་གཅིག་ལ་སྐྱ་སྒོག་བཙོང་མཁན་གྱི་རྒན་པོ་
ཞིག་དཔུང་རྟགས་དམར་བོ་བཏགས་མཁན་གྱི་གྲོང་ཁྱེར་དམག་དམངས་འགས་བསྐོར་ཏེ་དངོས་གོང་རྒྱ་མ་གང་ལ་ཟུར་ལྔ་
ཡིན་པ་བཙན་གྱིས་ཟུར་དོ་རུ་བཙོང་དགོས་ཞེས་འཇིགས་སྐུལ་གྱིན་ཡོད་པར།ང་མདུན་དུ་སོང་ནས་གནས་ལུགས་སློང་བར།མི་
དེ་དག་གིས་རྒན་པོ་དེ་དང་ངེད་གཉིས་མཉམ་གཅིག་ཏུ་བཀྱིག་སྟེ། སྲང་ལ་ཁྲོམ་སྟོན་བྱས་ནས་དགག་རྒྱག་བྱས་པ་དང༌།སྤྱི་བདེ་
ཁང་ལ་སྤྲད་ནས་མཚན་གཅིག་ལ་བཀག་ཉར་བྱས།རྗེས་སོར་ང་ཕྱིར་ཧི་ནན་རྫོང་(སྐབས་དེ་དུས་རྩོམ་པ་པོ་ཁོང་གིས་རྫོང་དེ་
ག་ན་ཡིག་སྒྱུར་གྱི་བྱ་བ་སྒྲུབ་ཀྱིན་ཡོད་ཟེར)དུ་ཐོན་དུས་ངའི་སྐོར་གྱི་སྐད་ཆ་སྔ་ས་ནས་འབྱོར་ཏེ་མི་མང་གིས་སྒྲོ་འདོགས་ཅི་
རིགས་ཀྱིས་”རྡོ་རྗེ་ཚེ་བརྟན་གྱིས་རྐུས་བྱས་ནས་འཛིན་བྱུང་བྱས་སོང་ཟེར”ཞེས་པ་སོགས་ཀྱི་ཟེར་སྒྲོས་དེ་རྫོང་ཧྲིལ་བོའི་ཐོས་
མ་མྱོང་བའི་གསར་འགྱུར་ཞིག་ཏུ་གྱུར་འདུག  ངས་གནད་དོན་དེ་ལ་དཀར་འདོན་བྱེད་ཆེད་རང་གིས་གནས་ཚུལ་གྱི་བྱུང་རིམ་
ཚང་མ་སྦྱར་བྱང་ཆེན་མོའི་སྟེང་བྲིས་ཏེ་རྫོང་སྲིད་གཞུང་གི་སྒོ་ཁར་སྦྱར་བ་ཡིན།ང་ངོ་ཤེས་མཁན་གྱི་མི་ཚང་མས་མགྲིན་གཅིག་
ཏུ་ཁྱོད་ཀྱི་དཀར་འདོན་ཡི་གེ་དེ་དངོས་བརྩམས་སྒྲུང་ཞིག་དང་འདྲ་བོ་འདུག་ཅེས་བརྗོད་པས།ངའི་ཕུགས་བསམ་སྐད་ཅིག་དེ་
ཉིད་ལ་རྩོམ་རིག་གི་འཚོ་བ་ཁོ་ནར་ཕྱོགས་སོང༌།དུས་དེ་ནས་བཟུང་བདག་གིས་ལས་ཞོར་རྩོམ་པ་པོའི་བརྟུལ་ཞུགས་བཟུང་ནས་
སྨྱུ་གུར་འཇུས་པ་ཡིན།
    
      
     མི་རྒོད། རེད། དངོས་གནས་གཏམ་རྒྱུད་ཅིག་དང་འདྲ་བོ་འདུགད་ལྟ་ཁྱེད་རང་ཆེད་ལས་རྩོམ་པ་པོ་མིང་གྲགས་ཅན་ཞིག་ཏུ་
གྱུར་ཡོད་པས་དངོས་ནས་ཕུགས་བསམ་འཁྱོངས་འདུག་པར་བཀྲ་ཤིས་བདེ་ལེགས་ཞུ་ཞུ།
      གཉིས་པ།  ཁྱེད་རང་གིས་རྩོམ་འབྲི་བྱས་པའི་སྒྲུང་ཐུང་《རམས་འདོག་གི་འབྲོག་ར》ཞེས་པར་དེ་སྔ་རྩོམ་སྟེགས་ལས་ཁ་
རྡུང་དྲག་པོ་བཏང་སྟེ།ཐ་ན་ཡིག་ཤུབས་ཀྱི་ནང་དུ་གཞར་གྲི་བསྐུར་ཏེ་འབྱོར་མྱོང་ཞེས་པའི་གཏམ་ཕྲན་ཞིག་རྩོམ་མཁན་མ་ཞིན་
ཧེ་ཕིན་གྱི་《སེམས་གཤིས་རྒྱང་འབོད》ཅེས་པར་བཀོད་ཡོད་མོད་གནས་ཚུལ་ཁ་གསལ་བོ་ཞིག་བྲིས་མེད་པས།དེའི་དོན་སྐོར་
ཅིག་གསུངས་ན།
       རྡོ་རྗེ་ཚེ་བརྟན།དོན་དེ་ཡང་ངོ་མ་ཡིན་ཏེ།གཙོ་བོ་མང་ཚོགས་ཀྱིས་འུར་བ་ཞིག་མ་ཡིན་པར་རྩོམ་པ་པོའི་དཔུང་ཁག་ནས་དེ་
ལྟར་འུར་སོང་ལ།དགག་རྒྱག་བྱས་ཚད་གཏམ་རྒྱུད་སྔོན་མ་ལས་ཀྱང་ཚབས་ཆེ་བར་འདུགཞིང་ཆེན་ནས་ཀྱང་ཁུལ་ཨུའི་གཞུང་
སྒྲུབ་ཁང་ལ་ང་རང་ལས་གནས་ལས་གཏན་ཕུལ་བྱེད་དགོས་པའི་བརྡ་ཡིག་གསུམ་བཞི་ཞིག་འབྱོར་སོང་ཟེར།སྤྱིར་ན་《རམས་
འདོག་གི་འབྲོག་ར》འི་ནང་དུ་བྲིས་པའི་ནང་དོན་དེའི་རིགས་གནད་དོན་ཚབས་ཆེན་ཞིག་ནི་མ་ཡིན་ཏེ།ངས་འབྲོག་པ་གསར་
བུ་ཕོ་མོ་གཉིས་ཀྱིས་རྟ་ཡི་སྒང་ནས་འཁྲིག་པ་སྤྱད་ཚུལ་གྱི་བརྒྱུད་རིམ་ཞིག་བྲིས་པར།མི་ཚང་མས་དེ་དོན་མི་རིགས་ལ་དམའ་
འབེབས་བྱེད་པའི་ཚིག་དོན་ཞིག་ཏུ་བལྟས་ནས་མ་དགའ་བའི་ཉམས་བསྟན་པ་ཙམ་ཞིག་ཡིན་མོད།རྩོམ་པོ་པོ་ཕན་ཚུན་དབར་
གྱི་ཕྲག་དོག་དང་མི་ངན་པས་གཡོ་སྒྱུའི་ཐབས་ཀྱིས་ད་གཟོད་ང་བོད་ཕྲུག་ཅིག་བོད་རིགས་ཀྱི་ངོ་གདོང་བརླག་མཁན་ལྟ་བུ་ཞིག་
ཏུ་བཟོས་སོང་བ་དེ་རེད།རྗེས་སོར་གནད་དོན་འདིས་སྐོར་ལ་གསལ་བཤད་ཡི་གེ་དང་འགྲན་སློང་ཡི་གེ་སོགས་བྲིས་ཏེ་དངོས་
ལྡོག་གང་རུང་ནས་མགོ་མ་བསྒུར་མོད།མི་དེ་དག་ལའང་དེ་ལས་དྲག་པའི་བཅའ་རྒྱུ་གཞན་མེད་སོང་བ་འདྲ།ཁ་ཤས་ཀྱིས་འཕྲིན་
ཡིག་བསྐུར་ནས་འགྱོད་བཤགས་བྱས་ས་ཡོད་ལ།རྩོམ་གྲོགས་གཡུ་ཞུན་སོགས་ཀྱིས་བཤད་པ་ལྟར་ན་མང་ཆེ་བ་ཞིག་གིས་ལྐོག་ན་
བཟོད་གསོལ་ཞུ་བཞིན་འདུག་ཟེར་མོད།ང་ལ་དེ་ལས་ལྷག་པའི་ཐོབ་རྒྱུ་ཞིག་བྱུང་བ་ནི་བོད་ཀྱི་འཚོ་བ་དང་ཡིད་གཤིས་སོགས་
ལ་གཏིང་ཟབ་མོར་རྒྱུས་ལོན་བྱེད་དགོས་ཚུལ་གྱི་ཉེན་བརྡ་བརྒྱབ་པ་དེ་རེད།
    མི་རྒོད།དངོས་གནས་ང་སོང་བའི་ལམ་ལས་ཁྱོད་བརྒལ་བའི་ཟམ་པ་མང་ཀིཁྱོད་རང་འགག་རྡོ་དེ་དག་ལས་མ་འགྱེལ་ཡར་
ལངས་ཐུབ་པ་འདིས་ང་ཚོ་རྗེས་རབས་པ་མང་པོ་ཞིག་ལ་བློ་སྤོབས་ཀྱི་དཔའ་ངར་བསྩལ་ཡོད།དངོས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་
ཡིན།
     ཞོལ་ནས་དྲ་བའི་སྟེང་གི་གྲོགས་པོ་འགས་དྲི་བ་བཏོན་པ་རེ་རེ་བཞིན་འདྲི་རྒྱུ་ཡིན་པས་བདག་གི་འདྲི་ཚིག་དྲིས་ཚར་སོང་ནི་
བྱ།ཡང་གཅིག་བཤད་ན་ད་སྐབས་ཁྱོད་རང་གིས་སྒྲུང་རིང་《རྟག་བརྟན་པའི་ཁེར་རྐྱང》འབྲི་ཀིན་པའི་སྒང་ཡིན་ན་ངོ་མ་ཁྱོད་
ལ་མཚོན་ན་ཆུ་ཚོད་སྐར་ཆ་གང་རེ་ཡང་གསེར་ནག་གིས་ཉོ་དཀའ་བའི་ཚོད་རེད།
     རྡོ་རྗེ་ཚེ་བརྟན།དེ་ལྟར་བཤད་ན་ངོ་མ་ཚད་ལས་བརྒལ་སོང་ནི་རེད།ང་ལ་མཚོན་ནའང་ན་གཞོན་རྩོམ་པ་པོ་དག་དང་ཁ་བརྡ་
རྒྱག་རྒྱུ་དེ་ང་རང་གི་བསོད་ནམས་ལྟ་བུ་ཞིག་ལ་བརྩི་བཞིཡོད།(དགོད་སྒྲ)
      ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གྲོགས་ཐེའུ་རང་ལགས་ཀྱི་དྲི་བ།
      ༡ རྒྱ་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་མཁན་གྱི་བོད་མི་དག་ལ་བོད་ཀྱི་རྩོམ་པ་པོ་ཟེར་རམ།དེ་དག་གི་བརྩམས་ཆོས་བོད་ཀྱི་
རྩོམ་རིག་གི་བང་མཛོད་དུ་བཞག་ན་འོས་སམ་ཡང་ན་རྒྱའི་རྩོམ་རིག་གི་བང་མཛོད་དུ་བཞག་ན་འོས།གལ་ཏེ་རྒྱའི་རྩོམ་རིག་གི་
རྒྱ་མའི་ལ་ཁར་འཇོག་དགོས་ཚེ་དེ་དག་ལ“ལྗིད་ཚད”ག་འདྲ་ཞིག་ཡོད་སྲིད་དམ།དེ་མིན་བོད་ཀྱི་རྩོམ་རིག་གི་རྒྱ་ཁར་བཞག་ཚེ་
དེ་དག་གིས་ནུས་པ་ག་འདྲ་ཞིག་ཐོན་ཡོད་རྒྱུ་རེད།
       ༢ གཞན་གྱི་སྐད་ཡིག་རང་གི་སྨྲ་ལྕེའི་ཚབ་ཏུ་བྱས་ཏེ་རྩོམ་རིག་གི་གར་སྟེགས་སུ་བུད་པ་འདིས་ཁྱོད་ལ་སྤྲོ་བ་བསྐྱེད་མྱོང་
ངམ་སྐྱོ་བ་སྦྱིན་མྱོང༌།
       རྡོ་རྗེ་ཚེ་བརྟན། དྲི་ཚིག་འདི་ཕལ་ཆེར་ལོ་རབས་བརྒྱད་ཅུ་བ་ནས་ང་ཚོ་རྒྱ་ཡིག་གི་བོད་རྩོམ་འབྲི་བ་དག་དང་ཉེ་བར་
འབྲེལ་བའི་དྲི་གཞི་ཞིག་སྟེ།དེ་སྔ་རྒྱལ་ཡོངས་སྐབས་དང་པོའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཟི་ལིང་ནས་འཚོགས་དུས་སུའང་དྲི་
བ་འདི་འདྲ་དང་གནས་ཚུལ་འདི་འདྲའི་ཕན་ཚུན་ཁ་རྩོད་བྱས་སའང་ཡོད་མོད།ཚབས་ཆེ་ས་ནི་སྐབས་གཉིས་པ་ལྷ་སར་ཚོགས་
དུས་སུ།ཨ་ལགས་ཤར་གདོང་ཚང་ཡང་ཕེབས་འདུག་པ་ནས་ཁོས་རྒྱ་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་མཁན་གྱི་བོད་ཀྱི་རྩོམ་པ་
པོ་དག་བོད་ཀྱི་རྩོམ་པ་པོ་དངོས་མ་རེད་ཟེར་ལ།ཐ་ན་བོད་ནས་རྩོམ་པ་པོའི་མིང་བཏགས་རུང་བ་ནི་རྗེ་རིན་པོ་ཆེ་ལྟ་བུ་དག་སྟེ།
གསུང་རབ་རྩོམ་མཁན་མ་གཏོགས་གཞན་རྣམས་ལ་འབྱོར་ས་མི་འདུག་གསུངས་ཀི། དེ་ལྟར་ནའང་རྩོམ་རིག་རྐྱང་བའི་ངོས་
གནས་བལྟས་ན།ཁོང་གི་ལྟ་བ་ལ་ཕྱོགས་ཞེན་དང་གུ་དོག་གི་རང་བཞིན་ལྡན་ཡོད་པ་ཁྱེད་ཅག་གིས་ཀྱང་ཐོས་མ་ཐག་གོ་ལོས་ཡོང༌།
དེ་བཞིན་སྤྱི་བའི་གནས་བབ་ནས་བཤད་ན་རྒྱ་ཡིག་བྲིས་པ་ཙམ་གྱིས་བོད་རྩོམ་མིན་པར་བསྙད་པ་ནི་རྒྱ་ལྭ་གྱོན་པ་ཙམ་གྱིས་
བོད་མིན་པར་བལྟ་བ་དང་ནང་དོན་གཅིག་རེད་པས།ང་དྲི་ཚིག་འདི་ལྟ་བུར་ལན་གདབ་རྒྱུར་གཏན་ནས་མི་དགའ། ངའི་
བསམ་ཚུལ་ཡིན་ན་དབྱིན་ཡིག་གི་ལམ་ནས་བོད་རྩོམ་འབྲི་ཤེས་པའི་བོད་པ་ཞིག་ཡིན་ན་ད་དུང་དེ་ལས་ལྷག་གི་རེད་སྙམ།
   “ལྗིད་ཚད་”ཟེར་ན་ངས་གསལ་བོ་ཞིག་བརྗོད་ཐུབ་མ་སོང༌།
     དྲི་ཚིག་གཉིས་པ་ཡིན་ན་ང་ལ་སྤྲོ་བ་དང་སྐྱོ་བ་གཉིས་ཀ་སྐྱེས་མྱོང༌།སྤྲོ་བ་ནི་ཞན་ཐག་ཆོད་པའི་དུས་རབས་སྔོན་མའི་ལོ་
རབས་བརྒྱད་ཅུའི་བོད་མིའི་འཚོ་བ་དེ་གཞན་གྱི་མིག་ཁར་བཞག་ནས་འཕེལ་རྒྱས་དང་སྔོན་ཐོན་གྱི་འཚོ་བ་གསར་བ་ཞིག་ལ་
འབོད་སྐུལ་གཏོང་ཐུབ་པའི་བྱེད་ནུས་དེ་སྐབས་དེ་དུས་གཞན་གྱི་ཡི་གེ་མ་གཏོགས་དྲིལ་སྒྲོག་བྱེད་དཀའ་ཚོད་རེད་འདོད་པ་དང༌།
སྐྱོ་བ་ནི་སྔོན་ཆད་ཧི་ནན་རྫོང་དུ་ལོ་ཙཱ་བའི་འགན་བཞེས་དུས་སུ་བོད་ཡིག་གི་རྩོམ་འབྲི་བྱས་མྱོང་ནའང་ལས་གནས་སྤར་རྗེས་
སྨྱུག་མཚམས་བཞག་པས།ད་ལྟ་འདོན་ཤེས་པ་ཙམ་གྱི་བྱེད་ནུས་མ་གཏོགས་ལྷག་ལུས་མེད་པར་བོད་ཡིག་གི་ཡིག་རྨོངས་ཕྱེད་ཀ་
ཞིག་ཏུ་གྱུར་ཡོད་པར་ཁ་སྐྱེངས་ཀྱིན་ཡོད་པ་དེ་ཡིན། 
   
     
      ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གྲོགས་ཞོགས་ལྗང་ལགས་ཀྱི་དྲི་བ།
       ༡རྩོམ་རིག་ཅེས་པ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་ཡིན་ནམ།མི་སྒེར་གྱི་དགོས་མཁོ་ཞིག་ཡིན།རྒྱུ་མཚན་དང་བཅས་ཏེ་
གསུང་རོགས།
        ༢མིག་སྔའི་ང་ཚོའི་གནས་བབ་ལ་བསམ་ན།སྙན་ངག་གིས་སྤྱི་ཚོགས་ལ་འགན་ཁུར་དགོས་སམ་མི་དགོས།༣སྙན་ངག་གི་
སྒྱུ་རྩལ་གཙོའམ་སྤྱི་ཚོགས་ཀྱི་གནས་བབ་གཙོ། ལན་གཉིས་པ་དང་གསུམ་པ་མཉམ་གཅིག་ཏུ་གསུང་ཡང་ཆོག
རྡོ་རྗེ་ཚེ་བརྟན།དགོས་མཁོ་ཡི་ཐད་ནས་བཤད་ན། གཉིས་ཀ་འདུས་ཡོད་ཀྱི་རེད་འདོད།འོན་ཀྱང་འཚོ་བའི་ངོས་ཐད་ནས་
བསམ་བློ་བཏང་ན་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་ལ་ངོས་འཛིན་བྱས་པས་དོན་སྙིང་ཆེ་གི་འདོད།
        བདག་ལའང་གྲོགས་པོ་སྙན་ངག་པ་མང་པོ་ཞིག་ཡོད་པ་དེ་དག་གི་ཤུགས་རྐྱེན་ལྟར་བརྗོད་ན།སྙན་ངག་ཅེས་པ་དེ་ཚོར་བ་
རྐྱང་ཤས་གཙོ་བོར་འཛིན་པ་ཞིག་ཡིན་ཤས་ཆེ་བས།ཁོ་ཚོས་དྲི་གཞི་འདི་ལྟ་བུར་སྙིང་བོ་ཡོད་ཀི་བསམ་རྒྱུ་མ་རེད་འདོད།འོན་
ཀྱང་ང་རང་ཀློག་མཁན་ནམ་དཔྱད་མཁན་ཞིག་གི་ཆ་ནས་བལྟས་ན།སྔོན་བྱོན་གྱི་སྙན་ངག་པ་དག་གི་རླབས་ཆེ་བའི་བརྩམས་
འབྲས་དག་སྤྱི་ཚོགས་ཤིག་གིས་མཁས་ལེན་ཐོབ་པ་ནས་ད་གཟོད་རླབས་ཆེན་དུ་གྱུར་བ་ཞིག་རེད་པས་སྤྱི་ཚོགས་ལ་འགན་ཁུར་
རྒྱུ་གཙོ་བོ་རེད་འདོད།
        སྒྱུ་རྩལ་གཙོའམ་གནས་བབ་གཙོ་ཞེས་དྲིས་ན་ང་ལ་ལན་རྒྱག་རྒྱུ་ཞིག་མི་ཡོང་གི(ཞལ་འཛུམ་གྱིན་ཀུ་རེའི་ཚུལ་གྱིས) 
དེ་ཁྱོད་རྡོ་ཚེས་(མི་རྒོད)ལན་བཏབ་ན་འགྲིག་འདུག་སྙམ།གང་ལྟར་ང་རང་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་གཉེར་མཁན་གྱི་སྟབས་
སྤྱོད་དེ་ལ་དེ་འདྲའི་དགའ་བོ་མེད།
       རྨ་ཆུའི་སྙན་ངག་པ་དུང་ལགས་ཀྱི་དྲི་བ།
༡མིག་སྔའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གོང་འཕེལ་དུ་གཏོང་དགོས་ན་ཕྱོགས་གང་དག་ནས་འབད་པ་བྱེད་དགོས་ཀྱིན་འདུག
 རྡོ་རྗེ་ཚེ་བརྟན།སྤྱིར་རྩོམ་རིག་སྒྱུ་རྩལ་ཞེས་པ་དེ་སྣ་འདུས་ཤིག་དང་བླ་ན་མེད་པ་ཞིག་ཡིན་པས།དེ་ཉིད་གོང་འཕེལ་དུ་གཏོང་
བར་ཕྱོགས་འདི་དག་ཅེས་གྲངས་ཀ་བགྲངས་རྒྱུ་མེད་མོད།རང་ཉིད་ལུགས་དེ་ལ་སྤྲོ་ཞིང་མོས་པའི་སྒྲུང་གཏམ་གསར་རྩོམ་གྱི་ཆ་
ནས་ཅུང་རེ་བཤད་ན།འཚོ་བ་དངོས་ནི་སྒྲུང་རྩོམ་གྱི་ཆུ་མགོ་ལྟ་བུ་རེད་འདོད་ལ།བཟང་དགེ་མཛེས་གསུམ་གྱི་བརྗོད་བྱ་བརྗོད་
བྱེད་གང་ཞིག་སྤྱི་ཚོགས་ཀྱི་མཐོང་རེག་ཐུབ་པའི་དངོས་ཡོད་ཀྱི་བྲོ་བ་འཛོམས་པས་ན་ད་གཟོད་རྩོམ་པ་པོ་གང་དེས་རེ་བ་དང་
མཚམས་པོར་ཡང་དག་པའི་འཕེལ་རྒྱས་ཀྱི་རྐང་དུ་འཇོག་ཐུབ་པར་སྙམ།དེར་མ་ཟད་མི་སྒེར་གྱི་འདོད་ཚུལ་གཙོ་བོར་བཟུང་
ཐོག་ཕན་ཚུན་དབར་ལ་བསྟོད་ར་འཐེན་པའམ་ཡང་ན་དམའ་འབེབ་ཀྱི་ངན་ཇུས་འདུས་པའི་བསམ་བློ་དག་སྒྲུང་གཏམ་དུ་
མཚོན་པ་ཡིན་ཕྱིན་དེ་ཉིད་སྣུམ་ཟད་ཀྱི་མར་མེ་ཞིག་བཞིན་ཚེ་སྲོག་བརྟན་པོ་ཞིག་ཆགས་ཐུབ་ཀྱི་མ་རེད་འདོད།
      དགུ་དུང་སྐྱེས་ལགས་ཀྱི་དྲི་བ།
      བོད་ཀྱི་རྩོམ་རིག་གི་སྒྱུ་རྩལ་བཀོད་སྟངས་དང་རྒྱའི་རྩོམ་རིག་གི་སྒྱུ་རྩལ་བཀོད་སྟངས་གཉིས་ལ་ཁྱད་པར་ཡོད་དམ།ཡོད་ན་
ཅི་འདྲ་ཡིན།
      རྡོ་རྗེ་ཚེ་བརྟན།ཁྱད་པར་ཡོད། རྒྱ་ནག་གི་ཡིག་སྐད་དེ་ཕལ་སྐད་དུ་འགྱུར་ནས་ལོ་ངོ་བརྒྱ་ཟིན་ལ་ཉེ་ནའང༌།བོད་ལ་མཚོན་
ན་རྩོམ་ཡིག་ཏུ་ཕལ་སྐད་ཀྱི་བཀོལ་སྤྱོད་རྒྱག་ཚུལ་དེ་དེ་འདྲའི་འདྲ་ཆགས་པོ་ཞིག་མ་རེད་པར།ད་དུང་སྲུབ་ཀ་ཆེན་པོ་རེ་གནས་
པ་བོད་ཡིག་གི་རྩོམ་ཡིག་མང་པོ་ཡིག་ངོ་ཆོད་ཙམ་པ་ཞིག་གིས་ཧ་གོ་ཐུབ་ཀྱི་མེད་པ་དེ་རེད།འདི་ཡང་མི་རིགས་སྐད་ཡིག་གི་
འགན་བབ་གནད་དོན་ཞིག་ལས་བཟང་ངན་དང༌།ཆེ་ཆུང་གི་གནད་དོན་ཞིག་མ་ཡིན་ཏེ། རང་མི་རིགས་ལའང་ལོ་རྒྱུས་ཀྱི་ཆུ་
རྒྱུན་རིང་མོའི་འཕེལ་འགྲིབ་ཁྲོད་དུ་རྩོམ་རིག་དང་རིག་གཞུང་གང་གི་ཆ་ནས་ཀྱང་གཞན་གྱི་མདུན་གྲལ་ཟིན་པའི་མ་དཔེ་ཡོད་
པ་མ་ཡིན་ནམ།  ངའི་རེ་བར་མ་འོངས་པའི་དུས་སུ་ཁྱད་པར་མེད་པའི་དུས་ཤིག་འབྱུང་བར་ཡིད་ཆེས་ཀྱིས་བརྟས་ཡོད།
      འབྲོག་སྨྱོན་ལགས་ཀྱི་དྲི་བ།
      ང་ཚོའི་སློབ་*སློབ་དེབ་*ཀྱི་ནང་དུ་རྒྱ་ཡིག་གི་བསྒྱུར་རྩོམ་མང་པོ་ཞིག་འཇོག་དགོས་བའི་དགེ་མཚན་ཅི?
      རྡོ་རྗེ་ཚེ་བརྟན།དེ་ལ་དགའ་སྐྱོ་ཟུང་ལྡན་གྱི་ནང་དོན་ཆེན་པོ་གཉིས་འདུས་ཡོད་དེ།དགའ་བ་ནི་རང་མི་རིགས་ལ་གཞན་གྱི་
རིག་གནས་དང་ལེན་བྱེད་པའི་གུས་སྲོལ་བཟང་པོ་ཞིག་ཆགས་ཀྱིན་ཡོད་པ་དེ་རེད་ལ།སྐྱོ་བ་ནི་སློབ་བུ་དག་གིས་ནམ་ཞིག་གི་ཚེ་
ན་མི་རིགས་རང་ངོས་ཀྱི་དཔེ་བལྟ་བྱེད་སའི་རླབས་ཆེན་པ་དག་བརྗེད་འགྱུར་བ་དེའོ།།
        འཕྲིན་ལས་སྐྱབས་ལགས་ཀྱི་དྲི་བ།
       མིག་སྔར་དེང་རབས་བོད་ཀྱི་རྩོམ་རིག་སྟེགས་བུར་སྙན་ངག་གི་མི་རབས་ཞེས་པའི་མི་རབས་རེ་བྱུང་བཞིན་པ་འདིས་བོད་
སྤྱི་ཚོགས་ཀྱི་གནས་བབ་ལ་ཕན་གནོད་ཅི་ཞིག་གི་ནུས་པ་ཐོན་ཀྱིན་ཡོད།
        རྡོ་རྗེ་ཚེ་བརྟན།སྙན་ངག་གི་མི་རབས་ཞེས་པ་བདག་ལ་དེ་ལྟའི་གསལ་ཆ་མེད་པས་ཁ་གསལ་བོ་ཞིག་ཞུ་ཐབས་མ་སོང༌།
        མི་རྒོད།ད་ལམ་བོད་ཀྱི་སྙན་ངག་གི་སྡེ་དེ་ན་རང་གྲོལ་སོགས་མི་རབས་དང་པོ་དང་འཇུ་སྐལ་བཟང་སོགས་མི་རབས་
གཉིས་པ།ད་ལྟའི་ན་གཞོན་སྙན་ངག་པ་དག་མི་རབས་གསུམ་པར་ཤོད་ཀྱིན་འདུག དེ་ཡང་གཙོ་བོ་མི་རབས་གསུམ་པ་ཞེས་
པའི་གསར་བྱུང་ཚོགས་པ་ཞིག་གིས་དེ་ལྟར་བཏགས་པ་རེད་ལ།ཁོ་ཚོའི་དགར་ཚུལ་གྱི་ནང་དོན་གཙོ་བོ་དེ་སྙན་ངག་གི་སྲོག་གི་
སྟེང་ནས་དབྱེ་ཀིན་ཡོད་མོད།རྒན་དར་གཞོན་གསུམ་གྱི་སྙན་ངག་དག་སྐབས་འགར་ཧ་ཅང་གི་འདྲ་ས་ཡོད་པར་མི་མང་པོ་ཞིག་
གིས་ལུང་དུ་དྲངས་ནས་ཁོ་ཚོར་མི་རབས་དགར་ཚུལ་ནོར་འདུག་ཚུལ་བརྗོད་ཡོད།
       རྡོ་རྗེ་ཚེ་བརྟན།རེད། ཚོགས་པ་གང་ཞིག་དང་ཡང་ན་མི་རབས་ཤིག་ཚུགས་ངེས་པའི་དུས་སུ་དང་ལེན་བྱེད་དཀའ་བའི་
རྩོམ་ཐབས་རེ་དང་ཁྱད་པར་ཅན་གྱི་ཚབ་མཚོན་མི་སྣ་རེ་ཡི་ཆ་རྐྱེན་དགོས་པར་སེམས་ན།ད་ལྟའི་བོད་ཀྱི་རྩོམ་རིག་གི་བྱུང་
འཕེལ་ལོ་རྒྱུས་ལ་འདང་ཞིབ་མོ་བརྒྱབ་པས་སྤྱིའི་ཆ་ནས་རྩོམ་ཐབས་དེ་ལྟ་བུ་དང་མི་སྣ་དེ་ལྟ་བུ་བྱུང་དཀའ་ཚོད་རེད་འདོད།
ཡིན་ནའང་དཔལ་འབྱོར་གྱི་སྟོབས་ཤུགས་བཙན་དྲགས་པའི་འགྲན་རྩོད་ཀྱི་དུས་རབས་འདི་ལྟ་བུའི་ནང་དུ་ཚོགས་པ་རེ་དང་
གྲུབ་མཐའ་རེ་མ་བྱུང་བས་རྩོམ་རིག་གི་སྣང་ཚུལ་དེ་ཡང་གནས་བབ་ཅི་ལྟ་བུ་ཞིག་ཏུ་འགྱུར་བར་ཚོད་དཔག་བྱེད་དཀའ་བས།
ང་རང་ཉིད་ན་གཞོན་དག་གི་བདམས་ཀ་ལ་ཡིད་ཆེས་ཆེན་པོ་ཡོད་པ་ནས་ཚོགས་པ་དང་གྲུབ་མཐའ་གང་ཞིག་ཚུགས་པས་ཀྱང་
རྒྱབ་སྐྱོར་གྱི་བསམ་པ་སྟོན་གྱིན་ཡོད།
      སློབ་གྲོགས་གཤིན་རྗེ་ལགས་ཀྱི་དྲི་བ།
      ད་ལྟའི་ཆར་བོད་མི་མང་བོ་ཞིག་གིས་སྙན་ངག་གིས་མི་རིགས་ཤིག་གི་ཉེན་ཚབས་དང་རང་ཉིད་ཀྱིས་སྤྱི་ཚོགས་ལ་བཟུང་
བའི་རྣམ་འགྱུར་མཚོན་པ་ལྷུར་ལེན་དགོས་ཟེར་བ་དེ་ལེགས་ལམ་ཞིག་རེད་དམ་ལོག་ལམ་ཞིག་རེད།    
      རྡོ་རྗེ་ཚེ་བརྟན།དེ་དྲི་ཚིག་གསལ་བོ་ཞིག་མ་རེད།ཉེན་ཚབས་ཟེར་ན་མིག་སྔའི་གནས་བབ་དེ་མི་རང་རང་གི་དགའ་སྐྱོ་
ཆགས་སྡང་གི་ཚོར་བ་མི་འདྲ་བས།ཕྱོགས་གང་ཞིག་སྤྱི་བམ་དུ་སྟོན་རྒྱུ་མེད་ན་བརྗོད་དཀའ་མོ་རེད།ཡིན་ནའང་རང་ཉིད་ཀྱིས་
སྤྱི་ཚོགས་ལ་བཟུང་བའི་རྣམ་འགྱུར་མཚོན་དགོས་ཟེར་ན་དེ་རྩོམ་རིག་སྤྱིའི་སྣང་ཚུལ་ཞིག་ཏུ་འགྲོ་བས་སྙན་ངག་ཅེས་བྱེ་བྲག་ཏུ་
སྟོན་དགོས་མི་འདུག  ཡང་དྲང་མོར་བཤད་ན་ང་རང་སྙན་ངག་པ་ཞིག་མིན་པས་དྲི་གཞི་མ་གོ་ནའང་ཐང་ཐབས་མེད།  གང་
ལྟར་གོང་གི་དྲི་བ་འདི་ལ་སྐྱོན་ཞིག་ལྡན་ཡོད་སྙམ་པས་ཁ་གསལ་བོ་ཞིག་བརྗོད་ཐབས་མ་བྱུང༌།
      མི་རྒོད།  རེད།   ད་ནི་བྱ་སྒྲུབ་ཀྱི་དུས་ཚོད་ཐོན་ཟིན་པས།ལས་གྲོགས་དག་ཀྱང་ཐོན་ངེས།དེ་བས་ལས་ཀར་བར་ཆད་མི་བྱེད། 
མཇུག་མཐར་ང་རང་བོད་ཀྱི་གཞོན་ནུ་དག་གི་ཚབ་བྱས་ཏེ་རྒན་ཁྱེད་ཉིད་ཀྱི་སྐུ་ཚེ་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་བདེ་
ལེགས་ཞུ་བ་དང་མཉམ་དུ་ཞུ་རྒྱུ་ཞིག་ལ་ཁྱེད་རང་གིས་ང་ཚོ་རྗེས་རབས་པ་དག་ལ་ད་དུང་ཡང་དེ་ལས་མང་པའི་བརྩམས་ཆོས་
ཀྱི་རྒྱགས་ཕྱེ་གྱ་ནོམ་པ་རེ་སྩོལ་རྒྱུར་སྙིང་ནས་རེ་བ་ཞུ་ཞུ།
       བཀྲ་ཤིས་བདེ་ལེགས།
       རྡོ་རྗེ་ཚེ་བརྟན།བཀྲ་ཤིས་བདེ་ལེགས།    
       མི་རྒོད།  བཀྲ་ཤིས་བདེ་ལེགས།                
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།