བོད་མི་ཞིག་གི་འགྲུལ་བཞུད།___བོད་རིག་པའི་ཞིབ་འཇུག་པ་ལྕམ་ཀ་ཏི་ཡ་བུ་ཧྥུ་ཏི་རིལ་(Katia Buffetrille) གྱིས་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་སུ་བཀའ་འདྲི་ཞུས་པ།

ལྕམ་ཀ་ཏི་ཡ་བུ་ཧྥུ་ཏི་རིལ་(Katia Buffetrille) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-09-28

  གཤམ་དུ་འཆད་འགྱུར་གྱི་བཀའ་མོལ་འདི། ཧྥ་རན་སིའི་མི་རིགས་རོལ་མོའི་སྐོར་གྱི་ཆེད་མཁས། བོད་ཀྱི་ཆོས་ལུགས་རོལ་མོའི་སྐོར་ལ་མི་ཚེ་གང་པོར་ཞིབ་འཇུག་གནང་མཁན། བོད་རིག་པའི་ཆེད་མཁས་སྐྱེས་མ་མི་རེལ་ཧེལ་ཧྥ་ (Mireille Helffer)ལགས། དགུང་ལོ་དགུ་བཅུར་སོན་པའི་སྐྱེས་སྐར་ལེགས་སྐྱེས་སུ། ཆེད་དུ་དཔེ་དེབ་ཅིག་པར་བསྐྲུན་བྱེད་བཞིན་པ་དེའི་ནང་དུ་དགོད་ཕྱིར་བཀའ་འདྲི་ཞུས་པ་ཡིན། བོད་རིག་པ་བ་སྐྱེས་མ་མི་རེལ་ཧེལ་ཧྥ་དང་མཁར་རྨེའུ་བསམ་གཏན་གཉིས་ཀྱིས་ཧྥ་རན་སིའི་བོད་རིག་པའི་ཤུགས་རྐྱེན་འཛམ་གླིང་དུ་ཁྱབ་པར་མཉམ་དུ་ལེགས་སྐྱེས་ཕུལ་གནང་མཛད་ཡོད། ཞིབ་འཇུག་གི་ཕྱོགས་སུ་ཁོང་གཉིས་ལ་དོ་དབྱིངས་དང་ཁ་ཕྱོགས་མི་འདྲ་བ་ཡོད་ནའང་། གླིང་གེ་སར་གྱི་ཞིབ་འཇུག་སྐོར་ལ་ཁོང་གཉིས་ཀྱིས་མཉམ་འབྲེལ་གནང་ཡོད། འོན་ཀྱང་། གཤམ་དུ་འཆད་འགྱུར་གྱི་བཀའ་འདྲི་འདི་ནི་གནད་དོན་དེ་ཙམ་མ་ཡིན་པར། བཀའ་མོལ་གྱི་བརྒྱུད་རིམ་ཁྲོད་དུ་རིམ་བཞིན་ང་ཚོས་མཁར་རྨེའུ་བསམ་གཏན་ལགས་ཀྱི་དམིགས་བསལ་རང་བཞིན་གྱི་ཕྱི་དང་ནང་། ད་དུང་ཆེད་ལས་ཞིབ་འཇུག་བཅས་ཀྱི་འགྲུལ་བཞུད་མཐོང་ཐུབ། དེར་བརྟེན། ངས་བསམ་པར་བཀའ་འདྲི་འདི་བཞིན་ཡིག་བསྒྱུར་བྱེད་ཐུབ་ན། ཀློག་མཁན་མང་པོ་ཞིག་ལ་བོད་མི་ཤེས་ཡོན་པ་ཞིག་གི་འགྲུལ་བཞུད་སྐོར་ལ་ཤེས་རྟོགས་བྱེད་རྒྱུར་ཕན་ཐོགས་འབྱུང་བར་སེམས་སོ།།
                                                                                         
                                                                                                                          ____ལོ་ཙཱ་པས།

  བཀའ་འདྲི་གནང་མཁན།

  ང་ཚོས་བོད་རིག་པ་བ་སྐྱེས་མ་མི་རེལ་ཧེལ་ཧྥ་ལགས་དགུང་ལོ་དགུ་བཅུར་སོན་པའི་སྐྱེས་སྐར་ཆེད་དུ་དཔེ་དེབ་ཅིག་པར་སྐྲུན་བྱེད་ལ་ཉེ་བ་དང་བསྟུན། ངའི་བསམ་ཚུལ་ལ་དེ་རིང་གི་བཀའ་འདྲི་བྱེད་ཡུལ་ས་ཆ་འདི་དམིགས་བསལ་ཞིག་ཆགས་འདུག ཁྱེད་རང་ཡང་མི་རེལ་ཧེལ་ཧྥ་ལགས་དང་འདྲ་བར་ཧྥ་རན་སིའི་བོད་རིག་པའི་སྔ་ཕྱིའི་འཕེལ་རིམ་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་པར་མ་ཟད། དེ་རིང་གི་ས་ཆ་འདི་ནི་ངེད་རང་ཆེས་ཐོག་མར་མི་རེལ་ཧེལ་ཧྥ་ལགས་དང་དངོས་སུ་ཐུག་འཕྲད་བྱུང་ཡུལ་དེའང་ཡིན་པས། ཕྱིར་དྲན་ཁ་ཤས་ཀྱིས་ངེད་ཚོ་དང་ཁོང་མོའི་འབྲེལ་བ་ནམ་ཡང་དམ་པོར་སྦྲེལ་ནས་ཡོད། ཁྱེད་རང་ཉིད་ལ་མཚོན་ན། ཐེངས་དང་པོར་མི་རེལ་ཧེལ་ཧྥ་ལགས་སུ་ག་དུས་མཇལ་འཕྲད་བྱུང་པ་ཡིན་ནམ།

  མཁར་རྨེའུ་བསམ་གཏན།

  ལོ་རབས་བརྒྱད་ཅུ་པའི་ནང་དུ། ང་ཐོག་མར་མི་རེལ་ཧེལ་ཧྥ་ལགས་སུ་མཇལ་འཕྲད་བྱུང་། སྐབས་དེར་ཁོང་མོས་བོན་གྱི་མཁས་པ་བསོད་ནམས་བློ་གྲོས་(༡༧༨༤-༡༨༣༥)ཀྱིས་མཛད་པའི་དཔེ་ཆ་ཞིག་ལ་ཞིབ་འཇུག་གནང་བཞིན་འདུག ད་ལྟ་གསལ་བོ་ཞིག་དྲན་གྱིན་མི་འདུག ངེད་ཀྱིས་ཐོག་མར་ཁོང་མོར་རོལ་ཆས་ཀྱི་འབྱུང་ཁུངས་སྐོར་འཁོད་པའི་དཔེ་ཆ་དེའི་སྐོར་ངོ་སྤྲོད་ཞུས་པ་ཡིན་ནམ། ཡང་ན་ཁོང་མོ་རང་ཉིད་ཀྱིས་དཔེ་ཆ་དེ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་དུ་ཡོད་པའི་བོན་པོའི་དགོན་པ་ནས་དཔེ་ཆ་དེ་རྙེད་པ་ཡིན། གང་ལྟར། བོན་གྱི་དཔེ་ཆ་དེར་སྒྲུང་གཏམ་གྱི་འབྱུང་ཁུངས་སྐོར་འཁོད་ཡོད་པ་མ་ཟད། མཚམས་དང་མཚམས་སུ་རོལ་ཆས་ཀྱི་འབྱུང་ཁུངས་སྐོར་ཡང་མང་པོ་གསལ་ཡོད། མི་རེལ་ཧེལ་ཧྥ་ལགས་ཀྱིས་རྙིང་མའི་དཔེ་ཆའི་ཁྲོད་ནས་རོལ་ཆས་སྐོར་གྱི་དཔེ་ཆ་གང་ཡང་མ་རྙེད་པར་བརྟེན། ཁོང་མོར་མཚོན་ན་བོན་ཀྱི་དཔེ་ཆ་དེ་གལ་ཆེན་པོར་ཆགས་ཡོད། དཔེ་ཆ་དེ་ལ་བརྟེན་ནས་ཁོང་མོས་ཞིབ་འཇུག་རྩོམ་ཡིག་ཅིག་ཀྱང་བྲིས་ཡོད་པ་རེད། ད་དུང་མི་རེལ་ཧེལ་ཧྥ་ལགས་ཀྱིས་རྔ་རབས་ཞེས་པའི་བོན་གྱི་དཔེ་ཆ་ཞིག་གི་སྐོར་ལ་ཕྱག་ལས་གནང་མྱོང་བའང་དྲན་གྱིན་འདུག དཔེ་ཆ་དེ་ནི་བོད་ཀྱི་རོལ་ཆས་རྔའི་རིགས་འདྲ་མིན་དང་། དེ་དག་གི་བཟོ་སྟངས་སོགས་ཀྱི་སྐོར་འཁོད་ཡོད་པ་ཞིག་རེད། ཁྱེད་རང་ཁོང་མོ་དང་ག་དུས་མཇལ་གནང་བ་ཡིན་ནམ།

  བཀའ་འདྲི་གནང་མཁན།

  ངེད་རང་མི་རེལ་ཧེལ་ཧྥ་ལགས་དང་ཐོག་མར་མཇལ་ཚུལ་དེ་ད་ལྟའང་ཧ་ཅང་གསལ་བོར་དྲན་གྱིན་འདུག སྤྱིར་ངེད་ཀྱིས་སྔོན་ཆད་ནས་ཁོང་མོ་མཐོང་མྱོང་ཡོད་ནའང་། ཕྱི་ལོ༡༩༩༡ ལོར་ཐོག་མར་ཁོང་མོ་དང་དོན་དམ་པའི་མཇལ་འཕྲད་དེ་བྱུང་། སྐབས་དེར། ང་བལ་ཡུལ་གྱི་བྱང་ཕྱོགས་ཧ་ལེ་སི་མ་རཱ་ཏི་ཀའི་འཆི་བ་མཐར་བྱེད་ཀྱི་སྒྲུབ་ཕུག་ཏུ་སོང་ནས་ཕྱིར་ལོག་མ་ཐག་པ་ཡིན་ལ། ངེད་གཉིས་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འགྲམ་དུ་ཐུག་འཕྲད་བྱུང་། ཁོང་མོས་སྐབས་དེར་ལོ་ངོ་མང་བོར་བལ་ཡུལ་དུ་ཡོད་པའི་ཞེ་ཆེན་དགོན་པའི་ཡུལ་དངོས་ལ་ཞིབ་འཇུག་བྱེད་མུས་རེད་འདུག ང་ཧ་ལེ་སི་འཆི་བ་མཐར་བྱེད་ཀྱི་སྒྲུབ་ཕུག་ནས་ཕྱིར་ལོག་མ་ཐག་ཡིན་ལ། ཡིད་སེམས་དགའ་སྣང་གིས་ཡོངས་སུ་ཁེངས་ཡོད། སྐབས་དེར། ངས་སངས་རྒྱས་ཀྱི་བྱིན་རླབས་ཞུགས་པའི་གནས་རི་དང་མཚོ། སྒྲུབ་ཕུག་སོགས་ཀྱི་སྣང་ཚུལ་སྐོར་ལ་སློབ་སྦྱོང་བྱེད་བཞིན་ཡོད་ལ། ཤར་པ་བླ་མ་ཞིག་གི་སྣེ་ཁྲིད་དང་རམ་འདེགས་ལ་བརྟེན་ནས། ངེད་ཀྱིས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་གནས་རྩ་ཆེན་མང་བོ་ཞིག་ལ། སློབ་སྦྱོང་དང་ཞིབ་འཇུག་བྱེད་ཐུབ་པ་བྱུང་། ངས་སྤྲོ་སྣང་ཆེན་པོའི་སྒོ་ནས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་མ་ལུས་པ་ཁོང་མོར་བཤད། སྐད་ཆ་ལ་དབྱིངས་འཕར་ཆེ་སྟབས་མཚམས་ཞིག་ངེད་ཀྱིས་སོ་སོས་ཀྱང་མ་ཚོར་བར། ཁོང་མོར་ཧྥ་རན་སིའི་དཔེ་དང་སྦྱར་ནས་སྔ་ཕྱིའི་གནས་ཚུལ་རྣམས་འགྲེལ་བཞིན་འདུག གནས་ཚུལ་འདི་རིགས་ཁོང་མོའི་ཞིབ་འཇུག་བྱ་ཡུལ་དང་འབྲེལ་བ་རྩ་བ་ནས་མེད་ནའང་། ཁོང་མོས་དགའ་སྣང་ཆེན་པོས་ཉན་ཚུལ་དང་དེ་ལ་དོ་སྣང་སྤྲོད་ཚུལ་དེས་ང་རང་ཡང་ཅུང་ཙམ་ཧང་སངས་སུ་བཅུག་སོང་། སྤྱིར་བཏང་ཁོང་མོ་རྒྱུན་དུ་ཞིབ་འཇུག་གི་བརྗོད་གཞི་སྣ་ཚོགས་ལ་དོ་དབྱིངས་ཆེན་པོ་བྱེད་མཁན་ཞིག་རེད་འདུག

  ངེད་གཉིས་ཀྱི་སྐོར་ལ་དེ་ཙམ་ཡིན། ད་ཡང་ངེད་གཉིས་ཀྱིས་ཕྱིར་ཁྱེད་ཀྱི་ལོ་རྒྱུས་སྐོར་ནས་བཀའ་མོལ་ཞུ། ངེད་ཀྱིས་གོ་ཐོས་ལ། ཁྱེད་རང་སྔོན་ཆད་བྱིས་པ་ཡིན་དུས། གླིང་གེ་སར་གྱི་མགུར་གླུ་ཚན་པ་ཁ་ཤས་ཐོས་མྱོང་ཡོད་ལ། མགུར་ཚིག་དེ་དག་རྗེས་སུ་མི་རེལ་ཧེལ་ཧྥ་ལགས་དགའ་ཤོས་ཀྱི་མགུར་ཚིག་དག་རེད་འདུག་ཟེར། ཁྱེད་ཀྱིས་གནས་ཚུལ་འདིའི་སྐོར་ལ་གཏམ་ཞིག་གསུངས་རོགས།

  མཁར་རྨེའུ་བསམ་གཏན།

  གནས་ཚུལ་དེ་ནི་ཕྱི་ལོ་༡༩༤༥ཡས་མས་ཏེ། ངེད་རང་ལོ་༡༠ ཡར་མར་སྐབས་ཀྱི་དོན་དག་ཅིག་རེད། ངའི་ཕ་ཡུལ་ཨ་མདོ་ཤར་ཁོག་ཏུ། སྟོན་ཁར་བཙས་མ་བརྔས་ཟིན་རྗེས། སྐྱེས་ཕོ་མོ་ཕྲུ་གུ་དང་བཅས་པ་བདུན་ཕྲག་གཉིས་གསུམ་རིང་། རི་འགོར་རྩྭ་འཐུ་རུ་འགྲོ་དགོས་པ་རེད། གྲོང་གསེབ་ཏུ་ཁང་པར་ལྟ་སྲུང་བྱེད་མཁན་ཁ་ཤས་སྡོད་པ་ལས་གཞན་མི་ཚང་མ་འགྲོ་དགོས་རེད། རི་འགོར་ཁྱིམ་ཚང་སོ་སོར་རང་ཉིད་ལ་བདག་པའི་ས་ཆ་ཡོད་པས། དེ་རུ་ཁྱིམ་ཚང་སོ་སོས་གུར་ཕུབས་ནས་གཞིས་ཕབས་ཀྱིན་ཡོད། གྲོང་གསེབ་ཀྱི་མི་ཚང་མས་ཉིན་གང་བོར་རྩྭ་བཏུས་ནས་བསྐམ་དགོས་ལ། རྩྭ་དེ་དག་དགུན་ཁའི་སྒོ་ཕྱུགས་སེམས་ཅན་གྱི་གཟན་ཆག་ཆེད་དུ་ཉར་ཚགས་བྱེད་དགོས་པ་རེད། ཉིན་རེ་རེའི་དགོང་མོར་ལས་ཀ་ཚར་ནས་ནུབ་ཇ་འཐུང་རྗེས། གྲོང་མི་ཚང་མས་རི་འགོར་མེ་ཕུང་ཆེན་པོ་སྦར་ནས་དེའི་མཐའ་རུ་འཛོམས་ཞིང་། ཐོག་མར་གཞས་དང་ཞབས་བྲོ་ནས་འགོ་བཙུགས་ཏེ་རྩེད་མོ་སྣ་ཚོགས་རྩེད། དེ་ནས་རིམ་བཞིན་ང་ཚོའི་གྲོང་པའི་ཨ་ཕ་རྒྱ་ཐར་གྱིས་གླིང་གེ་སར་གྱི་སྒྲུང་བཤད་ཀྱིན་ཡོད། ཁོང་ང་ཚོའི་གྲོང་གསེབ་ཀྱི་ཁྱིམ་ཚང་གཅིག་གི་མི་དཔོན་ཞིག་རེད། འོན་ཀྱང་། ཁོང་གི་སྐྱེས་ཡུལ་དངོས་ཤར་ཁོག་གི་ཤར་ཕྱོགས་ནས་རེད་ཟེར། གཅིག་བྱས་ན། ཁོང་ཆུང་དུས་གཞན་གྱི་བུ་སྐལ་དུ་བླངས་ནས་སྡེ་བ་འདིར་སླེབས་པ་ཡིན་ཡང་སྲིད་མོད་ངེད་ཀྱིས་གསལ་བོར་མ་ཤེས།

  སྐབས་ཤིག་ཁོང་གིས་གེ་སར་སྒྲུང་གི་བདུད་གླིང་ཁྲོད་ཀྱི་མ་ཨ་སྟག་ལྷ་མོའི་སྐོར་གྱི་ཚན་པ་དེ་བཤད་བྱུང་། ངེད་ཀྱིས་ཁོང་གིས་གྱེར་བའི་མགུར་ཚིག་དག་རེ་རེ་བཞིན་དུ་གསལ་བོར་མི་དྲན། མི་ཚོས་ཨ་ཕ་རྒྱ་ཐར་གྱིས་མཚམས་རེར་གླིང་གེ་སར་གྱི་མ་སྤུན། རྒྱ་ཚ་ཞལ་དཀར་གྱི་སྒྲུང་བཤད་ཀི་རེད་ཟེར་མོད་ངེད་ཀྱིས་དེ་གོ་མ་མྱོང་། ད་ལྟའང་ད་དུང་གསལ་བོར་དྲན་བཞིན་པ་ཞིག་ནི། ཁོང་ལ་སྙན་ཞིང་འཇེབས་པའི་སྐད་ངག་ཅིག་ཡོད་ལ། ཁོང་གིས་མ་ཨ་སྟག་ལྷ་མོའི་སྒྲུང་མགུར་དག སྙན་ཞིང་ལྷོད་བག་ལྡན་པའི་དབྱངས་ལ་བཀུག་ནས་གཏོང་བཞིན་ཡོད། སྐབས་དེར་སྒྲུང་མགུར་དེ་དག་གེ་སར་སྒྲུང་གི་ཆ་ཤས་ཤིག་ཡིན་པ་མ་ཤེས་མོད། ངེད་ཀྱིས་ད་ལྟ་ཡང་སྐབས་དེའི་དཔའ་བོའི་གཏམ་རྒྱུད་ཁྲོད་ཀྱི་འཐབ་འཁྲུག་དག་རེ་རེ་བཞིན་གསལ་བོར་དྲན་པ་མ་ཟད། སྒྲུང་གཏམ་ཁྲོད་ཀྱི་འཇིགས་སུ་རུང་བའི་དཔའ་རྒོད་མི་སྣ་དག་དང་། དཔའ་སྟོབས་ཆེ་བའི་བུད་མེད་མ་ཨ་སྟག་ལྷ་མོ་འཐབ་འཁྲུག་གང་མང་གི་གཡུལ་ཁྲོད་དུ་ཞུགས་ཤིང་། ཁོང་མོའི་རལ་གྲི་ཡང་མི་བསད་པའི་ཤ་ཚིལ་གྱིས་གཡོགས་ནས་ཡོད་པའི་གཏམ་རྒྱུད་དག་གསལ་བོར་དྲན། རི་སྒང་དུ་སྡོད་རིང་མཚན་མོ་རེ་རེ་བཞིན་དུ་གླིང་སྒྲུང་དེ་དག་རྒྱུན་རིང་བོར་བཤད་ཀྱིན་ཡོད་ལ། མཚན་འཛོམས་ཐོག་ཏུ་ཆང་ཡང་འདྲེན་བཞིན་ཡོད། ཁ་ཤས་སྒྲུང་ལ་ཉན་བཞིན་གཉིད་ཁུག་འགྲོ་ཞིང་། ཡང་ཁ་ཤས་ཀྱིས་གླུ་ལེན་གར་རྩེད་སོགས་གང་འདོད་དུ་བྱེད། འདུ་འཛོམས་དེ་དག་ནི་གོ་སྒྲིག་བྱེད་མཁན་དང་ཆོས་ལུགས་ཀྱི་ཆོ་ག་འདོན་པ་སོགས། གང་ཡང་མི་དགོས་པའི་རང་འགུལ་གྱི་སྟོན་མོ་འབའ་ཞིག་ཡིན།

  ཨ་ཕ་རྒྱ་ཐར་གྱིས་གཏམ་རྒྱུད་ཚང་མ་མཚན་གཅིག་ལ་བཤད་པ་ཡིན་ནམ། ཡང་ན་ཁོང་གིས་ལེ་ཚན་རེ་རེ་བཞིན་དུ་བཤད་པ་ཡིན། དྲང་མོར་ཞུས་ན་དེ་ངེད་ཀྱིས་ད་ལྟ་གསལ་བོ་ཞིག་དྲན་གྱིན་མི་འདུག གང་ལྟར། ཨ་ཕ་རྒྱ་ཐར་ཆེད་དུ་གེ་སར་སྒྲུང་བཤད་མཁན་གྱི་སྒྲུང་པ་ཞིག་མ་རེད་ལ། ཁོས་དུས་སྟོན་གཞན་པའི་ཐོག་ཏུ་སྒྲུང་བཤད་བཞིན་ཡོད་མེད་ཀྱང་ངེད་ཀྱིས་མ་ཤེས། ངེད་ཀྱིས་ཁོང་གིས་སྒྲུང་བཤད་བཞིན་པ་རི་སྒང་གི་འདུ་འཛོམས་ཐོག་གཅིག་པུ་ནས་མཐོང་བ་ཡིན། ཕལ་ཆེར་ཁོང་ཆེད་ལས་སྒྲུང་པ་བཞིན་མི་གཞན་པའི་ཁྱིམ་དུ་གདན་དྲངས་ནས་སྒྲུང་བཤད་མྱོང་ཡང་ཡོད་རྒྱུ་མ་རེད། བོད་དུ་སྒྲུང་གཏམ་སྣ་ཚོགས་བཤད་མཁན་ལ་སྒྲུང་པ་ཞེས་འབོད་བཞིན་ཡོད། བོན་པོ་རྣམས་ཀྱིས་སྒྲུང་བཤད་པ་དེ་ཆོས་ལུགས་ཀྱི་ཁོངས་སུ་རྩི་བཞིན་མེད་པར་བརྟེན། ཁོང་ཚོར་དམིགས་བསལ་གྱི་སྒྲུང་པ་མེད་ལ། ངེད་ཀྱིས་སྒྲུང་བཤད་བཞིན་སྐོར་སྐྱོད་བྱེད་མཁན་དེ་འདྲ་མཐོང་མྱོང་བའང་དྲན་གི་མི་འདུག ཕ་ཡུལ་དུ་དུས་སྟོན་གཞན་དག་གི་ཐོག་ཏུའང་སྒྲུང་བཤད་བཞིན་ཡོད་པ་འདྲ་ཡང་། ངེད་རི་སྒང་གི་འདུ་འཛོམས་ལས་གཞན་པའི་ནང་དུ་མཉམ་ཞུགས་བྱེད་མ་མྱོང་། ལྷ་སར་སྒྲུང་པ་དག་གིས་སྐུ་དྲག་ཁག་གི་ཁྱིམ་དུ་སྒྲུང་བཤད་ཀི་ཡོད་པ་གོ་ཐོས་བྱུང་། འོན་ཀྱང་། དེ་འདྲ་ལ་མཉམ་ཞུགས་བྱེད་པའི་གོ་སྐབས་ཐོབ་མ་མྱོང་།

  བཀའ་འདྲི་གནང་མཁན།

  ཁྱེད་རང་གིས་ནམ་རྒྱུན་མ་ཨ་སྟག་ལྷ་མོ་དང་དཔའ་རྒྱ་ཚ་ཞལ་དཀར་ཞེས་འབོད་བཞིན་པར་དོ་སྣང་བྱུང་། མིང་འབོད་སྟངས་དེ་ཨ་མདོའི་ཕྱོགས་སུ་ཡོངས་གྲགས་ལྟ་བུ་ཞིག་ཡིན་ནམ།

  མཁར་རྨེའུ་བསམ་གཏན།

  ངེད་ཀྱིས་བསམ་ན། གླིང་གི་དཔའ་རྟུལ་ཚོའི་མཚན་གྱི་འགོར་མ་དང་དཔའི་ཐ་སྙད་སྦྱར་ཚུལ་འདི། དམིགས་བསལ་ཤར་ཁོག་ཕྱོགས་ཀྱི་ལུགས་སྲོལ་ཞིག་ཡིན་པ་འདྲ། འོན་ཀྱང་། ཨ་མདོའི་ས་ཆ་གཞན་དུ་དེ་འདྲའི་འབོད་སྟངས་ཡོད་མེད་མ་ཤེས།

  བཀའ་འདྲི་གནང་མཁན།

  བོད་པའི་སྤྱི་ཚོགས་སུ་གེ་སར་ཞེས་མིང་བཏགས་པའི་མི་གཅིག་ཀྱང་མེད་པར་ངེད་རང་རྟག་པར་ཡ་མཚན་སྐྱེ་བཞིན་ཡོད། ཅིའི་ཕྱིར་མིང་དེ་འདྲ་ཞིག་མེད་པའི་རྒྱུ་མཚན་ཁྱེད་ཀྱིས་ཤེས་སམ། དེ་དང་འབྲེལ་བར་བོད་པའི་སྤྱི་ཚོགས་སུ་གླིང་གི་དཔའ་རྟུལ་གཞན་པའི་མིང་འདོགས་སྲོལ་ཡོད་དམ།

  མཁར་རྨེའུ་བསམ་གཏན།

  ངེད་མཁར་རྨེའུ་ཚང་གི་ནང་མིའི་ཁྲོད་དུ། དཀར་ཐིག་སྨན་དང་ཁྲོ་འཚོ་ཟེར་བའི་བུ་མོ་གཉིས་ཡོད། ཧྥ་རན་སིར་གླིང་གེ་སར་སྐོར་ལ་ཞིབ་འཇུག་བྱེད་སྐབས། རང་གིས་ངོ་ཤེས་པའི་བོད་མིའི་ཁྲོད་དུ་དེ་འདྲ་ཞིག་ལས་དྲན་མ་བྱུང་། ཁྲོ་འཚོ་ཟེར་བ་ནི་གླིང་གི་རུ་སྡེའི་ཁྲོད་དུ་སྐད་གྲགས་ཆེ་བའི་བུད་མེད་བཅུ་གསུམ་ཡོད་པའི་གྲས་ཀྱི་གཅིག་ཡིན་ལ། ཁོང་མོ་ནི་རང་གི་ཚ་བོ་དགྲ་རུ་འཛིན་མཁན་ཨ་ཁུ་གདུག་སེམས་ཅན། དཔོན་པོ་ཁྲོ་ཐུང་གི་བུ་མོ་ཡིན་པའང་ཤེས་རྟོགས་བྱུང་། ཁྲོ་འཚོ་ཟེར་བ་ནི་ཅུང་ཟད་ཡོངས་ཁྱབ་ཀྱི་མིང་ཞིག་ཡིན་མོད། དཀར་ཐིག་སྨན་ཟེར་བའི་མིང་དེ་ང་ཚོའི་ཁྱིམ་མི་ལས་གཞན་མིང་དེ་བཏགས་ཡོད་མཁན་ཞིག་མཐོང་ཐོས་མ་བྱུང་། དེ་བཞིན་གེ་སར་ཞེས་པའི་མིང་ཅན་གྱི་བོད་པ་ཞིག་ཀྱང་མཐོང་མ་མྱོང་། རྒྱུ་མཚན་ཅི་ཡིན་མི་ཤེས། ད་ལྟའི་འབྲུག་པའི་རྒྱལ་བོའི་མིང་གི་ཁྲོད་དུ་གེ་སར་ཞེས་པའི་ཚིག་དེ་ཡོད་མོད། ཡིག་ཐོག་ཏུ་འབྲི་སྐབས་"ཁེ་སར་"ཞེས་མི་འདྲ་བ་ཞིག་འབྲི་བཞིན་འདུག ཕྱོགས་གཞན་ཞིག་ནས། བོད་པའི་སྤྱི་ཚོགས་ཁྲོད་དུ་གེ་སར་གྱི་བཙུན་མོ་འབྲུག་མོའི་མིང་གིས་འདོགས་པ་ནི་ཡོངས་ཁྱབ་ཅིག་རེད། འོན་ཀྱང་། ཨ་སྟག་ལྷ་མོ་ཟེར་བ་ཞིག་ད་བར་གོ་མ་མྱོང་། ངེད་མཁར་རྨེའུ་ཚང་གི་རྟ་ཡག་ཤོས་དེའི་མིང་ལ་རྐྱང་རྒོད་ཟེར། དེ་ནི་གླིང་གེ་སར་རྒྱལ་བོའི་ཆིབས་རྟའི་མིང་ཡང་ཡིན་ལ། མདོ་སྨད་ཕྱོགས་ལ་ཡོངས་སུ་གྲགས་པའི་རྟ་མིང་ཞིག་ཀྱང་ཡིན། མཁར་རྨེའུ་ཚང་གི་མི་སུ་ཞིག་གིས་རྟ་མིང་དེ་བཏགས་པ་མ་ཤེས་མོད། ཏན་ཏན་གེ་སར་གྱི་སྒྲུང་ལ་རྒྱུས་ཡོད་མཁན་ཞིག་གིས་མིང་དེ་བཏགས་པ་ཡིན་རྒྱུ་རེད། རྐྱང་རྒོད་ཅེས་པའི་རྐྱང་ནི་རྟའི་ཁ་དོག་སྨུག་པོ་ཡིན་པའི་དོན་ཡིན་ལ། རྒོད་ཅེས་པ་ནི་མ་བཏུལ་པའམ་སྤྱང་པོ་དང་འཇོན་ནུས་ཅན་ལའང་གོ་བཞིན་ཡོད།

  བཀའ་འདྲི་གནང་མཁན།

  མིའི་རིགས་རིག་པའི་མཁས་དབང་། བལ་ཡུལ་ཁོངས་སུ་ཡོད་པའི་བོད་དང་འབར་མའི་མི་རྒྱུད་སྐོར་ལ་ཞིབ་འཇུག་གནང་མཁན། ཧྥི་ལི་པི་ས་གང་(Philippe Sagant) ལགས་དང་ཁྱེད་གཉིས་ཀྱིས་མཉམ་དུ། 《ཕོ་རྩལ་སྣ་དགུ》ཞེས་པའི་དཔེ་ཆ་དེ་རྩོམ་འབྲི་གནང་སྐབས། དེབ་དེའི་ནང་གི་ཚན་པ་གཅིག་རྔོན་ལས་ཀྱི་སྐོར་ལ་བྲིས་འདུག་ལ། དེ་ནི་དམིགས་བསལ་རི་དྭགས་ཤྭ་བ་དང་དེ་དང་འདྲ་བར་རྭ་ཅོ་ཅན་གྱི་བདག་མེད་ལུག་རྒོད་རིགས་ཤིག་རྔོན་བྱེད་ཚུལ་སྐོར་རེད་འདུག བྷིར་ཡ་ཐུ (Buryatians) མི་རིགས་སྐོར་གྱི་ཆེད་ལས་ཞིབ་འཇུག་པ། རོ་བར་ཏེ་ཧ་མ་ཡོན་(Roberte Hamayon)ལགས་ཀྱི་བྷིར་ཡ་ཐུ་མི་རིགས་སྐོར་གྱི་རྩོམ་ཡིག་ཁྲོད་དུ། མི་རྣམས་ཀྱིས་ལུག་རྒོད་དེའི་རིགས་རྔོན་མ་བྱས་གོང་དུ། སྲོལ་རྒྱུན་གྱི་དཔའ་སྒྲུང་གླུ་རུ་གྱེར་རྒྱུ་དེ་ཧ་ཅང་གིས་གལ་ཆེན་པོར་རྩི་བཞིན་ཡོད། ཁོང་ཚོས་རྔོན་ལས་ལེགས་འགྲུབ་འབྱུང་མིན་གཙོ་བོ་ཡང་། དཔའ་སྒྲུང་གླུ་རུ་གྱེར་བའི་ཆོ་ག་ཡག་སྡུག་ལ་བརྟེན་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་འདུག། བོད་ཤར་ཕྱོགས་ཁྱེད་ཀྱི་གྲོང་གསེབ་ཏུ་རི་དྭགས་རྔོན་བྱེད་སྐབས་ལུགས་སྲོལ་གང་འདྲ་ཡིན་ནམ།

  མཁར་རྨེའུ་བསམ་གཏན།

  རྔོན་མ་བརྒྱབ་སྔོན་དུ་དཔའ་སྒྲུང་གླུ་རུ་གྱེར་ཚུལ་དེ་འདྲ་ཐོས་མ་མྱོང་། ངེད་ཀྱི་གྲོང་གསེབ་ལ་མཚོན་ན། སྒྲུང་གྱེར་བཤད་བྱེད་རྒྱུ་དེ་དུས་ཚོད་དམིགས་བསལ་བ་ཞིག་ལ་འབྲེལ་བ་མེད། གལ་ཆེ་བ་ཞིག་ལ། ཕ་ཡུལ་དུ་བོན་པོའི་དགོན་པ་ཁག་གི་ནང་དུ། ཐུབ་པའི་དགོན་པ་དང་ཁྱིམ་གྱི་མཆོད་ཁང་ནང་བཞིན། སྒྲུང་བཤད་ཉན་བྱེད་ཆོག་གི་ཡོད་པ་མ་རེད། གྲྭ་པ་རྣམས་ཀྱིས་མི་ཚེ་དགོན་པའི་ཐོས་བསམ་ལ་བསྐྱལ་དགོས་སྟབས། བརྩེ་དུང་གི་སྒྲུང་གཏམ་ལ་ཉན་པ་ནི་ཆོས་ཀྱི་ཉམས་ལེན་དང་འབྲེལ་བ་མེད་པ་ཞིག་རེད། དེ་བཞིན་དུ། འབྲུག་པ་ཀུན་ལེགས་དང་ཨ་ཁུ་སྟོན་པའི་གཏམ་རྒྱུད་ཁྱད་མཚར་བོ་ཁ་ཤས་ཀྱང་། ཁྱིམ་དང་མཆོད་ཁང་ནང་སོགས་སུ་བཤད་ཉན་བྱེད་ཆོག་གི་མེད་པ་རེད།

  བཀའ་འདྲི་གནང་མཁན།

  ཉེ་ལམ་བོད་རིག་པ་བ་དང་སྐད་བརྡ་རིག་པའི་ཆེད་མཁས། བོན་དང་གཏེར་མའི་སྐོར་ལ་ཆེད་ལས་གནང་མཁན། ཨ་ནེ་མ་རི་བུ་ལོན་དོ་ (Anne-Marie Blondeau)དང་། བོད་དང་རྒྱ་ནག་སྐོར་གྱི་ཆེད་མཁས། ལྷག་པར་ལོ་རྒྱུས་དང་ས་ཁམས་རིག་པའི་མཁས་པ། ཨ་ནེ་ཆ་ཡེ་ (Anne Chayet) ལགས་གཉིས་ཀྱིས། བོན་པོ་ཞིག་གིས་བརྩམས་པའི་གེ་སར་སྒྲུང་རྩོམ་སྒྲིག་པར་བསྐྲུན་གནང་འདུག་ལ། ཁྱེད་ཀྱིས་ཀྱང་དེབ་དེའི་ཁྲོད་དུ་རྩོམ་ཡིག་གི་ལེགས་སྐྱེས་ཕུལ་འདུག དེའི་སྐོར་འགྲེལ་བཤད་ཅིག་གནང་རོགས།

  མཁར་རྨེའུ་བསམ་གཏན།

  བོད་རིག་པའི་མཁས་པ་ཨ་ནེ་མ་རི་བུ་ལོན་དོ་དང་ཨ་ནེ་ཆ་ཡེ་གཉིས་ཀྱིས་རྩོམ་སྒྲིག་གནང་བའི་དེབ་དེ། ཁྱུང་པོ་དང་ཧོར་གྱི་འབྲེལ་མཚམས་སུ་ཡོད་པའི་ཡུལ་དམར་རོང་མི་རྒྱུད་ཀྱི་དཔོན་པོ་ཡིན་པ། བོན་པོ་དབང་ཆེན་ཉི་མ་ལགས་ཀྱིས་བརྩམས་གནང་བ་རེད་འདུག་ལ། ཁོང་གི་མི་རྒྱུད་ཀྱིས་གླིང་སྒྲུང་སྐོར་ལ་དཔེ་ཆ་མང་བོ་བྲིས་ཡོད་ཚོད་འདུག ལེའུ་གསུམ་མ་གཏོགས་ཁ་མི་ཚང་བའི་གེ་སར་སྒྲུང་དཔེ་འདི། ཕྱི་ལོ་༡༩༢༤ལོར་ལྷ་སར་སླེབས་པའི་ནུབ་ཕྱོགས་ཀྱི་བུད་མེད་ཐོག་མ། ཨ་ལེ་ཟན་ཏྲི་ར་དེ་བི་དི་ནེལ་(Alexandra David-Neel) ལགས་ཀྱི་ཤུལ་དངོས་ཕྱོགས་བསྡུས་དང་དཀར་ཆག་སྒྲིག་བཞིན་པའི་སྐབས་སུ་ཐོག་མར་བདག་གིས་རྙེད་བྱུང་། མི་སུ་ཞིག་གིས་ཀྱང་ཁོང་མོར་དཔེ་ཆ་དེ་ས་ཆ་གང་ཞིག་ནས་ཇི་ལྟར་རྙེད་པའི་སྐོར་ཤེས་རྟོགས་བྱུང་མི་འདུག དབང་ཆེན་ཉི་མ་ལགས་རང་ཉིད་སྒྲུང་པ་ཞིག་མིན་ནའང་། ལོ་རྟག་པར་དགྲ་འདུལ་ཆེད་དུ་གེ་སར་དམག་ཟློག་བྱེད་སྲོལ་ཡོད་འདུག དེ་བཞིན་དམར་རོང་ཕྱོགས་སུ་བོན་པོ་རྣམས་ཀྱིས་ཆོས་ལུགས་དང་འབྲེལ་ནས། གེ་སར་གྱི་འཆམ་རྒྱག་སྲོལ་ཡོད་ཀྱང་ངེད་ཀྱི་ཕ་ཡུལ་ཤར་ཁོག་ཏུ་ལུགས་སྲོལ་དེ་འདྲ་མེད།

  སྤྱིར་བཏང་གེ་སར་གླིང་བྲོ་འཆམ་སྲོལ་དེ་ནི་རྫོགས་ཆེན་སྐུ་ཕྲེང་ལྔ་པས་གསར་བཏོད་གནང་ཤིང་། རྙིང་མའི་ཆོས་བརྒྱུད་ཀྱི་ཁོངས་སུ་རྒྱུན་འཛིན་བྱས་ཡོད་ལ། དེའི་ཁུངས་གཙོ་བོ་དེ་འཇུ་མི་ཕམ་རིན་པོ་ཆེའི་(༡༨༤༦-༡༩༡༢) གླིང་བྲོའི་ཕྱག་ལེན་བརྒྱུད་ནས་བྱུང་བ་ཡིན་འདུག སྤྱིར་གླིང་བྲོ་གསར་པ་དེ་འདྲ་འབྱུང་བཞིན་པར་ཧ་ལས་དགོས་པ་མི་འདུག བོད་དང་རྒྱ་ནག་སྐོར་གྱི་ཆེད་མཁས་དགེ་རྒན་ཆེན་མོ། ལྷག་པར་གེ་སར་སྐོར་ལ་ཆེད་དུ་ཞིབ་འཇུག་མཐར་ཕྱིན་གནང་མཁན། རོ་ལི་ཧྥ་སི་ཏན་ (Rolf Stein) ལགས་ཀྱིས་གསུངས་པ་བཞིན། གེ་སར་སྒྲུང་ནི་ནམ་ཡང་ཚར་རྒྱུ་མེད་པའི་གཏམ་རྒྱུད་ཅིག་རེད། གླིང་སྒྲུང་གསར་པ་གང་མང་ཐོན་བཞིན་ཡོད་ལ། དེ་དག་མུ་མཐུད་དུ་གྱེར་འདོན་ཡང་བྱེད་བཞིན་ཡོད། དམར་རོང་བོན་པོ་རྣམས་ཀྱིས་གེ་སར་ནི་དགྲ་ལྷ་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད། ཕྱོགས་གཅིག་ནས། འཇུ་མི་ཕམ་གྱིས་གླིང་སྒྲུང་ཁྲོད་དུ་ཆོས་ལུགས་ཀྱི་ལྟ་ཚུལ་ཧ་ཅང་མང་བོ་ཞིག་བསྣན་ཡོད། ཡིན་ན་ཡང་གནད་དོན་མགོ་རྙོག་ཅིག་ཡོད་པ་ནི། བོན་ལུགས་ཀྱི་གླིང་སྒྲུང་ཁྲོད་དུ་ཡང་གེ་སར་ནི་གུ་རུ་རིན་པོ་ཆེའི་སྤྲུལ་བ་ཡིན་ཚུལ་བཤད་ཡོད་པ་དེ་རེད། ལྟ་ཚུལ་དེ་འཁྱེར་ཡོང་མཁན་འཇུ་མི་ཕམ་རེད། ཐུབ་པའི་ཆོས་ལུགས་ཀྱི་ཤུགས་རྐྱེན་སྒྲུང་དེའི་མགོ་མཇུག་བར་གསུམ་དུ་ཡོད་པར་བརྟེན། ང་ཚོས་འདོར་ཐབས་མེད་པ་ཞིག་ཡིན་ན་ཡང་། སྤྱིར་བོན་པོ་རྣམས་ནི་སྐྱ་བོའི་རྣམ་པ་ཅན་གྱི་གེ་སར་ལས། ཆོས་པའི་ངོ་བོར་བཞེངས་པའི་གེ་སར་ལ་དོ་སྣང་ཆུང་བ་ཡོད་པ་རེད།

  བཀའ་འདྲི་གནང་མཁན།

  ཁྱེད་རང་ཐོག་མར་ཧྥ་རན་སིར་ཕེབས་སྐབས། གླིང་སྒྲུང་སྐོར་གྱི་ཆེད་མཁས་པ་གྲགས་ཅན། དགེ་རྒན་ཆེན་མོ་རོ་ལི་ཧྥ་སི་ཏན་ལགས་དང་མཇལ་འཕྲད་བྱུང་འདུག་ལ། ཁྱེད་ཀྱིས་ཁོང་དང་མཉམ་དུ་ཕྱག་ལས་ཀྱང་གནང་འདུག ཡིན་ན་ཡང་ཁྱེད་གཉིས་ཀྱི་གླིང་སྒྲུང་སྐོར་གྱི་ལྟ་སྟངས་ལ་མི་འདྲ་བ་ཆེན་པོ་ཡོད་འདུག ནུབ་ཕྱོགས་བོད་རིག་པའི་ཚན་རིག་པ་ཞིག་དང་བོད་ཀྱི་ཞིབ་འཇུག་པ་ཞིག་གཉིས་ཐོག་མར་མཇལ་འཕྲད་དང་། དེ་ནས་མཉམ་ལས་གནང་ཚུལ་སོགས་ཀྱི་སྐོར་ཞིག་གསུངས་རོགས།

  མཁར་རྨེའུ་བསམ་གཏན།

  ཕྱི་ལོ་ ༡༩༧༠ ལོའི་ལོ་སྟོད་ཅིག་ལ། སློབ་དཔོན་ཆེན་མོ་རོ་ལི་ཧྥ་སི་ཏན་ལགས་ཀྱིས་ཧྥ་རན་སིའི་ཞིབ་འཇུག་སློབ་གླིང་l’École Pratique des Hautes-Étudesདུ། བོད་མདོ་སྨད་ཕྱོགས་སུ་དར་བའི་གེ་སར་སྒྲུང་དང་འབྲེལ་ནས་འཆད་ཁྲིད་འགའ་ཤས་རིམ་པར་་གནང་བྱུང་། འཆད་ཁྲིད་དེར་བོད་རིག་པའི་མཁས་པ་མི་རེལ་ཧེལ་ཧྥ་དང་། ཨ་ནེ་མ་རི་བུ་ལོན་དོ། ཨ་ནེ་ཆ་ཡེ། བོད་དང་འབྲེལ་བའི་ཏུན་ཧོང་ཡིག་རྙིང་སྐོར་གྱི་ཆེད་མཁས། ཉི་ཧོང་པ་ཡོ་ཤེ་རོ་ཨེ་མ་ད། (Yoshiro Imaeda) སོགས་མཁས་པ་མང་པོ་བཅར་འདུག སྐབས་དེར་། ངའི་ཧྥ་རན་སིའི་སྐད་ཡིག་གི་ཆུ་ཚད་ད་དུང་དམའ་བོ་ཡིན་པར་བརྟེན་ཆ་ཚང་བ་ཞིག་ཧ་གོ་མ་སོང་། དེའི་རྗེས་སུ་རིམ་བཞིན་ཁོང་གིས་བརྩམས་པའི་གེ་སར་སྒྲུང་སྐོར་གྱི་རྩོམ་ཡིག་དང་དཔེ་དེབ་ཁག་བཀླགས་པ་ཡིན། ཁོང་གི་རྩོམ་ཡིག་ཚང་མ་ཧྥ་རན་སིའི་སྐད་ཡིག་ནང་དུ་བྲིས་གནང་ཡོད། སྐབས་དེ་དག་ཏུ། ཞིབ་འཇུག་པ་མི་རེལ་ཧེལ་ཧྥ་ལགས་ཀྱིས་ཕྱི་ལོ་༡༩༧༧ ལོའི་གླིང་སྒྲུང་སྐོར་གྱི་མཐར་ཕྱིན་དཔྱད་རྩོམ། 《བོད་ཀྱི་གླིང་སྒྲུང་རྟ་རྒྱུགས་དཔྱིད་ཀྱི་ཉི་མའི་ཁྲོད་ཀྱི་མགུར་གླུ་ཁག》ཅེས་པ་བྲིས་ཡོད་པ་ལས། གཞན་སྐབས་དེར་གླིང་སྒྲུང་སྐོར་ལ་དོ་དབྱིངས་ཆེན་པོ་ཡོད་མཁན་སློབ་དཔོན་ཁོང་གཅིག་བུ་ཙམ་རེད། སློབ་དཔོན་རོ་ལི་ཧྥ་སི་ཏན་ཁོང་གིས་སྐབས་དེའི་གཏམ་བཤད་སྒྲ་འཇུག་དེ་འགྲེལ་སྤེལ་ཆེད་དུ་པར་བཤུས་བྱེད་པར་བདག་ལ་རེ་བ་བཏོན་མྱོང་།

  རྗེས་སུ་རིམ་བཞིན། ངེད་ཀྱིས་ཁོང་དཔེ་དེབ་གཞན་པ《བོད་ཀྱི་བླ་མའི་ལུགས་ཀྱི་གླིང་སྒྲུང》ཞེས་པ་དེ་བཀླགས་པ་ཡིན་ལ། དེ་ནི་གཙོ་བོ་དཔེ་ཆ་གསུམ་གྱི་སྙིང་དོན་བསྡུས་བསྒྱུར་བྱས་པ་ལྟ་བུ་ཞིག་རེད་འདུག ཁོང་གི་དཔེ་དེབ་གཞན་པ་གྲགས་ཅན《བོད་ནང་གི་གེ་སར་སྒྲུང་དང་སྒྲུང་པའི་སྐོར་གྱི་ཞིབ་འཇུག》ཅེས་པའི་དེབ་དེ་ཤིན་ཏུ་རྒྱས་པས་དེའི་གོ་དོནལས་སླ་བོར་རྙེད་མི་ཐུབ། གང་ལྟར། ཁོང་དང་མཉམ་དུ་གེ་སར་སྒྲུང་སྐོར་ལ་བགྲོ་གླེང་མང་པོ་བྱས་པས་ཕན་ཐོགས་ཆེན་པོ་བྱུང་། ཕྱི་ལོ ༡༩༦༦ནས༡༩༨༡བར་དུ། ཁོང་གིས་ཧྥ་རན་སིའི་སློབ་ཆེན་དུ་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་སྐབས། ངེད་ལ་སློབ་གྲྭ་དེ་རུ་ཞིབ་འཇུག་ལས་རོགས་ཤིག་གི་མིང་ཙམ་ཡོད་པ་རེད། ནམ་རྒྱུན་ངེད་གཉིས་ཀྱིས་ཁོང་གི་ཞིབ་འཇུག་བྱེད་ཡུལ་དཔེ་ཆ་ཁག་མཉམ་དུ་ཀློག་བཞིན་ཡོད་ལ། མཚམས་རེར་ཁོང་གིས་ཧྥ་རན་སིའི་རྒྱལ་ཡོངས་དཔེ་མཛོད་ཁང་དུ་ཡོད་པའི་དཔེ་ཆ་མང་བོ་ཞིག་གི་ཐོ་གཞུང་གནང་གི་རེད་ལ། ངེད་ཀྱིས་དཔེ་དེབ་དེ་དག་བཀླགས་རྗེས། ཁོང་ལ་དེ་དག་གི་སྙིང་དོན་ཞུ་དགོས་ཡོད་རེད།

  ཞིབ་འཇུག་མཉམ་ལས་དེ་ལ་བརྟེན་ནས། ཐུབ་པའི་གསང་སྔགས་སྐོར་གྱི་དཔེ་ཆ་མང་བོ་ཞིག་ཀློག་རྒྱུའི་གོ་སྐབས་བྱུང་། ཁོང་གིས་དཔེ་དེབ་དེ་དག་ཀློག་དགོས་པའི་ཐོ་གཞུང་སྤྲད་མེད་ན། ཕལ་ཆེར་ངེད་ཀྱིས་དཔེ་ཆ་དེ་དག་ཀློག་ཐུབ་ཡོད་རྒྱུ་མ་རེད། སྐབས་དེར། ཁོང་གིས་རུ་ཏྲ་(Rudra) དང་། ལྕགས་ཀྱི་ཞལ་འབགས་ཟ་བྱེད་ཅེས་པའི་འབྱུང་ཁུངས་སྐོར་ལ་ཞིབ་འཇུག་བྱེད་བཞིན་ཡོད། སློབ་དཔོན་ཁོང་ནམ་རྒྱུན་རྒྱ་དང་བོད་གཉིས་བར་གྱི་ཤུགས་རྐྱེན་དང་། ཕན་ཚུན་དཔེ་བཤུས་བྱས་ཡོད་མེད་སྐོར་ལ་ཞིབ་འཇུག་བྱེད་རྒྱུར་སྤྲོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན། གལ་སྲིད། ཁོང་གི་ཞིབ་འཇུག་བརྗོད་གཞི་གཙོ་བོ་རྒྱ་ནག་གི་སྐོར་ཡིན་ན་ཡང་། ཁོང་གིས་རྒྱ་ནག་མཐའ་མཚམས་ས་ཁུལ་ལ་སྐབས་དེར་ག་རེ་བྱེད་བཞིན་ཡོད་པ་ཞིབ་འཇུག་བྱེད་རྒྱུ་ནམ་ཡང་བརྗེད་མི་སྲིད། རྒྱུ་མཚན་དེ་དག་ལ་བརྟེན་ནས། བོད་ཀྱི་ཞིབ་འཇུག་དེ་ཁོང་གིས་ཧ་ཅང་གལ་ཆེན་པོར་རྩི་བཞིན་ཡོད། ཁོང་གིས་སློབ་ཆེན་དུ་ངོ་སྤྲོད་གསུངས་བཤད་གནང་སྐབས་ཤིག་ལ། ངེད་ཀྱིས་ཁོང་གི་ཕུགས་ཀྱི་བསམ་ཚུལ་དེ་ཤེས་བྱུང་། ཁོང་གིས་ནམ་རྒྱུན་བོད་རྒྱ་གཉིས་བར་གྱི་དངོས་པོ་དང་ཅ་ལག་འདྲ་མིན་བསྡུར་ནས། དེ་ལ་ཕན་ཚུན་གྱི་ཤུགས་རྐྱེན་དང་ཕན་ཚུན་ནས་དཔེ་བཤུས་བྱས་ཡོད་མེད་རྩད་གཅོད་གནང་གི་རེད།

  ཁོང་གི་དཔེ་དེབ《བོད་ནང་གི་གེ་སར་སྒྲུང་དང་སྒྲུང་པ》ཞེས་པ་དེ་ལས། ཁོང་གིས་གེ་སར་ནི་ལོ་རྒྱུས་ཀྱི་མི་སྣ་དངོས་ཤིག་ལ་རྩི་བཞིན་མེད་པ་ཐོག་མར་ཤེས་རྟོགས་བྱུང་། བོད་པ་སྤྱི་དང་འདྲ་བར་ངེད་ཀྱིས་སྐབས་དེར། གེ་སར་ནི་དུས་རབས་བཅུ་པར་བྱོན་པའི་གླིང་གི་རྒྱལ་བོ་དངོས་གནས་ཤིག་ཏུ་རྩི་བཞིན་ཡོད་པར་བརྟེན། ནུབ་ཕྱོགས་ཀྱི་ཞིབ་འཇུག་པ་རྣམས་ཀྱིས་གེ་སར་དེ་སྒྲུང་གཏམ་ཁྲོད་ཀྱི་དཔའ་བོ་ཞིག་ལས། ལོ་རྒྱུས་དངོས་ཀྱི་མི་སྣ་ཞིག་ལ་རྩི་བཞིན་མེད་པར་ཤེས་སྐབས་ཅུང་ཟད་ཧང་སངས་སོང་། བོད་མི་རྣམས་ལ་མཚོན་ན། གེ་སར་དེ་དངོས་སུ་བྱུང་པའི་མི་སྣ་ཞིག་ཡིན་ན་ད་གཟོད་རྒྱུ་མཚན་དང་ལྡན་པ་ཡིན། གཞན་ཅིའི་ཕྱིར་དངོས་སུ་མེད་པའི་མི་སྣ་ཞིག་གི་ཕྱིར་དུ། དུས་ཚོད་དང་རྒྱུ་ནོར་མང་བོ་ཆུད་ཟོས་སུ་གཏོང་དགོས་པ་རེད། དེར་བརྟེན། བོད་རང་གི་ཞིབ་འཇུག་པ་ཚོས་གེ་སར་ལོ་རྒྱུས་ཀྱི་མི་སྣ་དངོས་ཤིག་ཡིན་པར་སྒྲུབ་ཐབས་བྱས་ཡོད་པ་མ་ཟད། ཐ་ན་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ཀྱང་བཀོད་ཡོད། རིང་པོ་མ་ཐོགས་པར་ངེད་ཀྱིས་ཀྱང་གེ་སར་གྱི་སྒྲུང་ནི། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མི་སྣའི་སྣང་བརྙན་ཐོག་ཏུ་འབྲི་བཞེངས་བྱས་པའི་སྒྲུང་གཏམ་ཙམ་ཞིག་ཡིན་པ་རྟོགས་བྱུང་། ཉེ་ཆར་བོད་ཀྱི་ཞིབ་འཇུག་པ་ཞིག་གིས་མ་ཨ་སྟག་ལྷ་མོ་ཡང་སྣང་བརྙན་གྱི་མི་སྣ་ཞིག་ཡིན་པ་བཤད་འདུག སྔོན་ཆད་སུས་ཀྱང་ངོས་ལེན་དེ་འདྲ་གནང་མྱོང་ཡོད་མ་རེད།

  བཀའ་འདྲི་གནང་མཁན།

  བོད་རིག་པའི་ཞིབ་འཇུག་པ་མི་རེལ་ཧེལ་ཧྥ་ལགས་ནི། བོད་ཀྱི་ཆོས་ལུགས་དང་རོལ་མོ་སོགས་ཀྱི་ཡོ་ཆས་དང་། དེ་དག་གི་འབྱུང་ཁུངས་དང་བྱེད་ལས་ཀྱི་སྐོར་ལ་དོ་དབྱིངས་ཡོད་མཁན་ཞིག་ཡིན་པས། སྔོན་ཆད་ཁོང་མོས་དེའི་སྐོར་ལ་ཞིབ་འཇུག་གཏིང་ཟབ་གནང་ཡོད་པ་རེད། ཁོང་མོས་ཡུལ་དངོས་ལ་ཞིབ་འཇུག་མང་བོ་གནང་མྱོང་ཡོད་ལ། ཁོང་མོས་རོལ་མོ་རིག་པ་ཙམ་མིན་པར་མིའི་རིགས་རིག་པ་དང་། བརྡ་སྤྲོད་རིག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཞིབ་འཇུག་ཀྱང་གནང་ཡོད་པ་རེད། དུས་སྐབས་དེ་འདྲའི་ནང་དུ། བུད་མེད་ཅིག་གིས་སྐུ་རིམ་གསོལ་འདེབས་སོགས་ཀྱི་སྐོར་ཞིབ་འཇུག་བྱེད་བཞིན་པར་ལྟ་ཚུལ་ག་རེ་བྱུང་།

  མཁར་རྨེའུ་བསམ་གཏན།

  སྤྱི་ཡོངས་ནས། བོད་རིག་པའི་ཁྲོད་དུ་སྐབས་དེར་བརྗོད་གཞི་འདི་རིགས་ལ་དོ་དབྱིངས་བྱེད་མཁན་ཡོད་མ་རེད། ངེད་རང་ཉིད་ཀྱིས་དམིགས་བསལ་ཁྱད་མཚར་པོ་དེ་འདྲ་མཐོང་མ་སོང་། འོན་ཀྱང་། བུད་མེད་ཅིག་གིས་སྐབས་དེར་བོད་ཀྱི་དགོན་པའི་འདོན་ཆོག་དང་རོལ་ཆས་སྐོར་ལ་ཞིབ་འཇུག་བྱེད་བཞིན་འདུག་ཟེར་ན། དེ་བོད་པ་མང་བོ་ཞིག་ལ་འགྲེལ་བཤད་བྱེད་དཀའ་བ་ཞིག་ཡིན་རྒྱུ་རེད། དེ་ལ་རྒྱུ་མཚན་མང་བོ་ཡོད་པ་ལས། དཔེར་ན། ཆོས་ལུགས་ཀྱི་བྱེད་སྒོ་ཁ་ཤས་ལ་བུད་མེད་མཉམ་ཞུགས་བྱེད་མི་ཆོག་པ་དེ་འདྲ་ཡང་ཡོད་པ་རེད། ངེད་རང་ལ་མཚོན་ན། སྔོན་མ་ནས་ཧྥ་རན་སིའི་ཞིབ་འཇུག་པ་རྣམས་དང་ཁོང་ཚོའི་ཞིབ་འཇུག་གི་ཐབས་ལམ་ལ་རྒྱུས་མངའ་ཆེན་པོ་ཡོད། དཔེར་ན། ངེད་ཀྱིས་མི་རེལ་ཧེལ་ཧྥ་ལགས་དང་མཉམ་དུ། ཁོང་མོའི་ཞིབ་འཇུག་དང་འབྲེལ་ཡོད་ཀྱི་དཔེ་ཆ་མང་བོ་བཀླགས་ཤིང་། དཀའ་གནད་ཅན་གྱི་བརྗོད་ཚིག་མང་བོར་གྲོས་བསྡུར་བྱས་མྱོང་། ཁོང་མོར་མཚོན་ན། མོ་རང་གི་འཆར་གཞི་དང་གང་འདོད་པ་དེ་ཞིབ་འཇུག་བྱེད་ཐུབ་ཡོད་པ་རེད། ཁོང་མོ་ནི་གཙོ་བོ་རྙིང་མ་དང་བོན་པོའི་ཆོས་ལུགས་ཀྱི་རོལ་མོའི་སྐོར་ལ་དོ་དབྱིངས་ཆེན་པོ་ཡོད་མཁན་ཞིག་རེད། ཞིབ་འཇུག་པ་གཞན་གྱིས་ལས་ཀ་དེ་འདྲ་བྱེད་མྱོང་ཡོད་མ་རེད། དེར་བརྟེན། ཁོང་མོའི་ཞིབ་འཇུག་དེ་རྒྱལ་སྤྱིའི་བོད་རིག་པ་དང་འབྲེལ་བའི་དམིགས་བསལ་ཞིག་ཆགས་ཡོད། ངེད་རང་ཉིད་ལ་མཚོན་ན། སྤྱིར་རོལ་མོའི་དབྱངས་ཡིག་གི་འགྲོ་སྟངས་དང་དབྱངས་ཀྱི་རི་མོ་དེ་དག་ཤེས་གི་མེད་ལ། དམིགས་བསལ་རྙིང་མའི་ཆོས་ལུགས་ཀྱི་རོལ་མོའི་སྐོར་ལ་ཆ་རྒྱུས་གང་ཡང་མེད། དེ་དང་འདྲ་བར་འབྲུག་ཡུལ་གྱི་སྐུ་རིམ་གསོལ་འདེབས་ཀྱི་དབྱངས་རྟ་མང་བོ་ཞིག་ཀྱང་། ངེད་ལ་མཚོན་ན་ཆ་མེད་རྒྱུས་མེད་རེད་འདུག ཁོང་ཚོས་ཆོས་ལུགས་བྱེད་སྒོའི་སྐབས་རོལ་ཆས་བེད་སྤྱོད་གཏོང་ཕྱོགས་མང་བོ་ཞིག ངེད་ལ་མཚོན་ན་ཆ་མེད་རྒྱུས་མེད་རེད་འདུག

  སྔོན་མ་ངེད་རང་གྲྭ་གཞོན་ཡིན་སྐབས། ཆོས་ལུགས་ཀྱི་འབུད་རྡུང་དཀྲོལ་གསུམ་སྐོར། གཞན་ལ་ལད་མོ་བྱས་ཏེ་ཉིན་མ་རེ་རེ་བཞིན་དུ་སྦྱངས་པ་ཡིན། སྐབས་དེར་རོལ་མོ་དེ་དག་སློབ་སའི་འཛིན་གྲྭ་དང་དགེ་རྒན། ཡང་ན་རོལ་ཆས་དེ་དག་ཇི་ལྟར་བེད་སྦྱོད་གཏོང་ཕྱོགས་སྐོར་གྱི་དཔེ་ཆ་སོགས་ཡོད་པ་མ་རེད། རོལ་མོའི་དབྱངས་ཡིག་གི་དབྱངས་རྟགས་དེ་དག་མི་ཁ་ཤས་མ་གཏོགས་མི་ཤེས། གྲྭ་གཞོན་སུ་ཡང་རོལ་ཆས་བྱེ་བྲག་པ་ཞིག་ལ་ཆེད་ལས་ཡིན་མཁན་ཡོད་པ་མ་རེད། དེར་བརྟེན། ནོར་འཁྲུལ་ཅུང་ཙམ་རེ་བཟོས་ནའང་ཆེན་པོར་མི་རྩི་བ་རེད། ཡིན་ན་ཡང་། ལོ་རེའི་དགོན་པའི་འཆམ་ཀྱི་ཆེད་དུ་དུང་ཆེན་དང་རྒྱ་གླིང་འབུད་རྒྱུ་དམིགས་བསལ་སྦྱོང་དགོས་པ་རེད། འཆམ་ཡིན་ན་ཡང་གྲྭ་གཞོན་རྣམས་ཀྱིས་བདུན་ཕྲག་མང་བོའི་རིང་དུ་སྦྱོང་བརྡར་བྱས་རྗེས། འཆམ་ཡག་པོ་འཁྲབ་ཤེས་མཁན་རྣམས་བདམ་གསེས་བྱེད་རྒྱུ་རེད།

  བཀའ་འདྲི་གནང་མཁན།

  ཁྱེད་རང་ནུབ་ཕྱོགས་སུ་ཕེབས་རྗེས། འཇིག་རྟེན་གསར་པ་ཞིག་དང་ནུབ་ཕྱོགས་ཀྱི་ཞིབ་འཇུག་བྱེད་སྟངས་མི་འདྲ་བ་ཞིག་ལ་འཕྲད་པ་རེད། དེའི་སྐོར་མ་བཤད་སྔོན་དུ། རང་ཉིད་ཀྱི་བྱིས་དུས་ཀྱི་འཚོ་བའི་སྐོར་ཞིག་གསུངས་རོགས།

  མཁར་རྨེའུ་བསམ་གཏན།

  ངེད་རང་ལོ་བརྒྱད་ཀྱི་ཐོག་ཏུ། སློབ་གྲོགས་གསར་པ་གསུམ་དང་མཉམ་དུ་ང་ཚོའི་སྡེ་བའི་"ཀི་ཚལ་གྲོང་གསེབ་སློབ་གྲྭར"ཞུགས་པ་ཡིན་ལ། ལོ་བཅུ་ནས་བཅུ་གསུམ་བར་དུ། ངེད་ཚོའི་གྲོང་གསེབ་ལས་ཐག་མི་རིང་པའི་སྣ་སྟེང་ཟེར་བའི་དགོན་ཆུང་ཞིག་ཏུ་བསྡད་པ་ཡིན། ང་ལོ་ན་བཅུ་གསུམ་ལ་སོན་སྐབས། ཨ་མ་ལགས་ཀྱི་སྐུལ་སློང་ལ་བརྟེན་ནས་བོན་གྱི་སྔོན་འགྲོ་ཉམས་ལེན་བྱས་མྱོང་། སྔོན་འགྲོ་ཉམས་ལེན་སྐབས་ཕྱག་འབུམ་གཅིག་དང་གཟུང་སྔགས་ཧ་ཅང་མང་བོ་བགྲང་དགོས། ལོ་རེའི་ནང་དུ་སྐྱ་བོ་རྣམས་དགོན་པར་ཐེངས་གཅིག་འཛོམས་ནས་སྔོན་འགྲོ་ཆ་ཚང་རེ་གཏོང་སྲོལ་ཡོད། ངེད་ཚོས་ཉིན་རེར་ཕྱག་སུམ་སྟོང་རེ་འཚལ་དགོས་ལ། དེ་ནི་དཀའ་ལས་ཧ་ཅང་ཁག་པོ་ཞིག་ཡིན། སྔོན་འགྲོ་ཆ་ཚང་རེ་འགྲུབ་པར་བདུན་ཕྲག་དྲུག་ནས་བདུན་བར་འགོར་སྲིད་ལ། དེའི་བར་དུ་ང་ཚོ་དགོན་པར་སྡོད་དགོས་ཀྱིན་ཡོད། དེ་མིན་ནམ་རྒྱུན་དགོན་པར་བྱེད་སྒོ་གང་ཡང་མེད་པས། གྲྭ་ཕྲུག་ཚོ་རང་རང་གི་གྲོང་ཁྱིམ་དུ་སྡོད་ཀྱིན་ཡོད། ཆོས་ལུགས་ཀྱི་དུས་ཆེན་ཁག་ལ་ང་ཚོ་དགོན་པར་འགྲོ་དགོས་ལ། སྐབས་དེར་ང་ཚོར་དགོན་པ་ནས་བརྡ་འབྱོར་གི་རེད།

  དེའི་རྗེས་སུ་ངེད་རང་སྐྱང་ཚང་དགོན་དུ་ཚོགས་ཞུགས་བྱས་པ་ཡིན་ལ། དེ་ནི་སྣ་སྟེང་དགོན་ལས་ཆེ་བ་ཡོད། དགོན་པ་དེར་སླེབས་རྗེས། གཞི་ནས་ངེད་རང་གྲྭ་པ་དཀྱུས་མ་ལྟ་བུ་ཞིག་ཏུ་གྱུར་པས། ཞོགས་པ་སྔ་བོ་ལངས་པ་སོགས་སྒྲིག་ལམ་བཞིན་བྱེད་དགོས། སྐབས་དེར་ཟ་མ་དང་གྱོན་གོས་ནི་ཕ་མ་གཉིས་ཀྱིས་སྤྲོད་བཞིན་ཡོད། ངེད་ཀྱི་ཨ་ཞང་ལགས་ནི་དགོན་པ་དེའི་སློབ་དཔོན་རེད་འདུག་ལ། ངེད་ཁོང་གི་གྲྭ་ཤག་ཏུ་ཉར་པས་དུས་རྒྱུན་གྱི་ཞལ་ལག་ཀྱང་ཁོང་དང་མཉམ་དུ་ཟ་བཞིན་ཡོད། གཞན་གྲྭ་པ་བྱིངས་ཀྱིས་དགོན་པའི་སྤྱི་ཐབ་ནང་དུ་ཞལ་ལག་མཆོད་བཞིན་ཡོད། དབྱར་གནང་གི་སྐབས་ཡིན་ན་མ་གཏོགས། ནམ་རྒྱུན་དགོན་པར་ཞལ་ལག་ཉིན་རེར་ཐེངས་གསུམ་ལ་གཏོང་སྲོལ་ཡོད་མོད། དགོངས་ཟས་གཏན་དུ་མི་མཆོད་མཁན་གྱི་གྲྭ་པ་དེ་འདྲ་ཡང་ཡོད་པ་རེད། ཆེད་དུ་དམར་ཟས་སྤངས་ཡོད་ན་མ་གཏོགས་ཤ་ཟ་བ་ནི་རྒྱུན་ལྡན་ལྟ་བུ་ཡིན།

  ཕྱི་ལོ་༡༩༥༥ལོར། ངེད་རང་རོགས་པ་དྲུག་དང་མཉམ་དུ་སྟོད་ཉི་མ་ལྷ་སའི་ཕྱོགས་སུ་རྡོག་ཐོན་བྱས་པ་ཡིན། ཐོག་མར་ངེད་རང་ཚོ་ཕ་ཡུལ་ནས་ཁྲིན་ཏུ་བར་དུ་རྐང་ཐང་གིས་བསྐྱོད་ཅིང་། ཁྲིན་ཏུར་ངེད་ཚོས་རྒྱ་ནག་གི་འཇེབ་འཁོར་ཞིག་ལ་གླ་ཆ་སྤྲད་དེ་ལྷ་སར་ལམ་དུ་བུད་པ་ཡིན། ཟླ་བ་གཉིས་ཙམ་རིང་ལ་འགྲུལ་བཞུད་བྱས་རྗེས། ཕྱི་ལོ ༡༩༥༦ ལོར་དངོས་སུ་ལྷ་སར་སླེབས་སོང་། ངེད་ཚོ་དགེ་ལུགས་ཀྱི་དགོན་འབྲས་སྤུངས་དགོན་དུ་འཚོགས་ཞུགས་བྱས་པ་ཡིན་ལ། དགོན་པ་དེ་ནི་ཆོས་ལུགས་འཆད་ཉན་གྱི་ཕྱོགས་ནས་སྐད་གྲགས་ཡོད་པ་ཞིག་རེད། འབྲས་སྤུངས་སུ་ཐོག་མར་སླེབས་སྐབས་ངེད་རང་ལོ་ཉི་ཤུ་ཡིན། དགེ་རྒན་ཞིག་གིས་ཁྱེད་རང་ཙོང་ཁ་པར་ཡིད་ཆེས་ཡོད་དམ་ཅེས་དྲིས་སོང་། ཙོང་ཁ་པ་ནི་རི་བོ་དགེ་ལུགས་པ་ཐོག་མར་གསར་གཏོད་གནང་མཁན་དེ་རེད། ངས་ཁོང་ལ་ལན་རྒྱུ་མཚན་དང་ལྡན་པ་ཞིག་བཏབ་པ་ཡིན། གལ་སྲིད་ངེད་ཀྱིས་ལན་ནོར་ཞིག་བཏབ་པ་ཡིན་ན། གཅིག་བྱས་ན་དགོན་པ་ནས་ཕྱིར་ཕུད་ཡང་གཏོང་སྲིད་པ་རེད། ངེད་ཚོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཟུང་ཆུ་ཁམས་ཚན་དུ་གྲྭ་ཞུགས་བྱས་པ་ཡིན། སྐབས་དེར་སྔོན་མའི་ལུགས་སྲོལ་བཞིན། འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་བོད་དབུས་གཙང་དང་། གྲྭ་ཚང་གཞན་དུ་ཞུགས་ཟིན་པའི་ཁམས་ཕྱོགས་ཀྱི་གྲྭ་པ་དག འཛུལ་ཞུགས་བྱས་ཀྱང་ངོས་ལེན་བྱེད་སྲོལ་མི་འདུག

  ངེད་ཚོ་འབྲས་སྤུངས་དགོན་པའི་ཆོས་འཚོགས་རིགས་གལ་ཆེན་ཡིན་ན་མ་གཏོགས་མཉམ་ཞུགས་བྱེད་བཞིན་མེད། དེ་ནི་ངེད་ཚོ་ཆོས་ལུགས་བོན་པོ་ཡིན་པས་མ་ཡིན་པར། དེར་སླེབས་པའི་དམིགས་ཡུལ་གཙོ་བོ་སློབ་གཉེར་ཡིན་པར་བརྟེན། སློབ་གཉེར་ཆེད་དུ་དུས་ཚོད་མང་ཤོས་གཏོང་བཞིན་ཡོད། ནམ་རྒྱུན་འཚོགས་ཆེན་སྐབས་སུ། དབུ་མཛད་ཀྱི་སྣེ་ཁྲིད་འོག་ཏུ་འཚོགས་འདོན་མཁན་གྲྭ་པ་བཞི་བཅུ་ལྷག་ཅིག་ཡོད་པ་རེད། ཡང་མཚམས་རེར་ཨ་མདོ་སོགས་ཐག་རིང་ནས་བླ་མ་རེ་སླེབས་ཏེ། ཁོང་གིས་ཁམས་ཚན་ལ་གྲྭ་ཇ་གཏོང་འདོད་བྱས་པ་ཡིན་ན། ངེད་ཚོའི་ཁམས་ཚན་རང་དུ་གྲྭ་ཇ་འཚོགས་ཆོག་གི་རེད་ལ། དེ་ལ་སློབ་སྦྱོང་དུ་སླེབས་པའི་དཔེ་ཆ་བ་ངེད་རང་ལྟ་བུ་དག འཚོགས་ཞུགས་བྱས་མ་བྱས་སོ་སོའི་འདོད་མོས་རེད། ངེད་རང་གྲྭ་ཇའི་འཚོགས་དེ་འདྲ་ལ་ཕལ་ཆེར་འགྲོ་གི་མེད།

  བཀའ་འདྲི་གནང་མཁན།

  ཕྱི་ལོ་༡༩༥༩ ལོ་ནས་བཟུང་། ཁྱེད་རང་བོན་གྱི་དཔེ་ཆ་དཀོན་རིགས་པར་སྐྲུན་བྱེད་ཆེད་དུ། རྒྱལ་ས་ལྡི་ལིར་རྒྱ་གར་གྱི་པར་སྐྲུན་ཁང་ཞིག་ཏུ་ཕྱག་ལས་གནང་འདུག་ལ། སྐབས་དེར། དབྱིན་ཡུལ་དུ་བཞུགས་པའི་བོད་རིག་པའི་མཁས་དབང་། བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་སྐོར་ལ་ཞིབ་འཇུག་གཏིང་ཟབ་གནང་མཁན། སློབ་དཔོན་ཆེན་མོ་དེ་བི་དི་སུ་ནེལ་གུ་རོ་ཝེ་ (David Snellgrove) ལགས་ཀྱིས། ཁོང་དང་མཉམ་དུ་དབྱིན་ཡུལ་རྒྱལ་ཁབ་ཏུ་ཕེབས་ནས། བོན་གྱི་སྐོར་ལ་ཞིབ་འཇུག་ཕྱག་རོགས་གནང་མཁན། བོད་མི་མཁས་པ་ཞིག་འཚོལ་བཞིན་ཡོད་པར་བརྟེན། ཕྱི་ལོ ༡༩༦༠ལོར་སློབ་དཔོན་ཁོང་དང་ཁྱེད་གཉིས་ཐོག་མར་ལྡི་ལིར་ཐུག་འཕྲད་བྱུང་འདུག དེ་ལ་བརྟེན་ནས་ཁྱེད་ཀྱི་མི་ཚེའི་ཡོད་ཚད་ལ་འགྱུར་བ་ཆེན་པོ་ཐེབས་ཤིང་། ཁྱེད་དང་བཅས་པའི་བོན་གྱི་མཁས་པ་གསུམ་མཉམ་དུ། ཨིན་ཡུལ་དུ་ཕེབས་རྒྱུ་གཏན་ཁེལ་གནང་འདུག

  མཁར་རྨེའུ་བསམ་གཏན།

  སློབ་དཔོན་ཆེན་མོ་དེ་བི་དི་སུ་ནེལ་གུ་རོ་ཝེ་ལགས་ཀྱི་བཞུགས་ཡུལ། ལོན་ཊོན་ནས་མེ་འཁོར་བརྒྱུད་དེ་ཕེབས་ན་ཆུ་ཚོད་གཅིག་མ་ཟིན་ཙམ་གྱི་སར་ཡོད་ལ། ངེད་ཚོ་ཐོག་མར་ཁོང་གི་གཟིམས་ཤག་ཏུ་ཟླ་བ་དྲུག་གི་རིང་དུ་བསྡད་པ་ཡིན། དེ་རྗེས་ངེད་དང་མཉམ་དུ་ད་ལྟའི་བོན་གྱི་སློབ་དཔོན་ཡོངས་འཛིན་རིན་པོ་ཆེ་བསྟན་འཛིན་རྣམ་དག་དང་། ཉེ་ལམ་ཞིང་དུ་གཤེགས་པའི་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་བཅས། རྒྱལ་ས་ལོན་ཊོན་གྱི་སྡོད་ཁང་ཞིག་ཏུ་གནས་སྤོར་བྱས་པ་ཡིན། ཐོག་མར་སློབ་དཔོན་སུ་ནེལ་གུ་རོ་ཝེ་དང་སློབ་དཔོན་བསྟན་འཛིན་རྣམ་དག་ལགས་གཉིས་མཉམ་དུ་ཕྱག་ལས་གནང་ཞིང་། རྗེས་སུ་ཡོངས་འཛིན་ཁོང་ཕྱིར་རྒྱ་གར་དུ་ཕེབས་རྗེས། ངེད་ཀྱིས་སུ་ནེལ་གུ་རོ་ཝེ་ལགས་དང་མཉམ་དུ་ཕྱག་ལས་གནང་འགོ་བཙུགས་པ་ཡིན། ལས་ཤོར་དུ་དབྱིན་ཡིག་སྦྱོང་ཞོར་ཁོང་དང་མཉམ་དུ་ལོ་ངོ་བཞིའི་རིང་མཉམ་ལས་བྱས་པ་ཡིན། སུ་ནེལ་གུ་རོ་ཝེ་ལགས་རྒྱུན་རིང་པོར་བལ་ཡུལ་དོལ་པོའི་ཡུལ་དུ་ཕྱག་ལས་གནང་ནས་བཞུགས་པར་བརྟེན། ཁོང་གིས་དོལ་པོའི་གདངས་ཅན་གྱི་བོད་སྐད་སྐྱོན་གྱིན་ཡོད།

  ངེད་ལ་ཁོང་བརྒྱུད་ནས་ཤེས་མེད་ཚོར་མེད་དུ་སློབ་སྦྱོང་ཧ་ཅང་མང་བོ་ཞིག་ཐོབ་བྱུང་། ནམ་རྒྱུན་ཁོང་གིས་བོད་ཡིག་གི་འབྲེལ་ཡོད་དཔེ་ཆ་གལ་ཆེན་དག་གི་གོ་དོན། ཐོག་མར་ཁོང་རང་གིས་གོ་བ་ཅི་ལྟར་ལེན་བཞིན་ཡོད་པ་འཆད་པ་དང་། དེ་ནས་ངེད་ལ་དཔེ་ཆ་དེའི་གོ་དོན་འགྲེལ་དུ་འཇུག ངེད་གཉིས་ཀྱིས་དཔེ་ཆ་མང་པོ་དོགས་སློང་དང་ཉམས་ཞིབ་ཀྱི་ཁྲོད་ནས་བཀླགས་པ་ཡིན། ཁོང་གིས་ནམ་རྒྱུན་དཔེ་ཆ་དེ་དག་གི་གོ་དོན་ཚིག་ཟིན་ལྟར་དུ་ཁས་ལེན་བྱེད་ཀྱིན་མེད་པར་བརྟེན། བོད་པ་དག་གིས་གོ་དོན་འགྲེལ་ཚུལ་ཁོང་གིས་མཁྱེན་འདོད་ཡོད་པ་རེད། དེ་ལ་བརྟེན་ནས་ངེད་གཉིས་ལ་བགྲོ་གླེང་ཡང་མང་བོ་འབྱུང་གིན་ཡོད་ལ། ངེད་ཚོས་ཕན་ཚུན་གྱི་ལྟ་ཚུལ་ཡང་ལས་སླ་བོར་ཁས་ལེན་བྱེད་ཀྱིན་མེད། དེ་ལྟར་ངེད་ཀྱིས་ཚན་རིག་རང་བཞིན་གྱི་ཞིབ་འཇུག་བྱེད་ཚུལ་ཡང་ག་ལེར་ཤེས་རྟོགས་བྱུང་།

  ངེད་རང་ཐོག་མར་བོད་ནས་སླེབས་དུས། སའི་གོ་ལ་འདི་ལེབ་ལེབ་ཅིག་ཡིན་རྒྱུ་རེད་བསམ་མྱོང་། བོད་མི་རྣམས་ཀྱིས་དཔེ་ཆའི་ཚིག་ཟིན་ལ་ག་རེ་ཡོད་པ་ཁས་ལེན་བྱེད་ཀྱིན་ཡོད་མོད། ནུབ་ཕྱོགས་ཀྱི་ཞིབ་འཇུག་པ་རྣམས་དེ་ལྟར་མིན། དཔེར་ན། ལོ་རྒྱུས་མི་སྣ་ཞིག་གི་སྐོར་འཆད་སྐབས། བོད་པ་རྣམས་ཀྱིས་མི་སྣ་དེའི་སྐོར་ཚིག་ཟིན་ལ་ག་རེ་ཡོད་པ་ཚང་མ་ཁས་ལེན་གྱིན་ཡོད། ངེད་གཉིས་ཀྱིས་དཔེ་ཆ་ཀློག་སྐབས། མི་སྣ་བྱེ་བྲག་པ་ཞིག་དང་འབྲེལ་བའི་ལོ་དུས་ཟླ་ཚེས་སྐོར་ལ་འཕྲད་དུས། ཐོག་མར་ལོ་ཚིགས་དེ་དག་ལོ་རྒྱུས་དངོས་ཀྱི་དུས་རིམ་དང་སྡུར་གྱིན་ཡོད། སློབ་དཔོན་སུ་ནེལ་གུ་རོ་ཝེ་ལགས་ཀྱིས་ལོ་ཚིགས་ཡོད་ཚད་ཁས་ལེན་གྱིན་མེད། ཐོག་མར་ངེད་རང་ལ་ཡ་མཚར་པོ་འདྲ་བྱུང་སོང་མོད། རིམ་བཞིན་རང་ཉིད་ལའང་ལྟ་ཚུལ་དེའི་ངེས་ཤེས་རྙེད་པར་གྱུར།

  སློབ་དཔོན་ཁོང་གི་རྩ་བའི་འདོད་ཚུལ་གཅིག་ནི། བོན་གྱི་ཆོས་ལུགས་ནི་ཐུབ་པའི་ཆོས་ལུགས་ཀྱི་དབྱིབས་ལྟ་བུ། བོད་ལ་ངོ་སྤྲོད་མ་བྱས་གོང་གི་ཐུབ་པའི་ཆོས་ལུགས་ཀྱི་རྣམ་པ་གཞན་ཞིག་རེད། ཁོང་གིས་དུས་རབས་བདུན་པར་བོད་དུ་ཐུབ་པའི་ཆོས་ལུགས་ཡོངས་ཁྱབ་སྒོས་མ་སྤེལ་གོང་ནས། བོད་པ་རྣམས་ཐུབ་པའི་ཆོས་ལུགས་དང་འབྲེལ་བ་བྱུང་ཡོད་པར་འདོད་བཞིན་ཡོད། ལྟ་ཚུལ་མི་འདྲ་བ་དེ་ལྟ་བུའི་རིགས་ངེད་ཀྱི་རོགས་པ་ཚོར་འགྲེལ་བཤད་ཞུ་རྒྱུ་ནི་མགོ་རྙོག་ཚ་བོ་ཞིག་རེད། ངེད་ཀྱིས་བསམ་ན། སློབ་དཔོན་བསྟན་འཛིན་རྣམ་དག་དང་སྨན་རི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་གཉིས་ཀྱིས། བོད་ཀྱི་དཔེ་ཆའི་བཤད་སྒྲོས་མང་པོའི་ལྡོག་ཕྱོགས་སུ་ལངས་པའི། ཚན་རིག་ཞིབ་འཇུག་གི་ལྟ་ཚུལ་འདི་དག་རྩ་བ་ནས་ཁས་ལེན་གནང་ཡོད་པ་མ་རེད། དེ་སྐབས་སུ་ཁོང་གཉིས་ཀྱི་ཨིན་ཡིན་གི་ཆུ་ཚད་ཧ་ཅང་མཐོན་པོ་མེད་པར་བརྟེན། ཞིབ་འཇུག་པ་སུ་ནེལ་གུ་རོ་ཝེ་ལགས་ཀྱིས་ཁོང་གི་རྩ་བའི་འདོད་ཚུལ་བྲིས་ཡོད་པ་དང་དེའི་སྒྲུབ་བྱེད་ཁག་ཀྱང་རྟོགས་ཐུབ་ཡོད་མ་རེད།

  ངེད་རང་ཁོང་གཉིས་དང་བསྡུར་ན་ལོ་ཡང་ཆུང་བར་བརྟེན། དབྱིན་ཡིག་ཀྱང་ཧ་ཅང་དཀའ་ངལ་མེད་པར་སྦྱོང་ཐུབ་བྱུང་། ངེད་ལ་མཚོན་ན། བོད་རིག་པའི་སྐོར་གྱི་དཔྱད་རྩོམ་ཁག་ལྟ་ཀློག་བྱེད་ཐུབ་པའི་སྐད་ཡིག་གི་ཆུ་ཚད་ནི་གལ་ཆེན་པོ་ཡིན། སློབ་དཔོན་སུ་ནེལ་གུ་རོ་ཝེ་ལགས་དང་མཉམ་དུ། ཁོང་གི་རྩོམ་དེབ《བོན་གྱི་ཐེག་པ་རིམ་དགུ》དང《དོལ་པོའི་བླ་མ་བཞི》ཞེས་པ་གཉིས་ཀྱི་སྐོར་ལ་ཕྱག་རོགས་ཞུ་སྐབས། དཀའ་ངལ་ཆེ་མིན་ལ་མ་ལྟོས་པར་ཁོང་གི་ས་ནས་གནས་ཚུལ་ཧ་ཅང་མང་བོ་ཞིག་ཀྱང་སྦྱངས་ཐུབ་སོང་། དེ་དང་མཉམ་དུ་དབྱིན་ཡིག་གི་རྟོག་སྒྲུང་མང་བོ་བཀླགས་རྒྱུ་བྱུང་པས་ངེད་ལ་ཕན་ཐོགས་ཆེན་པོ་བྱུང་། བོད་ཀྱི་སྲོལ་རྒྱུན་ཤེས་རིག་གི་ཁྲོད་དུ་རྟོག་སྒྲུང་མེད་པའམ་ཡང་ན་ཧ་ཅང་ཉུང་ངུ་ཞིག་ལས་མེད་དོན་ནི། སྲོལ་རྒྱུན་ཤེས་ཡོན་པ་མང་བོ་ཞིག་གིས་རྟོག་སྒྲུང་གིས་ཕན་ཐོགས་མེད་པར་འདོད་བཞིན་ཡོད་པས་རེད། རྟོག་སྒྲུང་སྣ་ཚོགས་ཀློག་རིམ་བཞིན་ངེད་ཀྱིས་རྟོག་སྒྲུང་ཁྲོད་དུ་མི་སྣ་བཞེངས་བསྐྲུན་བྱེད་ཚུལ་དང་། དེ་དང་འབྲེལ་བའི་རྩོམ་རིག་གི་རིན་ཐང་ཡང་རྟོགས་བྱུང་།

  བཀའ་འདྲི་གནང་མཁན།

  ཁྱེད་ཀྱིས་རང་ཉིད་ཀྱི་འགྱུར་ལྡོག་སྐོར་གྱི་དཔེ་མཚོན་ཁ་ཤས་གསུངས་རོགས།

  མཁར་རྨེའུ་བསམ་གཏན།

  དཔེར་མཚོན་ཞིག་ཞུས་ན། སྐུ་ཞབས་སུ་ནེལ་གུ་རོ་ཝེ་ལགས་ཀྱིས་བོད་ཀྱི་དཔེ་ཆའི་ནང་དུ་བཀོད་པའི། བོན་གྱི་འབྱུང་ཁུངས་ཡིན་པར་འདོད་པའི་སྟོན་པ་གཤེན་རབ་མི་བོའི་སྐོར་གྱི་ལོ་ཚིགས་དག་ཁས་ལེན་བྱས་མེད། ཁོང་གིས་སྟོན་པ་གཤེན་རབ་ཀྱི་སྐོར་ཡོད་ཚད་གཏམ་རྒྱུད་གི་རྣམ་པ་ཙམ་དུ་འཛིན་པའི་ལྟ་ཚུལ་དེར་ངེད་ཀྱིས་ཀྱང་མོས་མཐུན་བྱས་མེད། ངེད་ཀྱིས་ཤེས་གསལ་ལ་ཏུན་ཧོང་ཡིག་རྙིང་ཁག་ཏུ་མ་མཐའ་དོགས་སློང་ཙམ་ཡང་མེད་པར། གཤེན་རབ་མི་བོའི་མཚན་ཐེངས་དྲུག་ཙམ་དུ་ཐོན་ཡོད། འོན་ཀྱང་། ཏུན་ཧོང་ཡིག་རྙིང་དུ་གཤེན་རབ་ཀྱི་འབྱུང་ཁུངས་དང་ཁོང་གི་མཛད་རྣམ་སྐོར་གང་ཡང་གསལ་མེད། ངེད་ཀྱིས་བསམས་ན། ད་ལྟ་བོན་གྱི་ཐོག་མའི་འབྱུང་ཡུལ་དུ་འདོད་པའི་སྟག་གཟིག་ཅེས་པ་དེ་ཕྱིས་ཀྱི་བོན་པོའི་བཤད་སྲོལ་ཁོངས་སུ་གཞི་ནས་སླེབས་འདུག་ལ། སྟོན་པ་གཤེན་རབ་མི་བོ་ཞེས་པའི་མི་སྣ་དེར་ཡང་། སློབ་དཔོན་པད་མ་འབྱུང་གནས་དང་ཐ་ན་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་ཁག་ནང་བཞིན། རླབས་ཆེན་མི་སྣའི་ཁྱད་ཆོས་མང་པོ་ཞིག་གསར་སྣོན་བྱས་ཡོད་པ་གསལ་བོ་རེད། དཔེར་ན། གོའུ་ཏ་མ་ཞེས་པ་ནི་དགེ་སློང་དཀྱུས་མ་ཞིག་ཡིན་མོད། དེ་ལ་ཐེག་ཆེན་པ་རྣམས་ཀྱིས་མཚན་བཟང་བོ་སུམ་ཅུ་རྩ་གཉིས་སོགས་ཁྱད་ཆོས་དམིགས་བསལ་བ་མང་བོ་ཞིག་སྦྱར་ཡོད། སྟོན་པ་ཡེ་ཤུ་མ་ཤུ་ཀ་ལ་མཚོན་ནའང་དེ་འདྲ་རེད། ཡང་གཅིག་བྱས་ན། གཤེན་རབ་མི་བོ་ཞེས་བ་དེ་ལོ་རྒྱུས་ཐོག་གཏན་ནས་བྱུང་མ་མྱོང་བ་ཞིག་ཡིན་མི་སྲིད་མོད། ངེད་རང་ཉིད་ལ་མཚོན་ན་དོ་དབྱིངས་ཧ་ཅང་ཆེན་པོ་ཡོད་སའི་མི་སྣ་ཞིག་ཡིན། མ་འོངས་པའི་ཉིན་ཞིག་ལ། གཅིག་བྱས་ན། ས་དཔྱད་རིག་པའི་ཞིབ་འཇུག་དེ་འདྲ་བརྒྱུད་ནས་གཤེན་རབ་མི་བོ་ཞེས་པ་དེའི་སྐོར་མང་བོ་ཤེས་ཀྱང་སྲིད་པ་རེད།

  དཔེ་མཚོན་གཞན་ཞིག་ཞུས་པ་ཡིན་ན། བོན་པོ་རྣམས་ལ་མཚོན་ན། སྐུ་ཞབས་སུ་ནེལ་གུ་རོ་ཝེ་ཡིས 《ཐེག་པ་རིམ་པ་དགུ》ཞེས་པའི་དཔེ་ཆ་དེ་རྩོམ་སྐབས། གཞི་གཙོ་བོར་འཇོག་སའི་གཤེན་རབ་མི་བོའི་མཛད་རྣམ་རིང་ཤོས། 《མདོ་དྲི་མེད་གཟི་བརྗིད》སྐོར་ལ་དོགས་སློང་ཙམ་ཡང་ཡོད་པ་མ་རེད། 《དྲི་མེད་གཟི་བརྗིད》དེ་དྲང་སྲོང་ཞིག་གིས་ཐོག་མར། བོན་པོ་བློ་ལྡན་སྙིང་པོ་(༡༣༦༠-༡༣༨༥?) ལ་སྙན་བརྒྱུད་ཀྱི་ཚུལ་དུ་གནང་བ་ཡིན་པར་འདོད་ལ། མདོ་དེ་བོན་གྱི་བཀའ་འགྱུར་གྱི་ཁོངས་སུ་ཡང་བཞུགས་ཡོད་པ་རེད། དེ་བཞིན་དུ་བོན་པོ་རྣམས་ལ་མཚོན་ན། བོན་ཀྱི་བཀའ་འགྱུར་གྱི་འབྱུང་ཁུངས་གཤེན་རབ་མི་བོ་ཆེ་མཆོག་ལ་ཐུག་ཡོད་པ་རེད། སློབ་དཔོན་སུ་ནེལ་གུ་རོ་ལགས་ལ་མཚོན་ན། ཁོང་གིས《མདོ་དྲི་མེད་གཟི་བརྗིད》རྩོམ་པ་པོས་དཔེ་ཆ་དེ་ག་རེའི་ཆེད་དུ་ཐོག་མར་བྲིས་པ་དང་། དཔེ་ཁུངས་དང་རྒྱུ་ཆ་གང་དག་ལ་བརྟེན་ནས་བྲིས་པ་ཤེས་འདོད་ཡོད་པ་རེད། ངེད་རང་ཉིད་ཀྱིས་ཐོག་མར་དཔེ་ཆ་དེའི་ཚིག་ཟིན་གྱི་བརྗོད་དོན་སྐོར་ལ་བསམ་ཞིབ་དང་། དེ་ནས་དོགས་སློང་རང་བཞིན་གྱི་དྲི་བ་བཏོན་པ་ཡིན་ལ། དེ་དང་འབྲེལ་བའི་ཞིབ་འཇུག་ཁ་ཤས་ཀྱང་བྱེད་མགོ་ཚུགས་པ་ཡིན། བྱེད་ཚུལ་འདི་དག་ལ་བརྟེན་ནས་ངེད་ཀྱིས་ནུབ་ཕྱོགས་ཀྱི་ཚན་རིག་ལྟ་ཚུལ་སྐོར་ལ་ངེས་ཤེས་ཟབ་མོ་རྙེད་བྱུང་། ངེད་ཀྱི་བོད་རིགས་གྲོགས་པོ་ཚོ་ལ་ནུབ་ཕྱོགས་བོད་རིག་པའི་སྐོར་ནས་ཁ་བརྡ་བྱེད་སྐབས། ཁོ་ཚོ་མང་པོ་ཞིག་གིས་ད་དུང་མུ་མཐུད་དུ་ཆོས་ལུགས་ཀྱི་དཔེ་ཆའི་ཚིག་ཁོ་ན་ཙམ་ལ་ཡིད་ཆེས་བྱེད་བཞིན་ཡོད་པར་བརྟེན། ངེད་ཀྱིས་ནམ་རྒྱུན་གནད་དོན་ཞིག་འགྲེལ་བཤད་བྱེད་སྐབས་ཕན་ཚུན་གོ་བརྡ་མི་འཕྲོད་པའི་དཀའ་ངལ་འབྱུང་བཞིན་ཡོད།

  བོད་ནས་ཁ་མ་བྲལ་བར་དུ། ངེད་རང་ཉིད་ལའང་ཆོས་ལུགས་ཀྱི་དད་དམ་གཙང་མ་ཡོད། བོད་མི་རྣམས་ལ་མཚོན་ན། དད་པ་ཞེས་པ་དེས་ཁོ་ཚོ་རང་ཉིད་སྤྱི་ཚོགས་བྱེ་བྲག་པ་ཞིག་ལ་དབང་བའི་ཚོར་སྣང་སྤྲོད་བཞིན་ཡོད་པར་བརྟེན། དེ་ནི་ཁོ་ཚོར་མཚོན་ན་ཧ་ཅང་གལ་ཆེན་ཆགས་ཡོད། ཁོ་ཚོའི་སེམས་ཀྱི་འདུ་ཤེས་ཁྲོད་དུ་ང་ཚོ་"ནང་པ"ཡིན་བསམ་བཞིན་ཡོད་པ་རེད། ད་ལྟ་མཚམས་རེར། ངེད་ཀྱིས་བོད་ཀྱི་དད་པ་ཅན་ཚོ"རྗེས་ལུས"རེད་བསམ་གྱིན་འདུག གང་ཡིན་ཟེར་ན། ཁོ་ཚོས་རང་ཉིད་ཀྱི་རྒྱུ་མཚན་དང་གཏན་ཚིགས་ཡོངས་རྫོགས་བེད་སྤྱོད་བྱེད་ཐུབ་ཀྱིན་ཡོད་པ་མ་རེད། ཚད་མའི་སློབ་གཉེར་གྱིས་ངེད་ལ་དངོས་ཁམས་རིག་པའི་གོ་རྟོགས་རྙེད་པར་གཏན་ཚིགས་གལ་ཆེན་ཡིན་པའི་ངེས་ཤེས་སྐྱེས་སུ་བཅུག གལ་སྲིད་མི་ཞིག་དད་པ་ཁོ་ནའི་དབང་དུ་ཤོར་ན། དོགས་སློང་དང་འགྲོགས་པའི་ཤེས་རབ་ཡར་རྒྱས་སུ་འགྲོ་ཁག་པོ་ཡིན་པ་རེད། ངེད་ལ་མཚོན་ན། ཆོས་ལུགས་ཀྱི་དད་པ་བརླགས་པའི་ཉེར་ལེན་ལ་བརྟེན་ནས། ནུབ་ཕྱོགས་ཚན་རིག་ཤེས་ཡོན་གྱི་ཚད་གཞི་བཞིན། གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དུ་ཤེས་ཡོན་གྱི་མདུན་ལམ་འཚོལ་བར་ཕན་ཐོགས་བྱུང་ཡོད་པ་འདྲ།

  དཔེར་ན། བོད་མིའི་ཁྲོད་དུ་པད་མ་འབྱུང་གནས་ཟེར་བ་ཞིག་བྱུང་མྱོང་ཡོད་པ་མ་རེད་ཅེས་ཤོད་མཁན་ཕལ་ཆེར་ད་བར་བྱུང་མེད། དོགས་སློངས་དེ་འདྲ་ཐོག་མར་བྱེད་མཁན་ངེད་གཅིག་པུ་ཡིན་རྒྱུ་རེད། ངས་ཐུབ་པའི་ཆོས་ལུགས་དང་བོན་གྱི་ལྟ་གྲུབ་སྒོམ་སྒྲུབ་ཉམས་ལེན་སྐོར་ཞིག་ཕྱོགས་བསྡུས་བྱས་པའི་ཆོས་སྐོར། "རྫོགས་པ་ཆེན་པོ"ཞེས་པའི་སྐོར་ལ་ཞིབ་འཇུག་བྱེད་སྐབས། པད་མ་འབྱུང་གནས་དང་འབྲེལ་བའི་ཡིག་ཆ་འགའ་ཞིག་རྙེད་བྱུང་། ཡིག་ཆ་དེ་དག་གིས་དུས་རབས་བརྒྱད་པ་དང་དགུ་པའི་སྐབས་ཀྱི་པད་འབྱུང་གླེང་སྐབས། ཁོང་ཉིད་རྟོག་བཏགས་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་ལྟ་བུ་ཞིག་ཏུ་བཞེངས་བསྐྲུན་བྱས་འདུག ངེད་ཀྱིས་ཡིག་རྙིང་དེ་དག་ལས་པད་མ་འབྱུང་གནས་ཞེས་པ་ཞིག་བོད་དུ་བྱོན་པ་དང་། ཁོང་གིས་མཛད་པ་ག་རེ་བསྐྱངས་མིན་སྐོར་གྱི་བདེན་དཔང་ཚད་ལྡན་གཅིག་ཀྱང་རྙེད་མ་བྱུང་། "རྫོགས་པ་ཆེན་པོ"ཞེས་པ་ནི་རྒྱ་གར་དང་རྒྱ་ནག་གི་ཤུགས་རྐྱེན་འོག་བོད་དུ་དར་སྤེལ་བྱུང་བའི་ཆོས་སྐོར་ཞིག་རེད། ངས་རྫོགས་ཆེན་ཞིབ་འཇུག་ཁྲོད་ནས་རྙེད་པའི་གྲུབ་དོན་ནི། པད་མ་འབྱུང་གནས་སྐོར་གྱི་གནས་ཚུལ་དེ་དུས་རབས་བཅུ་པ་ཡས་མས་སུ་བོད་རྣམས་ཀྱིས་བཤད་ཚུལ་གསར་བཟོ་བྱས་པ་ཞིག་རེད་འདུག

  ལྟ་ཚུལ་དེའི་སྐོར་ནས་ངེད་རང་ལ་གཞན་གྱིས་དགག་སྒྲུབ་ཤུགས་ཆེན་པོ་བྱེད་མྱོང་། དམིགས་བསལ་ནུབ་ཕྱོགས་ཞིབ་འཇུག་པའི་ཁྲོད་ཀྱི་ཇོན་རེ་ནོལ་ཏྲི་ (John Reynolds)སོགས་ཀྱིས་དགག་བཞག་གནང་པ་རེད། ཇོན་རེ་ནོལ་ཏྲི་ལྟ་བུའི་དད་པ་བྱེད་མཁན་ཚོར་མཚོན་ན། པད་མ་འབྱུང་གནས་ལྟ་བུའི་རྫོགས་ཆེན་གྱི་མགོ་ཁུངས་ཤིག་ལོ་རྒྱུས་ཁྲོད་ནས་བདེན་དཔང་བྱེད་མ་ཐུབ་ཚེ། རྫོགས་པ་ཆེན་པོའི་ཆོས་སྐོར་དེ་དག་གི་ཐོག་མའི་འབྱུང་ཁུངས་ཆེས་ཧ་ཅང་རྙིང་པའི་ལོ་རྒྱུས་ཀྱི་ཁོངས་སུ་འགྲོ་ཐུབ་གི་ཡོད་པ་མ་རེད། ངེད་ཀྱི་རྩོམ་ཡིག་དཔེ་ཆ་དེ་བོད་ཡིག་ཏུ་བསྒྱུར་མེད་པར་བརྟེན། བོད་མི་མང་བོ་ཞིག་གིས་ཀློག་ཐུབ་ཀྱིན་ཡོད་པ་མ་རེད།

  དཔེ་བརྗོད་གཞན་ཞིག་ནི། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་(༦༡༧-༦༤༩/༦༥༠)སྐོར་རེད། ཁོང་ནི་ལོ་རྒྱུས་དངོས་ཀྱི་མི་སྣ་ཞིག་རེད། འོན་ཀྱང་། ངེད་ཀྱིས་བོད་མི་གཞན་དག་ནང་བཞིན་ཁོང་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་པ་དང་། ཁོང་ལ་སྤྲུལ་པ་སྣ་ཚོགས་ཡོད་ཚུལ་དེ་དག་ལ་ཡིད་ཆེས་བྱེད་ཀྱིན་མེད། བོད་ཀྱི་གྲྭ་པ་རྣམས་ཀྱིས་སོ་སོས་དད་མོས་དང་ཡིད་ཆེས་བྱེད་པར་དགག་པ་མེད་མོད། ངེད་རང་གི་ངོས་ནས་དད་མོས་ཀྱི་བཤད་ཚུལ་དེ་དག་ལ་ཁས་ལེན་བྱེད་ཀྱིན་མེད། ཡིན་ན་ཡང་། ངེད་ལ་དད་པ་མེད་པ་ཙམ་གྱིས་རང་ཉིད་ཀྱི་རིག་གཞུང་བརླག་སོང་བ་དེ་འདྲ་མ་རེད། ངེད་ཀྱིས་བོད་མི་གཞན་དག་ནང་བཞིན་རིག་གཞུང་ཉམས་ལེན་བྱེད་བཞིན་མེད་ནའང་། ངེད་ལ་ངེད་རང་ཉིད་ཀྱི་རིག་གཞུང་ཉམས་ལེན་དང་གཅེས་འཛིན་བྱེད་ཚུལ་ཡོད། ལྷག་པར་དུ་ངེད་རང་ཉིད་ཞིབ་འཇུག་པ་ཞིག་ཡིན་པའི་ངོས་ནས། བོད་ཀྱི་གྲྭ་པ་རྣམས་ཀྱིས་ཆོས་ལུགས་ཉམས་ལེན་བྱེད་ཚུལ་སྐོར་ལ་དོ་སྣང་དང་དབྱིངས་ཆེན་པོ་ཡོད་མཁན་ཞིག་ཡིན།

  བཀའ་འདྲི་གནང་མཁན།

  བོན་པོ་དང་རྙིང་མ་བ་རྣམས་ཀྱི་ཁྲོད་དུ། རིག་གཞུང་གི་སྣང་ཚུལ་གལ་ཆེན་ཞིག་ཡོད་པ་ནི་"གཏེར་མའི"སྐོར་རེད། བོན་པོ་རྣམས་ལ་མཚོན་ན། གཏེར་ཡིག་དེ་དག་དྲན་པ་ནམ་མཁས་གཏེར་དུ་སྦས་པ་དང་། རྙིང་མ་བ་རྣམས་ལ་མཚོན་ན། པད་མ་འབྱུང་གནས་ཀྱིས་གཏེར་དུ་སྦས་ཚུལ་བཤད་བཞིན་ཡོད་པ་རེད། དེ་བཞིན་དུ"གཏེར་མ"དེ་དག་སྔོན་ནས་ལུང་བསྟན་པར་འདོད་པའི་གཏེར་སྟོན་དག་གིས་གཏེར་ནས་འདོན་བཞིན་ཡོད། གནས་ཚུལ་འདིའི་སྐོར་ལ་ཁྱེད་ཀྱི་འདོད་ཕྱོགས་ག་རེ་ཡིན་ནམ། དཔེར་ན། ཉང་ཉི་མ་འོད་ཟེར་(༡༡༢༤-༡༡༩༢) སོགས་གཏེར་སྟོན་མང་པོ་ཞིག་ལ་མཚོན་ན། པད་མ་འབྱུང་གནས་ཀྱི་རྣམ་ཐར་ཐོག་མའི་གྲས། 《བཀའ་ཐང་ཟངས་གླིང་མ》 གཏེར་ནས་འདོན་མཁན་ཡང་ཡིན་པ་རེད། དེ་བཞིན་སྤྱན་རས་གཟིགས་ཀྱི་ཆོས་སྐོར་ཕྱོགས་བསྡུས་བྱས་པའི《མ་ཎི་བཀའ་འབུམ》 ཞེས་པའི་གཏེར་ཡིག་སོགས་ཀྱི་སྐོར་ལ་ག་རེ་དགོངས་བཞིན་ཡོད་དམ།

  མཁར་རྨེའུ་བསམ་གཏན།

  ངེད་ཀྱིས་བསམས་ན། བོད་ཀྱི་སྲོལ་རྒྱུན་ཁྲོད་དུ་བཤད་པ་ཇི་བཞིན་གྱི"གཏེར་མ"དེ་ལྟ་བུ་རྙིང་པ་ཞིག་ཡོད་པ་མ་རེད། ཉང་ཉི་མ་འོད་ཟེར་ནི་ཁོང་གིས་གཏེར་ནས་བཏོན་པར་གྲགས་པའི་དཔེ་ཆ་དེ་དག་གི་རྩོམ་པ་པོ་ཡིན་པར་ངེད་ཀྱིས་ངོས་འཛིན་བྱེད་བཞིན་ཡོད། བོན་གྱི་གཏེར་མ་རྣམས་ལ་མཚོན་ན། "གཏེར་མར"་འབོད་པའི་དཔེ་ཆའམ་ཡང་ན་སྐུ་འདྲ་ལྟ་བུ་དག དཔེར་ན། "དགའ་ཐང་མཆོད་རྟེན"ལྟ་བུའི་ནང་ནས་ཐོན་པའི་ཉིན་ཞིག་ཀྱང་རྙེད་སྲིད་པ་རེད། འོན་ཀྱང་། ངེད་ཀྱིས་"གཏེར་མའི་"དཔེ་ཆ་དག་བྲག་ཕུག་སོགས་ས་གནས་གང་ནས་རྙེད་ཟེར་ཀྱང་། རྙེད་མཁན་དེ་ཁོ་རང་རྩོམ་མཁན་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། གནས་ལུགས་འདི་སྐད་བརྡ་རིག་པའི་འགྲོ་སྟངས་གཅིག་བུའི་ཐོག་ནས་ཀྱང་ཤེས་ཀྱིན་འདུག གལ་སྲིད། དཔེ་ཆ་ཞིག་དུས་རབས་བརྒྱད་པ་དང་དགུ་པའི་སྐབས་ཀྱི་ཡིན་ན། དཔེ་ཆའི་བརྡ་སྐད་དང་བརྡ་སྤྲོད་དེ་ཡིག་རྙིང་ཁོ་ན་ཡིན་ངེས་རེད། དཔེར་ན། 《མ་ཎི་བཀའ་འབུམ》 དེ་སྲོང་བཙན་སྒམ་པོས་དུས་རབས་བདུན་པའི་ནང་དུ་བྲིས་པ་ཡིན་པར་བཤད་བཞིན་ཡོད་པ་རེད། འོན་ཀྱང་། དཔེ་ཆ་དེའི་བརྡ་སྤྲོད་དང་སྐད་ཡིག་སྐོར་ལ་ཞིབ་འཇུག་བྱེད་སྐབས། དུས་རབས་བཅུ་པའི་རྗེས་སུ་བྲིས་པ་ཡིན་པ་གསལ་བོར་ཤེས་ཐུབ་པ་ཞིག་རེད། དཔེ་ཆ་དེའི་སྐད་ཡིག་དང་མིང་ཚིག བརྡ་སྤྲོད་སོགས་གང་ལ་བལྟས་ཀྱང་། དེ་ནི་སྲོལ་རྒྱུན་ལས་བཤད་པ་ལྟར་གྱི་རྙིང་པ་ཞིག་མིན་པ་མངོན་གསལ་དོད་པོ་རེད། ངེད་རང་སྔོན་མ་བོད་དུ་ཡོད་སྐབས། "གཏེར་མ་" དེ་དག་སྲོལ་རྒྱུན་ཁྲོད་དུ་བཤད་པ་ལྟར་ཡིན་པའི་ཡིད་ཆེས་བྱེད་མྱོང་ཡོད། སྤྱིར་བཏང་བོད་མི་མང་པོ་ཞིག་གིས་རང་ཉིད་གཞན་གྱིས་"ལྟ་ལོག་པའི" ཁོངས་སུ་རྩི་བར་སྐྲག་ནས། འདི་ལྟ་བུའི་གནས་ཚུལ་དག་ལ། ཐ་ན་དོགས་འདྲི་ཙམ་ཡང་བྱེད་ཕོད་ཀྱིན་ཡོད་པ་མ་རེད།

  བཀའ་འདྲི་གནང་མཁན།

  ཁྱེད་ཀྱིས་ཞིབ་འཇུག་གི་ཕྱག་ལས་མགོ་བརྩམས་པ་ནས་བཟུང་། བོད་རིག་པ་གྲགས་ཆེན་སློབ་དཔོན་ཆེན་མོ་སུ་ནེལ་གུ་རོ་ཝེ་དང་སི་ཏན་ལགས་གཉིས་དང་མཉམ་ལས་རྒྱུན་རིང་གནང་བ་རེད། དེའི་རྗེས་སུ་རིམ་བཞིན་ཁྱེད་རང་ཉིད་ཀྱིས་དཔེ་དེབ་དང་དཔྱད་རྩོམ་སོགས་འབྲི་མགོ་བརྩམས་པ་རེད། ཁྱེད་ཀྱིས་བོད་ཀྱི་རྒྱལ་རབས་དང་། ཆོས་ལུགས། རིག་གཞུང་སོགས་ལ་གོ་བ་ལེན་སྟངས་དེ་སྲོལ་རྒྱུན་གྱི་ལྟ་སྟངས་བཞིན་མ་ཡིན་པར། ནུབ་ཕྱོགས་སུ་ཚན་རིག་གི་ཞིབ་འཇུག་སྦྱོང་བརྡར་བྱས་པའི། ཆེད་མཁས་པ་ཞིག་གི་ངོ་བོར་འགྱུར་ཡོད་པ་རེད། དེའི་སྐོར་ནས་ཅིག་གསུངས་རོགས།

  མཁར་རྨེའུ་བསམ་གཏན།

  དོན་དངོས་གནས་ཚུལ་ལ། སློབ་དཔོན་སི་ཏན་དང་སུ་ནེལ་གུ་རོ་ཝེ་གཉིས་ཀྱིས་ངེད་ཀྱི་ཞིབ་འཇུག་བྱེད་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། དེ་བཞིན་ངེད་ཀྱིས་བོན་གྱི་ལོ་རྒྱུས་ལེགས་བཤད་མཛོད་ཞེས་པ་དབྱིན་ཡིག་ཏུ་བསྒྱུར་སྐབས། ལོན་ཊོན་གཙུག་ལག་སློབ་ཆེན་དུ་ཨེས་ཊ་ལིའི་རྩོམ་རིག་སྐོར་ལ་སློབ་ཁྲིད་གནང་མཁན། རྗེས་སུ་ངེད་ཀྱི་གྲོགས་པོར་གྱུར་པ་ཞིག་གིས་རོགས་ཕན་ཆེན་པོ་གནང་བྱུང་། ཁོང་གིས་བོད་ཀྱི་རིག་གཞུང་དང་ཆོས་ལུགས་སྐོར་ལ་གང་ཡང་ཤེས་ཀྱིན་ཡོད་མ་རེད། འོན་ཀྱང་། ངེད་ཀྱིས་བསྒྱུར་པའི་ཟིན་བྲིས་དེ་ཁོང་ལ་བསྐྱར་ཞིབ་ཆེད་དུ་འབུལ་སྐབས། ཁོང་ལ་དོ་དབྱིངས་ཆེན་པོ་འཕར་བྱུང་ལ། དེ་དང་འབྲེལ་ནས་ཁོང་གིས་དྲི་བའང་མང་པོ་ཞིག་བཏང་བྱུང་། དེ་ལ་བརྟེན་ནས་དཔེ་ཆ་ཞིག་ལ་ཇི་ལྟར་དབྱེ་ཞིབ་བྱེད་དགོས་སོགས་ཀྱི་སྐོར་ལ་ཕན་ཐོགས་ཆེན་པོ་བྱུང་།

  དེ་བཞིན་དུ་དཔེར་ན། སྲོང་བཙན་སྒམ་པོར་ངོས་ཟིན་ཡག་པོ་མ་བྱུང་གོང་ནས། ངེད་ལ་གྲི་གུམ་བཙན་པོ་ནི་རྒྱུས་ཡོད་ཀྱི་ལོ་རྒྱུས་མི་སྣ་དང་པོ་དེ་ཡིན། གང་ཡིན་ཟེར་ན། བོན་གྱི་སྲོལ་རྒྱུན་ཁྲོད་དུ་གྲི་གུམ་བཙན་པོས་བོན་བསྣུབས་རབས་ཀྱི་ལོ་རྒྱུས་ཡོད་པ་རེད། འོན་ཀྱང་། ཏུན་ཧོང་ཡིག་རྙིང་ཁྲོད་དུ་གྲི་གུམ་དང་འབྲེལ་བའི་གནས་ཚུལ་ཧ་ཅང་མང་བོ་འདུག་མོད། བོན་བསྣུབས་རབས་ཀྱི་ལོ་རྒྱུས་ཅི་ཡང་བཤད་མི་འདུག བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་སུ་བོན་བསྣུབས་པའི་དུས་སྐབས་གཞན་ཞིག་བྱུང་བ་དེ། བཙན་པོ་ཁྲི་སྲོང་སྡེ་བཙན་(༧༤༢-༧༩༨)གྱི་དུས་སྐབས་རེད། ངེད་ཀྱིས་རང་ཉིད་ཀྱི་ཞིབ་འཇུག་གྲུབ་དོན་ལ་བརྟེན་ནས། བོན་བསྣུབས་པའི་དུས་སྐབས་གཅིག་མ་གཏོགས་བྱུང་མི་འདུག་ལ། དེ་ནི་བཙན་པོ་ཁྲི་སྲོང་སྡེ་བཙན་གྱི་སྐབས་རེད་ཅེས་བཤད་མྱོང་། བཤད་ཚུལ་དེ་ལ་བརྟེན་ནས་ངེད་ཀྱི་གྲོགས་པོ་མང་བོ་ཞིག་ཧང་སངས་པར་མ་ཟད། དེ་ནས་བཟུང་ཁོང་ཚོས་ངེད་ནི་བོད་ཀྱི་རིག་གཞུང་ཡོངས་སུ་བརླགས་ཟིན་པའི་མི་ཞིག་ཏུ་རྩི་བཞིན་ཡོད་པ་རེད།

  དཔེ་མཚོན་གཞན་ཞིག་ཞུས་ན། 《བོན་དཔེ་ལེགས་བཤད་མཛོད》ཅེས་པའི་ནང་དུ་ལུང་བསྟན་གྱི་ཚུལ་དུ། མི་སྣ་གལ་ཆེན་མང་བོ་ཞིག་དང་འབྲེལ་བའི་ལོ་ཚིགས་གསལ་ཡོད་པ་རེད། ངེད་ཀྱིས་བསམས་ན། ལོ་ཚིགས་དེ་དག་ལོ་རྒྱུས་ཁྲོད་ཀྱི་ལོ་ཚིགས་སུ་ངོས་འཛིན་བྱེད་ཆོག་པ་རེད། འོན་ཀྱང་། ལུང་བསྟན་དུ་གྲགས་པའི་ལོ་ཚིགས་དེ་རྣམས། མི་སྣ་དེ་དང་དེ་དག་མ་བྱུང་བའི་གོང་དུ་བྲིས་པ་མ་ཡིན་པར། མི་སྣ་དེ་དག་དང་དུས་མཉམ་པའམ་ཡང་ན་རྗེས་སུ་བྲིས་པ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། བོད་མི་མང་བོ་ཞིག་ལ་མཚོན་ན། ལོ་ཚིགས་དེ་དག་དངོས་ཡོད་ལོ་རྒྱུས་ཀྱི་ཁོངས་སུ་རྩི་ཐུབ་བཞིན་ཡོད་མ་རེད། གང་ཡིན་ཟེར་ན། ཁོང་ཚོས་ལུང་བསྟན་ལོ་ཚིགས་དེ་དག་གིས་མ་འོངས་པའི་གནད་དོན་མང་བོ་ཞིག་སྟོན་བཞིན་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པས་རེད། སྲོལ་རྒྱུན་གྱི་ལྟ་ཚུལ་མང་བོ་ཞིག་ཚན་རིག་རང་བཞིན་དུ་ཁས་ལེན་བྱེད་ཐབས་མེད་ནའང་། དེ་དག་ལ་མི་སྒེར་སོ་སོའི་ངོས་ནས་སྲོལ་རྒྱུན་གྱི་བརྩི་བཀུར་བྱས་ན་ཆོག་པ་ཞིག་རེད།

  བཀའ་འདྲི་གནང་མཁན།

  ཁྱེད་ཀྱི་རྒྱབ་ལྗོངས་གནས་ཚུལ་དེ་དག་མདོར་བསྡུས་ན། ཁྱེད་རང་ནུབ་ཕྱོགས་ཀྱི་རིག་གཞུང་དང་གདོང་ཐུག་བྱུང་བ་ལ་བརྟེན་ནས། ཁྱེད་ཀྱི་སྲོལ་རྒྱུན་གྱི་ལྟ་ཚུལ་མང་བོ་ཞིག་ལ་འགྱུར་བ་ཐེབས་འདུག དེ་ལ་བརྟེན་ནས། ཁྱེད་ཀྱི་གྲོགས་པོ་དང་ཕ་ཡུལ་གཅིག་པ་མང་བོ་ཞིག་གིས། ཁྱེད་ཀྱི་ལྟ་ཚུལ་ཧ་མ་གོ་བར་ཁྱེད་དང་གདོང་ཐུག་བྱུང་འདུག་པ་མ་རེད་དམ།

  མཁར་རྨེའུ་བསམ་གཏན།

  ངེད་ཚོ་ཐོག་མར་རོགུ་སྤེ་ལུར་(Rockefeller)ཐེབས་རྩའི་ལས་གཞི་བརྒྱུད་ནས་དབྱིན་ཡུལ་དུ་སླེབས་སྐབས། ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་ཁག་འདྲ་མིན་དུ་ལས་ཀ་བྱེད་བཞིན་པའི་བོད་མི་ཉི་ཤུ་ཡས་མས་ཤིག་ཡོད་པ་རེད། དེ་དག་གི་ཁྲོད་ནས་འཇར་མན་དུ་བཞུགས་པའི་པང་ལུང་རིན་པོ་ཆེ་དང་། ངེད་གཉིས་གཅིག་བུ་བོད་རིག་པའི་ཞིབ་འཇུག་པ་ཆགས་པ་རེད། དེའི་རྒྱུ་མཚན་གལ་ཆེན་ཞིག་ནི། ངེད་གཉིས་སྐབས་དེར་ལོ་ན་ཆུང་ཤོས་ཡིན་པ་དང་གཅིག གཉིས་སུ་ངེད་གཉིས་ལ་རིག་གཞུང་གསར་པའི་ཕྱོགས་སུ་གུ་ཡངས་པོ་ཡོད་པས་ཡིན་པ་འདྲ། སློབ་དཔོན་བསྟན་འཛིན་རྣམ་དག་དང་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རྣམ་གཉིས་ལ་མཚོན་ན། ནམ་རྒྱུན་ཆོས་ལུགས་དང་ཤུགས་ཆེན་པོར་འབྲེལ་ནས་བཞུགས་མཁན་དེ་འདྲ་རེད། ཁོང་གཉིས་ཀྱིས་ཆོས་ཁྲིམས་དག་དོ་ནན་ཆེན་པོས་སྲུང་བཞིན་ཡོད་པ་མ་ཟད། ཐ་ན་ཤ་ཡང་མཆོད་ཀྱིན་མེད་ལ་དེ་ནི་བོད་ཀྱི་ཐུབ་པའི་གྲྭ་པ་དག་གི་ཁྲོད་དུའང་དཀོན་པོ་ཡིན། གཅིག་བྱས་ན། ཁོང་གཉིས་རིག་གཞུང་གཞན་པ་ཞིག་དང་ལེན་བྱེད་པར་གྲ་སྒྲིག་མེད་པའང་ཡིན་སྲིད། ངེད་ཀྱིས་བསམ་པར་ཁོང་ཚོས་ནུབ་ཕྱོགས་ཀྱི་སྐད་ཡིག་སྦྱོང་རྒྱུར་སྣང་མེད་བཏང་བ་དེ་རྒྱུ་རྐྱེན་ཆེན་པོ་ཞིག་རེད་སྙམ། ངེད་ནི་རིམ་བཞིན་ནུབ་ཕྱོགས་པའི་བསམ་ཚུལ་འགྲེལ་བརྗོད་བྱེད་ཚུལ་ལ་གོམས་པ་དང་། རང་ཉིད་ལ་དེའི་སྐོར་ལ་དོ་དབྱིངས་ཀྱང་ཆེན་པོ་ཡོད།

  ལོ་ཁ་ཤས་ཀྱི་གོང་དུ། ངེད་ལ་རྒྱ་གར་བྱང་ཕྱོགས་རྡོ་ལན་ཇིར་ཡོད་པའི་བོན་གྱི་སྨན་རིའི་དགོན་པ་རུ། དགོན་པའི་རེ་འདུན་ལྟར་དུ་ཞིབ་འཇུག་དཔྱད་རྩོམ་ཞིག་སྒྲོགས་སྦྱངས་བྱེད་དུ་སོང་བ་ཡིན་མོད། གཏམ་བཤད་དེ་དགོན་པའི་འདོད་ཚུལ་བཞིན་དུ་ལམ་འགྲོ་དེ་འདྲ་བདེ་པོ་རང་བྱུང་མེད། སྐབས་དེར་བོན་པོའི་མཚན་ཉིད་པ་འགའ་ཤས་ཀྱིས། བོད་ཡིག་ཏུ་བསྒྱུར་ཅིང་པེ་ཅིང་དུ་པར་བཏབས་པའི་ངའི་རྩོམ་ཡིག་གཅེས་བསྡུས། 《མདའ་དང་འཕང》ཞེས་པ་དེ་ཞིབ་ཚགས་ཀྱིས་བཀླགས་འདུག་ལ། དེ་ནི་གྲྭ་པ་མང་བོ་ཞིག་ལ་མཚོན་ན། ངའི་རྩོམ་ཡིག་བཀླགས་པ་ཐོག་མའང་ཡིན་རྒྱུ་རེད། གྲྭ་བ་བརྒྱ་མ་ཟིན་ཙམ་དཔེ་ཆ་དང་བཅས་གཏམ་བཤད་དུ་སླེབས་འདུག ཁོང་ཚོས་གཅིག་འཕྲོར་གཅིག་བརྒྱུད་ནས་ངེད་ཀྱི་རྩོམ་ཡིག་ཁག་ལ་རིམ་བཞིན་དུ་དགག་པ་བརྒྱབ་བྱུང་། དཔེར་ན། སྟོན་པ་གཤེན་རབ་དང་ཤཱཀྱ་ཐུབ་པ་སོགས་ཀྱིས་དཔེ་ཆ་གཅིག་ཀྱང་བརྩམས་མྱོང་མེད་ཟེར་བ་སོགས་ཁོང་ཚོས་ཁས་ལེན་བྱེད་ཐུབ་ཀྱིན་ཡོད་མ་རེད། ངེད་ཀྱིས་གཏམ་བཤད་དེ་མ་བྱས་པའི་བར་དུ། ཁོང་ཚོས་ངེད་རང་ཡང་བོན་ལུགས་ལ་དད་པ་བྱེད་མཁན་ཞིག་ཏུ་བརྩིས་ཡོད་པ་རེད་མོད། དུས་དེ་ནས་བཟུང་། ཁོང་ཚོས་ངེད་རང་བོན་པོ་མིན་པ་ཞིག་ཏུ་རྩི་བཞིན་འདུག ཁོང་ཚོར་མཚོན་ན། ངེད་ཀྱིས་བོད་ཀྱི་རིག་གཞུང་ལ་རྒྱབ་གཏོད་བྱས་པ་ལྟ་བུ་ཞིག་ཏུའང་མཐོང་བཞིན་ཡོད་པ་འདྲ། དེ་ནི་ངེད་རང་ཉིད་ལའང་འགྲེལ་བཤད་རྒྱག་ཁག་པོ་ཞིག་རེད་འདུག ཁོང་ཚོ་མང་པོ་ཞིག་གིས་ངེད་ཀྱི་དཔེ་ཆའི་ཚིག་བརྗོད་ཁ་ཤས་བསྐྱར་འབྲི་བྱེད་དགོས་པའི་རེ་བ་བཏོན་པ་མ་ཟད། ཁོང་ཚོས་རྩོམ་ཡིག་འདི་ལྟ་བུ་དག་འབྲི་བ་ནི་དུས་ཚོད་འཕྲོ་བརླག་ཡིན་པ་ལས་སྙིང་པོ་གང་ཡང་མེད་ཚུལ་ཡང་བཤད་བྱུང་། གཅིག་བྱས་ན་ངེད་རང་མཐའ་གཅིག་ཏུ"ལྟ་བ་ལོག་པ"ཞིག་ཏུ་ངོས་འཛིན་བྱེད་བཞིན་མེད་ཀྱང་སྲིད་མོད། ཁོང་ཚོས་ངེད་རང་མི་འདྲ་བ་ཞིག་ཏུ་མཐོང་བཞིན་ཡོད་པ་རེད། དེ་ལྟར་བོན་པོའི་གྲྭ་པ་རྣམས་ཀྱིས་ངའི་ཞིབ་འཇུག་ལ་དགག་བཞག་བྱས་མྱོང་།

  སངས་རྒྱས་པའི་གྲྭ་པ་ཚོས་ག་རེ་བཤད་ཀྱིན་ཡོད་མིན་ད་དུང་མ་ཤེས། རྒྱ་གར་དུ་ཡོད་པའི་འབྲས་སྤུངས་དགོན་པའི་གྲྭ་པ་འགས་ངེད་རང་ཡོང་དགོས་ཚུལ་གསུངས་ནའང་འགྲོ་འདོད་བྱུང་མེད། གང་ཡིན་ཟེར་ན། གཅིག་བྱས་ན་གནད་མེད་དུ་ངོ་རྒོལ་དྲག་པོ་དེ་འདྲ་རྒྱག་སྲིད་པ་རེད་བསམ་པས་འཚེར་སྣང་འདྲ་བྱུང་། ཕྱོགས་གཞན་ཞིག་ནས་བཤད་ན། ངེད་གྱི་དཔེ་དེབ《མདའ་དང་འཕང》ཞེས་པ་བོད་ནང་གི་མཐོ་རིམ་སློབ་གྲྭར་སྐད་གྲགས་འདྲ་བྱུང་འདུག སྤྱི་ཡོངས་ཀྱི་གནས་བབ་འདི་ལ་མཚམས་རེར་བསམ་བློ་བཏང་ན། དུས་རབས་བཅུ་བཞི་པའི་ནང་གི་དད་པ་མ་གཏོགས། རྟོག་དཔྱོད་དང་ནུབ་ཀྱི་རྩོམ་རིག་ལ་རྒྱུས་མངའ་ཅི་ཡང་མེད་པའི་མི་སྐོར་ཞིག་གིས་ངེད་ལ་དགག་བཞག་བྱེད་བཞིན་པ་འདྲ་བའི་སྣང་བའང་སྟེར། ད་ལྟ་ངེད་ཀྱིས་བསམ་ན། དཔེ་ཆ་བློ་ལ་བཟུང་ནས་སློབ་སྦྱོང་བྱེད་ཚུལ་འདི་ལ་རང་ཉིད་ལོ་ཆུང་དུས་སུ་ཧ་ཅང་ཡག་པོ་ཡོད་ནའང། དེའི་ཆེད་དུ་ཏན་ཏན་དུས་ཚོད་མང་བོ་ཞིག་ཕྲོག་བརླག་ཏུ་བཏང་འདུག འབྲས་སྤུངས་སུ་དཔེ་ཆའི་རྩོད་གྲྭའི་སྐབས། བློར་འཛིན་དགོས་པ་ནི་རྒྱུ་མཚན་ཡོད་པ་ཞིག་རེད། འོན་ཀྱང་། ངེད་ཚོས་ནམ་རྒྱུན་ཆོས་རྩོད་རྒྱག་བཞིན་མེད་ལ། དེ་བཞིན་བློ་རུ་བཟུང་ཚར་བའི་དཔེ་ཆ་དག་མི་བརྗེད་པའི་ཆེད་དུ། མཚམས་མི་ཆད་པར་སྐྱོར་སྦྱངས་བྱས་ནས་དུས་ཚོད་མང་པོ་གཏོང་དགོས་པ་རེད། རྒྱ་གར་དུ་ཡོད་པའི་བོད་པ་མང་བོ་ཞིག་གིས་སྔོན་གྱི་སྲོལ་རྒྱུན་གྱི་དེ་ཉར་ཚགས་བྱས་པར་བརྟེན། ཆོས་ཀྱི་ཤུགས་རྐྱེན་དེ་མུ་མཐུད་དུ་ཁོ་ཚོའི་ནང་དུ་དར་ནས་ཡོད་པ་རེད།

  ནུབ་ཕྱོགས་ཀྱི་ཞིབ་འཇུག་པ་མང་བོ་ཞིག་ལ་མཚོན་ན། ཁོང་ཚོས་དངོས་ཡོད་གནས་ཚུལ་དང་ལོ་ཚིགས་སོགས་འཚོལ་ཆེད་དུ་དུས་ཚོད་མང་པོ་གཏོང་བཞིན་ཡོད་པ་རེད། བོད་མི་རྣམས་ཀྱི་ཁྲོད་དུ་ཚན་རིག་གི་ཞིབ་འཇུག་ནི་ད་དུང་གོམ་པ་གསར་དུ་སྤོས་པ་ཙམ་རེད། ད་ལྟ་ངེད་རང་བོད་པ་སྐོར་ཞིག་དང་མཉམ་དུ་ཡོད་སྐབས། ངེད་ཀྱིས་རང་ཉིད་ཁོང་ཚོ་དང་མི་འདྲ་བ་ཞིག་ཏུ་ཚོར་གྱིན་འདུག ད་ལྟ་ང་ལ་བོད་ཀྱི་འདུ་ཤེས་གོམས་སྲོལ་ལས་ནུབ་ཕྱོགས་པ་དང་། ལྷག་པར་ཧྥ་རན་སིའི་ཚོར་བ་ཤུགས་ཆེན་པོ་འདུག ངེད་ཀྱིས་བསམ་ན། དཔེ་ཀློག་གིས་ཏན་ཏན་ངེད་ཀྱི་མི་ཚེ་དང་རིག་གཞུང་ལྟ་ཚུལ་ལ་བསམ་ཡུལ་ལས་འདས་པའི་ཤུགས་རྐྱེན་ཐེབས་འདུག

  བཀའ་འདྲི་གནང་མཁན།

  དུས་ཡུན་རིང་པོའི་སྔོན་དུ། ངེད་ཀྱིས་དུས་རབས་ཉི་ཤུ་པའི་སྟོད་དུ་བྱོན་པའི་བོད་པ་ཨ་སྒྲུབ་མགོན་པོ་ཧྥ་རན་སིར་བསྡད་པའི་ཉམས་མྱོང་སྐོར་བཀླགས་པ་ཡིན། ཨ་སྒྲུབ་མགོན་པོ་ལགས་ཧྥ་རན་སིའི་མཁས་དབང་དང་ཡུལ་སྐོར་བ་སྐད་གྲགས་ཅན་ཇ་ཁུ་བྷ་ཁོ་(Jacques Bacot)ལགས་དང་བོད་དུ་ཐོག་མར་ངོ་ཤེས་ཤིང་། རྗེས་སུ་མགོན་པོ་ལགས་ཁོང་ཧྥ་རན་སིར་གདན་ཞུས་གནང་འདུག་ལ། ཁོང་གི་རྒྱལ་ཁབ་འདིའི་སྐོར་གྱི་མཐོང་ཐོས་ཉམས་མྱོང་ནི་ངོ་མཚར་བ་ཞིག་རེད། ང་ཚོ་ནུབ་ཕྱོགས་པའི་རིག་གཞུང་སྐོར་ནས། ཁྱེད་རང་ལ་ངོ་མཚར་ཆེ་ཤོས་དེ་ག་རེ་བྱུང་སོང་།

  མཁར་རྨེའུ་བསམ་གཏན།

  ད་ལྟ་གསལ་བོ་དྲན་པ་ཞིག་ལ། ངེད་ཚོ་ཐོག་མར་ལོན་ཊོན་གནམ་ཐང་དུ་མི་ལས་བྱེད་པ་འགའ་ཤས་ནུབ་ལྭ་རང་འགྲིག་ཆ་ཚང་རེ་གྱོན་ནས་སླེབས་བྱུང་། ངེད་ཚོའི་སེམས་སུ་ནུབ་ལྭ་རང་འགྲིག་འདི་རིགས་ནི། སྐུ་དྲག་འབྱོར་ལྡན་ཁོ་ནས་གྱོན་གོས་ཡིན་རྒྱུ་རེད་བསམ་སོང་། དེར་བརྟེན། སྐུ་ཞབས་སུ་ནེལ་གུ་རོ་ཝེ་ལགས་ཀྱིས་ངེད་ཚོ་ཚང་མར་ནུབ་ལ་ཆ་ཚང་རེ་རེ་ཉོ་གནང་མཛད་སྐབས། ཐོག་མར་ཅུང་ཟད་ཧ་ལས་པ་འདྲ་བོ་བྱུང་སོང་།

  བཀའ་འདྲི་གནང་མཁན།

  ཁྱེད་ཀྱི་མྱོང་ཚོར་འདིས་ངེད་ལ་ཨ་སྒྲུབ་མགོན་པོ་ལགས་ཀྱི་སྐད་ཆ་ཞིག་དྲན་དུ་བཅུག་སོང་། ཁོང་ཧྥ་རན་སིའི་མར་སེལེས་(Marseille) གྲོང་ཁྱེར་དུ་ཕེབས་རྗེས། ཁོང་གིས་གྲོང་ཁྱེར་དེ་ན་ཕྱུག་པོ་རྐྱང་རྐྱང་ལས། དབུལ་བོ་གཅིག་ཀྱང་མི་འདུག་ཅེས་གསུངས་གནང་འདུག

  མཁར་རྨེའུ་བསམ་གཏན།

  དོན་དག་ཁྱད་མཚར་གཞན་ཞིག་ནི། བོད་པ་རྣམས་ལ་མཚོན་ན། ཕན་ཚུན་ལག་པ་དང་ཕྲག་པར་འཇུས་ནས་འགྲོ་བ་སོགས་རྒྱུན་ལྡན་ཡིན་པས། དེ་ལ་དོགས་སྣང་གང་ཡང་ཡོད་མ་རེད། ང་ཚོས་ཐུག་རེག་མི་བྱེད་ས་ནི་འགོས་ནད་ཅན་དང་བཤན་པ། མགར་བ་སོགས་རིགས་དམའ་བོ་དང་མི་གཙང་བར་རྩི་བ་དེ་ཚོ་ཙམ་རེད། ངེད་ཚོར་འདིར་སླེབས་རྗེས་ལམ་སངས་གོམ་གཤིས་དེ་དག་བསྒྱུར་ཐུབ་མ་སོང་མོད། བོད་པའི་བྱེད་སྟངས་དེ་ཁོང་ཚོའི་ལུགས་སྲོལ་ལ་ཏག་ཏག་ཅིག་འགྲིག་མེད་པ་ལམ་སངས་ཤེས་སོང་། གོམས་གཤིས་གསར་པ་ཞིག་སྦྱོང་རྒྱུ་དེ་ལས་སླ་པོ་ཞིག་མིན་ན་ཡང་། ངེད་ཚོས་རིམ་པ་བཞིན་དུ་སྦྱངས་པ་ཡིན། ཡང་མི་འདྲ་ས་གཞན་ཞིག་ཡོད་པ་ནི། བོད་པ་རྣམས་ཀྱིས་སྣང་དོགས་མེད་པའི་ངང་ལག་པ་འཇུ་རེས་སོགས་བྱེད་ནའང་། གྲོགས་པོ་ནང་ཕན་ཚུན་བར་འོ་བྱེད་པའི་ལུགས་སྲོལ་དེ་ཡོད་པ་མིན།

  དེ་བཞིན་དུ་གོམས་འདྲིས་བྱེད་དཀའ་བའི་ནུབ་ཀྱི་སྲོལ་གཅིག་ནི་དུས་འགྱངས་བྱེད་མི་རུང་བ་དེ་རེད། དུས་བཅད་བྱས་པའི་སྐབས་ཏག་ཏག་ལ་མི་སླེབས་པ་ནི་གུས་ཞབས་མེད་པ་ཞིག་ལ་རྩི་བ་རེད། བོད་ནང་ལ་སྔོན་ཆད་སྟབས་བདེའི་ཆུ་ཚོད་སོགས་མེད་པར་བརྟེན། དུས་ཚོད་ཏག་ཏག་སྟངས་འཛིན་བྱེད་མི་ཐུབ་པ་ནི་གོམས་གཤིས་དེ་དང་འབྲེལ་བ་ཡོད་པ་ཞིག་མིན་ནམ་སྙམ། ལོན་ཊོན་དུ་ཐོག་མར་སླེབས་སྐབས། སྐུ་ཞབས་སུ་ནེལ་གུ་རོ་ཝེ་ལགས་ཀྱི་ལས་རོགས། ཤར་པ་པ་སངས་ཁམས་པ་ཆེ་ལགས་འདིར་སླེབས་ནས་དུས་ཚོད་མང་བོ་འགོར་འདུག ཁོང་གིས་ཐོག་མར་ངེད་ཚོར་སློབ་སྦྱོང་གི་མགོ་འདྲེན་གནང་བ་རེད། པ་སངས་ལགས་ཀྱིས་ང་ཚོར་དུས་ཆད་བགོས་པར་ངེད་ཚོས་མོས་མཐུན་བྱས་མོད། རྗེས་མར་ང་ཚོ་དུས་ཆད་ཀྱི་ས་དེར་སླེབས་དུས་རྗེས་ལུས་ཐེབས་འདུག་པས། ཁོང་སྐུ་རླུང་ཆེན་པོ་བཞེངས་འདུག་པ་མ་ཟད་བློ་ཕམ་ཡང་བྱུང་འདུག འོན་ཀྱང་། རིམ་བཞིན་ནུབ་ཀྱི་གོམས་གཤིས་དེ་དག་ལ་འདྲིས་པར་བྱས་པ་ཡིན།

  བཀའ་འདྲི་གནང་མཁན།

  ཕྱི་ལོ ༡༩༨༥ ལོར་ཁྱེད་རང་ཕྱིར་རང་གི་ཕ་ཡུལ་དུ་ཕེབས་པ་རེད། སྐབས་དེར་ཁྱེད་ཀྱིས་ཉམས་ཆག་དང་འགྱུར་ལྡོག་ཆེན་པོ་ཐེབས་པའི་ཕ་ཡུལ་དངོས་སུ་མཐོང་ཞིང་། ཁྱེད་རང་ཆུང་དུས་གྲྭ་པ་ཡིན་སྐབས་ནས་བཟུང་ངོ་ཤེས་པའི་ནང་མི་སྤུན་ཟླ་དང་གྲོང་པ་ཁྱིམ་མཚེས་སོགས་ལ་འཕྲད་པ་རེད། སྐབས་དེར་ཁོང་ཚོས་ཁྱེད་རང་མཁས་པ་ཆེན་པོ་ཞིག་ཏུ་ཆགས་ཡོད་པའང་ཤེས་རྟོགས་བྱུང་ཡོད་ངེས་པས། ཁྱེད་ཀྱི་ཕ་ཡུལ་གྱི་འགྲུད་བཞུད་དེ་ག་འདྲ་བྱུང་སོང་།

  མཁར་རྨེའུ་བསམ་གཏན།

  དུས་སྐབས་དེར། ངེད་ལ་རང་ཉིད་ལས་ཁྱད་པར་ཆེན་པོ་ཤོར་བའི་ཡུལ་མི་རྣམས་ལ། སྟབས་བདེ་བོའི་ངང་དུ་རང་ཉིད་ཀྱི་སྐོར་ངོ་སྤྲོད་བྱེད་པར་དཀའ་ངལ་ཆེན་པོ་བྱུང་། ལྷག་པར་དུ་སྐབས་དེར། ངེད་ནི་སྐྱ་སར་བབས་ནས་ཆང་ས་བརྒྱབ་ཟིན་པ་མ་ཟད་བྱིས་པ་ཞིག་གི་ཕ་རྒན་ཡང་རེད། ཆུང་དུས་ངེད་རང་གྲྭ་པ་ཡིན་སྐབས་ནས་ངོ་ཤེས་མཁན་སྐོར་ཞིག་གིས། ད་དུང་ཡང་ངེད་རང་གྲྭ་པ་རྣམས་དང་གདན་ཐོག་གཅིག་ཏུ་འཇོག་བཞིན་འདུག དེ་ནི་ང་ལ་མཚོན་ན་འདོད་མོས་མེད་པ་ཞིག་རེད། བོད་མི་རྣམས་ལ་མཚོན་ན། ཆོས་ལུགས་ཀྱི་བརྩི་བཀུར་དང་སྤྱི་ཚོགས་ཀྱི་བརྩི་བཀུར་བར་དབྱེ་བ་ཆེན་པོ་འབྱེད་མི་ཐུབ་པ་ཞིག་རེད། ངེད་ལ་སྤྱི་ཚོགས་ཀྱིས་ཆེ་མཐོང་ཐོབ་པར་དགའ་པོ་ཡོད་ཀྱང་། ཆོས་ལུགས་རང་བཞིན་གྱི་ཆེ་མཐོང་སྤྲད་པར་འདོད་མོས་མེད། གང་ཡིན་ཟེར་ན་ངེད་ནི་མི་ལོ་མང་བོའི་སྔོན་ཞིག་ནས་གྲྭ་ཟུར་ཆགས་ཟིན་པ་ཡིན།

  བཀའ་འདྲི་གནང་མཁན།

  ཁྱེད་རང་ཕ་ཡུལ་དུ་སྐྱོད་པའི་འགྲུལ་བཞུད་དེའི་སྐབས་དང་སྟབས་ཁེལ་ནས། ཡུལ་མི་རྣམས་ཀྱིས་མི་ལོ་མང་པོའི་རྗེས་སུ་སླར་ཡང་ཡུལ་ལྷ་གཞི་བདག་གསོལ་མཆོད་བྱེད་ཐུབ་པ་བྱུང་ཡོད་འདུག ཁྱེད་ཀྱིས་སྐབས་དེའི་གནས་ཚུལ་དེ་རྩོམ་ཡིག་ཅིག་གི་ནང་དུ་བཀོད་དོན། "མི་རིགས་ཀྱི་ངོ་བོ་ནི་མི་སྒེར་རེ་རེའི་ངོས་ནས་རང་ཉིད་རྒྱལ་ཞེན་ཅན་དང་། སོ་སོའི་སྤྱི་ཚོགས་ཀྱི་འཐུས་མི་བསྙོན་མེད་དུ་ངོས་འཛིན་བྱས་པ་ལས་གྲུབ་པ་རེད"ཅེས་གསུངས་འདུག་ལ། ཁྱེད་རང་ཕྱིར་ཕ་ཡུལ་གྱི་གྲོང་གསེབ་ཏུ་སླེབས་སྐབས། ཏག་ཏག་ཡུལ་ལྷ་གསོལ་མཆོད་བྱེད་བཞིན་པའི་སྐབས་དང་འཕྲད་པར་བརྟེན། ཁྱེད་རང་ཉིད་ལ་འགྱུར་བ་ག་ཚོད་ཅིག་ཐེབས་པའི་སྐོར་གསུངས་གནང་འདུག ཁྱེད་ཀྱིས་རང་གི་ཕ་ཡུལ་དང་ཕ་ཡུལ་གྱི་ཡུལ་མི་མང་པོ་ཞིག་ཆུང་དུས་ནས་ངོ་ཤེས་པར་བརྟེན། རང་ཡུལ་གྱི་ཡུལ་ལྷ་གཞི་བདག་སྐོར་ལ་ཞིབ་འཇུག་བྱེད་འདོད་ཆེན་པོ་ཡོད་པ་རེད། དམིགས་ཡུལ་དང་འགྲུལ་བཞུད་དེ་གཉིས་ག་འདྲ་བྱུང་སོང་ངམ།

  མཁར་རྨེའུ་བསམ་གཏན།

  བོད་དུ་མི་ལོ་ཉི་ཤུ་ལྷག་གི་རིང་དུ་ཡུལ་ལྷ་གཞི་བདག་གཏན་ནས་གསོལ་མཆོད་བྱེད་མི་ཆོག་པ་བཟོས་པ་རེད། ངེད་ཀྱིས་ཡུལ་མི་རྣམས་དང་ལྷན་དུ་བསང་གསོལ་ལ་མཉམ་ཞུགས་བྱས་པ་ཡིན་མོད། མཉམ་ཞུགས་བྱེད་ཚུལ་དེ་ཡུལ་མི་དྲུག་ཅུ་ལྷག་གིས་བསང་གསོལ་བྱེད་ཚུལ་དང་ཅུང་མི་འདྲ་བ་རེད། ངེད་ཀྱིས་ཆོ་ག་དེའི་འགོ་མཇུག་བར་གསུམ་ཡོངས་རྫོགས་ལ་པར་མང་བོ་བརྒྱབ་པ་ཡིན། ངེད་རང་ཡུལ་མི་མིན་པར་བརྟེན་ཁོང་ཚོ་ནང་བཞིན་བསང་འབོད་དང་གསོལ་མཆོད་སོགས་བྱས་མེད་ལ། ཆོ་ཀ་ཕྱག་ལེན་དེ་དག་སྐོར་ལ་ཞིབ་འཇུག་བྱེད་འདོད་ཡོད་པ་ལས་མཉམ་ཞུགས་བྱེད་འདོད་མེད། ངེད་ཀྱིས་ཁོང་ཚོ་དང་མཉམ་དུ་གསོལ་མཆོད་བྱས་ན་མི་ཁ་ཤས་དགའ་བོ་བྱུང་རྒྱུ་ཡིན་པ་འདྲ། ཁོང་ཚོས་ཡུལ་ལྷ་གཞི་བདག་ལ་ཡིད་ཆེས་བྱེད་ཚུལ་དེས། ངེད་རང་ཧང་སངས་བཅུག་སོང་ལ། ངེད་ཀྱིས་བསང་གསོལ་མ་བྱས་པས་ཁོང་ཚོ་དགའ་བོ་མ་བྱུང་པའང་ཚོར་བྱུང་། ཡུལ་མི་རྣམས་ཀྱིས་སྔོན་གྱི་ལུགས་སྲོལ་བཞིན་ཆོས་ལུགས་ཀྱི་ཆོ་ཀ་འདི་དག མི་རབས་རྒན་པ་ཚོས་ཇི་ལྟར་རྒྱུན་འཛིན་བྱས་པ་ནང་བཞིན་བྱེད་འདོད་འདུག

  ཡུལ་ལྷ་གསོལ་མཆོད་དེའི་ཁྲོད་དུ་ངེད་རང་མཉམ་ཞུགས་བྱེད་ཐུབ་པའི་ཆེད་དུ། གོ་སྒྲིག་བྱེད་མཁན་དག་གིས་བསང་གསོལ་དུས་ཐོག་ཏུ་འཚོག་ཐུབ་པར་དཀའ་ལས་མང་པོ་བརྒྱབ་འདུག སྐབས་དེར་ངེད་རང་ཁོང་ཚོ་དང་མི་འདྲ་བ་ཞིག་ཏུ་མི་ཆགས་པར། རང་ཉིད་ཀྱིས་ཀྱང་གཟབ་གཟབ་ཆེན་པོ་བྱས་པ་ཡིན། ངེད་ཀྱིས་ནུབ་ལྭ་གྱོན་ཡོད་ནའང་གྲོགས་པོ་རྣམས་ཀྱིས་རེ་འདོད་དང་ཁོང་ཚོར་སྟབས་བདེ་བོ་ཡོང་ཆེད་དུ། བོད་ལྭ་ཆ་ཚང་ཞིག་གྱོན་པས་ངེད་རང་ཡང་ཁོང་ཚོ་ནང་བཞིན་བོད་པ་ཞིག་ཡིན་པའི་ངོས་འཛིན་ཐོབ་བྱུང་། ད་དུང་དུས་སྐབས་དེར། པར་ཆས་ཤིག་འཁྱེར་རྒྱུ་ཡོད་ན་རང་བཞིན་གྱིས་གཞན་དང་མི་འདྲ་བ་ཞིག་ཏུ་མཐོང་བཞིན་འདུག འོན་ཀྱང་། ངེད་ཀྱིས་པར་ཆས་འདི་ཞིབ་འཇུག་གི་ཆེད་དུ་ཡིན་ཞེས་སུ་ལའང་འགྲེལ་བཤད་བྱས་མེད། སྐབས་དེར། ངེད་ཀྱི་གྲོང་གསེབ་ཀྱི་མི་མང་ཆེ་ཤོས་ཡིག་རྨོངས་པ་ཡིན་པར་བརྟེན། ངེད་ཀྱིས་འགྲེལ་བཤད་མགོ་རྙོག་པོ་དེ་འདྲ་བྱེད་མི་དགོས་པའི་ཐབས་ཤེས་བྱས་པ་ཡིན།

  ངེད་ཀྱི་འདོད་མོས་དང་དགའ་ཕྱོགས་ནི་ཡུལ་མི་རྣམས་ཀྱིས་གསོལ་མཆོད་བྱེད་སྟངས་དང་། འདུ་ཤེས་འཛིན་སྟངས་སྐོར་ལ་ཞིབ་འཇུག་བྱེད་འདོད་པ་དེ་རེད། ངེད་ཀྱིས་ཁོང་ཚོ་དང་མཉམ་དུ་བསང་གསོལ་མ་བྱས་པ་དེ་ཁོང་ཚོར་ངོ་ལོག་ཆགས་མེད་ནའང་། བྱེད་སྟངས་དེས་ཁོང་ཚོ་བདེ་བོ་མེད་པ་ཏན་ཏན་བཟོས་ཡོད་ས་རེད། དེར་བརྟེན། ངེད་རང་ནི་ཁོང་ཚོའི་དྲན་ངོས་སུ་འཆར་བཟོ་བྱས་ཡོད་པའི་མི་དེ་འདྲ་ཞིག་མ་ཡིན་པར། འགྱུར་ལྡོག་ཆེན་པོ་ཕྱིན་པ་དེར་ཁོང་ཚོ་ཧང་སངས་ཡོད་ངེས། ཡུལ་ལྷ་བསང་གསོལ་གྱི་རྗེས་ནས་བཟུང་། ཡུལ་མི་མང་བོ་ཞིག་གིས་ངེད་ཀྱི་དད་མོས་སྐོར་ལའང་དོགས་པ་ཟོས་ཡོད་ས་རེད་མོད། ཐད་ཀར་ངེད་ལ་འདྲི་མཁན་དེ་འདྲ་བྱུང་མ་སོང་། ངེད་རང་ཕྱི་ལོགས་ཀྱི་མི་ཡིན་པ་ཁོང་ཚོའི་སེམས་ན་གསལ་བོ་ཡིན་ནའང་། ཆོས་ལུགས་དང་འབྲེལ་བའི་ངེད་ཀྱི་བྱེད་སྟངས་དེར་དགའ་བོ་བྱུང་ཡོད་མེད་པ་འདྲ། ནམ་རྒྱུན་ཡིན་ན། བསང་གསོལ་གྲུབ་རྗེས་ཆང་འཐུང་བ་དང་ཞབས་བྲོ་འཁྲབ་པ། རྟ་རྒྱུགས་བྱེད་པ་སོགས་མང་བོ་ཡོད་པ་རེད། སྲོལ་རྒྱུན་ལྟར་ན། རྟ་རྒྱུགས་མ་བྱས་པའི་སྔ་རོལ་དུ་ཡུལ་གྱི་སྡེ་དཔོན་གཏམ་བཤད་ལ་མཁས་པ་དག་གིས་གཏམ་ཁ་ལྕེའི་རྩལ་ངོམ་སྲོལ་ཡོད་པ་རེད། ཕྱི་ལོ ༡༩༨༥ ལོར་དུས་སྟོན་སྐབས་སུ། ལུགས་སྲོལ་དེ་དག་གཅིག་ཀྱང་ལྷག་མི་འདུག དེ་བཞིན་རྟ་རྒྱུགས་དང་འབྲེལ་བའི་སྔོན་ཆད་ཀྱི་གོམས་སྲོལ་གཞན་པ་མང་བོ་ཞིག་ཀྱང་ཡོངས་སུ་བརླག་ཟིན་འདུག

  བཀའ་འདྲི་གནང་མཁན།

  ཡུལ་མི་ཚོས་ཁྱེད་རང་མི་ཚེའི་འགྲུལ་བཞུད་ཁྲོད་དུ། གྲུབ་འབྲས་ཐོབ་མཁན་ཞིག་ཏུ་རྩི་བཞིན་མི་འདུག་གམ། ཁྱེད་རང་གིས་འཛམ་གླིང་རང་བཞིན་གྱི་ཤེས་བྱ་མང་བོ་ཞིག་ཤེས་པ་མ་ཟད། གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ཏུ་གོ་གནས་ཡང་རག་ཡོད་པ་རེད། གནད་དོན་འདི་དག་གིས་ཡུལ་མི་རྣམས་ཀྱིས་ཁྱེད་ལ་ལྟ་ཚུལ་ལ་ཏན་ཏན་ཤུགས་རྐྱེན་ཐེབས་ཡོད་རྒྱུ་རེད།

  མཁར་རྨེའུ་བསམ་གཏན།

  ཡུལ་མི་མང་པོ་ཞིག་གིས་ངེད་རང་གྲུབ་འབྲས་ཆེན་པོ་ཐོབ་མཁན་གྱི་དཔེ་མཚོན་ཞིག་ལ་རྩི་བཞིན་ཡོད་པ་འདྲ། དེར་མ་ཟད། ངེད་ཀྱི་ནང་མི་རྣམས་ཀྱིས་ངེད་རང་ཕ་ཡུལ་དུ་ཕྱིར་ལོག་བྱུང་ན་བསམ་བཞིན་འདུག ཁོང་ཚོའི་བསམ་པར་གལ་སྲིད་ངེད་རང་ཕ་ཡུལ་དུ་ལོག་ན། ཁོང་ཚོ་ཡང་རང་བཞིན་གྱིས་ངེད་རང་ནང་བཞིན་ཆགས་འགྲོ་རྒྱུ་རེད་བསམ་བཞིན་ཡོད་པ་འདྲ། དུས་སྐབས་དེ་འདྲ་ལ་ཕ་ཡུལ་ཏུ་གཏན་དུ་ཕྱིར་ལོག་བྱེད་རྒྱུ་ནི། ངེད་ལ་མཚོན་ན་སེམས་ལ་འཁོར་མི་ཐུབ་པ་ཞིག་རེད། དོན་དངོས་དེ་དག་ཡོད་ཚད་སེམས་སྐྱོ་བའི་གནད་དོན་རྐྱང་རྐྱང་རེད། ཡུལ་མི་ཁ་ཤས་ཀྱིས་ད་དུང་ངེད་རང་ལ་མཐུ་ནུས་དེ་འདྲའང་ཡོད་རྒྱུ་རེད་བསམ་ཡོད་པ་འདྲ། ཉིན་ཞིག་ཨ་མ་ཞིག་གིས་ཁོང་མོའི་ཕྲུ་གུ་ཁུར་ནས་ངེད་རང་ལ་འཕྲད་པར་སླེབས་བྱུང་། ཁོང་མོས་ཕ་ཡུལ་གྱི་བླ་མ་རྣམས་ཀྱིས་གཞན་ལ་ཞལ་ཕུ་འདེབས་པ་ནང་བཞིན། ཁོང་མོའི་ཕྲུ་གུའི་ཁ་ནང་ལ་ངེད་ཀྱིས་ཕུ་ཞིག་འདེབས་རོགས་ཟེར་བྱུང་། ངེད་རང་དབང་མེད་པར་གད་མོ་ཤོར་དགོས་ཐུག་པས་ཨ་མ་དེ་དགའ་བོ་བྱུང་མ་སོང་། ངེད་ཀྱིས་རྐང་བཙུགས་ནས་དེ་འདྲ་བྱས་པ་མིན་མོད། རྗེས་སུ་རང་ཉིད་ཀྱི་བྱེད་སྟངས་ལ་ལེ་བདའ་བྱེད་དགོས་བྱུང་། ཁོང་ཚོས་ངེད་རང་ནི་མཁས་པ་བྱིན་རླབས་དང་ནུས་མཐུ་ཡོད་མཁན་ཞིག་ཡིན་རྒྱུ་རེད་བསམ་འདུག ཕ་ཡུལ་དུ་མཁས་པ་རྣམས་ལ"ངག་གི་དབང་བོ”ཟེར་ཞིང་རྩ་ཆེན་པོར་རྩི་བ་རེད། ཨ་མ་ལགས་དེས་གལ་སྲིད་ངེད་ཀྱིས་ཁོང་མོའི་ཕྲུ་གུའི་ཁ་ནང་དུ་ཕུ་བཏབ་པ་ཡིན་ན། རྗེས་མ་ཕྲུ་གུ་དེ་ངེད་རང་ནང་བཞིན་ཞིག་ཡོང་གི་རེད་བསམ་པའི་ཡིད་ཆེས་ཡོད་པ་ཡིན་འདུག

  དེ་བཞིན་དུ་ཡུལ་མི་རྣམས་ཀྱིས་ངེད་རང་སྐད་གྲགས་ཅན་ཞིག་ཏུ་ཆགས་ཡོད་པ་ཤེས་འདུག་ནའང་། ཅིའི་ཕྱིར་དུ་སྐད་གྲགས་ཆགས་པ་ཤེས་མི་འདུག ཁོང་ཚོས་ངེད་རང་ནི་མི་ཁྱད་པར་ཅན་ནུས་མཐུ་ཆེན་པོ་ཡོད་མཁན་ཞིག་ཏུ་ངོས་འཛིན་བྱས་འདུག ངེད་རང་ང་ཚོའི་ས་ཕྱོགས་ཀྱི་དགོན་པ་ཆེ་ཤོས་དང་རྩ་ཆེ་ཤོས་སུ་རྩི་བའི་དགའ་མལ་དགོན་དུ་བསྐྱོད་སྐབས། དགོན་པའི་གྲྭ་པ་ཉིས་བརྒྱ་ལྷག་ལམ་འགྲམ་གཡས་གཡོན་དུ་ཁ་བཏགས་བཟུང་ཞིང་སེར་ཕྲེང་བསྒྲིགས་ཏེ། "རིན་པོ་ཆེ་ཆུང་ཆུང"ཞིག་ཕེབས་པ་དང་འདྲ་བར་ངེད་རང་ལ་ཕེབས་བསུ་བྱས་བྱུང་(ཀུ་རེའི་ཚུལ་དུ།)། ཡིན་ན་ཡང་། ངེད་ཀྱིས་ཐབས་ཤེས་ཡོད་རྒུས་ཡུལ་མི་རྣམས་ངེད་རང་གི་དངོས་ཡོད་གནས་སྟངས་ལ་གོ་ནོར་མི་ཐེབས་པའི་ཐབས་ཤེས་གང་དྲག་བྱས་པ་ཡིན། སྐབས་དེར་ངས་གྲྭ་པ་རྣམས་ཀྱིས་ཕུལ་བའི་ཁ་བཏགས་རྣམས་མི་ལེན་ཀ་མེད་བྱུང་། འོན་ཀྱང་། ངེད་རང་ཉིད་སྔོན་མ་གྲྭ་པ་ཡིན་སྟབས། གནས་སྟངས་དེ་དག་དང་འཕྲད་སྐབས་དོགས་མི་བདེ་བ་ཆེན་པོ་བྱུང་སོང་།

  ཉིན་གཉིས་པར་དགོན་པ་དེའི་སློབ་དཔོན་གཙོ་བོ། སྔོན་ཆད་ངེད་རང་འབྲས་སྤུངས་སུ་སྡོད་སྐབས་ཀྱི་སློབ་གྲོགས་ཡིན་པ། མཁས་དབང་སྐལ་བཟང་དར་རྒྱས་ལགས་དང་ཁ་བརྡ་བྱུང་། ཁོང་གིས་གསུང་རྒྱུར། "ཁྱེད་ཀྱིས་ང་ཚོ་བོར་ཟིན་པ་དང་ཁྱེད་རང་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་མེད་པར་ཆགས་པ་དེར་སེམས་པ་སྐྱོ་བོ་བྱུང་། ངེད་གཉིས་ཀྱིས་དུས་ཡུན་རིང་པོར་འབྲས་སྤུངས་སུ་མཉམ་དུ་འཚོ་བ་བསྐྱལ་ཅིང་། སྐབས་དེར་ཁྱེད་རང་ང་ཚོའི་དགོན་པར་ཕན་ཐོགས་པའི་དགེ་བཤེས་ཤིག་ཆགས་གི་རེད་བསམ་བྱུང་། ད་ལྟ་ཁྱེད་རང་སྐྱ་སར་བབས་འདུག་པ་མ་ཟད། ཁྱེད་ཀྱི་ཕྱག་ལས་དག་ང་ཚོར་བེད་སྤྱོད་ཁྱོན་ནས་མེད་པ་ཅིག་རེད"ཅེས་ཐུགས་སེམས་སྐྱོ་བོའི་ངང་དུ་གསུངས་བྱུང་། སྐད་ཆ་དེ་ཕལ་ཆེར་བདེན་པ་རེད། ད་ལྟ་ཅིག་བྱས་ན། ངེད་རང་ལ་བོད་པ་ལས་ནུབ་ཕྱོགས་པའི་གཤིས་ཀ་དང་འཚོ་བ་ལ་གོམས་ཡོད་པ་འདྲ། ངེད་རང་ཁོང་ཚོ་དང་མཉམ་དུ་ཡོད་སྐབས་བློ་བདེ་བག་ཕེབས་འདུག ངེད་རང་ནུབ་ཕྱོགས་སྤྱི་ཚོགས་དང་བློ་ཐག་ཉེ་བོ་ཆགས་དོན་གཅིག་ནི། ཁོང་ཚོའི་ཚན་རིག་སློབ་སྦྱོང་དང་གུ་ཡངས་རིག་གཞུང་གི་ཁྱད་ཆོས་གཉིས་ལ་བརྟེན་ནས་བྱུང་བ་རེད། དེ་བཞིན་ངེད་རང་ཉིད་ཀྱི་མི་ཚེ་གང་བོར་དོ་དབྱིངས་དང་དགའ་མོས་ཆེན་པོ་ཡོད་ས་དེའང་ཞིབ་འཇུག་གི་སྐོར་རེད། ངེད་ཀྱིས་ནམ་རྒྱུན་བོད་གླུ་མང་བོར་ཉན་བཞིན་མེད་མོད། ནུབ་ཕྱོགས་ཀྱི་རོལ་དབྱངས་རྩོམ་མཁན་བྷེས་ཐོ་བན(Beethoven)དང་། མོ་ཟར་ཏྲི་(Mozart)། མེན་རྡེལ་སོན(Mendelssohn) སོགས་དང་། ལྷག་པར་དུ་བྷེས་ཐོ་བན་ཀྱི་རོལ་མོ་དག་ལ་ཧ་ཅང་དགའ་བོ་ཡོད། ངེད་རང་དེང་རབས་བོད་ཀྱི་རི་མོའི་སྐོར་ལ་དོ་དབྱིངས་མི་འདུག་མོད། ཧྥ་རན་སིའི་རི་མོ་སྒྱུ་རྩལ་བ་མེག་ཏེསེ་(Matisse)དང་གོ་རྒེན་(Gauguin)གཉིས་ནི་ང་ལ་མཚོན་ན་དེང་རབས་སྒྱུ་རྩལ་བ་གལ་ཆེན་གཉིས་ཡིན། དེར་བརྟེན། གཅིག་བྱས་ན་ངེད་ཀྱི་གྲོགས་པོ་ཁོང་བདེན་པ་རེད་འདུག ངེད་རང་ནི་བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་ལ་བེད་སྤྱོད་མེད་པ་ཞིག་ཏུ་ཆགས་འདུག

                                                       རྫོགས་སོ།།

        བཀའ་འདྲི་གནང་མཁན་ངོ་སྤྲོད།

  བོད་རིག་པའི་ཞིབ་འཇུག་པ་སྐྱེས་མ་ཀ་ཏི་ཡ་བུ་ཧྥེ་ཏི་རིལ་ (Katia Buffetrille) ལགས་ནི་ཧྥ་རན་སིའི་མིའི་རིགས་རིག་པའི་ཞིབ་འཇུག་པ་དང་། བོད་ཀྱི་ཆོས་ལུགས་དང་འབྲེལ་བའི་གནས་སྐོར། ཆོས་ལུགས་ཆོ་ཀ ཡུལ་ལྷ་གཞི་བདག་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ལ། ཁོང་མོ་དངོས་སུ་ཨ་མྱེས་རྨ་ཆེན་དང་། རོང་བཙན་ཁ་བ་དཀར་པོ། གནས་ཆེན་ཙ་རི། གངས་རིན་པོ་ཆེ་སོགས་སུ་བསྐྱོད་ནས་ཞིབ་འཇུག་བྱེད་མྱོང་ཡོད་འདུག་ཅིང་། ཁོང་མོས་བོད་དང་འབྲེལ་ཡོད་ཀྱི་རྩོམ་ཡིག་དང་ཕྱག་དེབ་ཧ་ཅང་མང་པོ་བརྩམས་གནང་མཛད་ཡོད།

  ཡིག་སྒྱུར་ལོ་ཙཱ་པ་ངོ་སྤྲོད།

  སྦྲ་རིགས་ཐོགས་མེད་ནི་བོད་མདོ་སྨད་རྔ་བར་སྐྱེས་ཤིང་། སྔ་ཕྱིར་རྒྱལ་ཁབ་མང་པོར་སློབ་སྦྱོང་དང་ཞིབ་འཇུག་གི་ལས་ཀ་གཉེར་མྱོང་ལ། བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ཐོག་ཏུ་རྩོམ་ཡིག་སྤེལ་མཁན་ཞིག་ཡིན། ད་ལྟ་ཨོག་སི་ཧྥོར་ཌི་གཙུག་ལག་སློབ་གྲྭ་ཆེན་མོར་(University of Oxford) འབུམ་རམས་པའི་ཞིབ་འཇུག་གནང་བཞིན་ཡོད།

  གོང་གསལ་བཅར་འདྲི《བོད་མི་ཞིག་གི་འགྲུལ་བཞུད》ཅེས་པ་ནི་ཐོག་མར་ཧྤ་རན་སིའི་སྐད་ཐོག་ཏུ་བཤད་ནས་དཔར་སྐྲུན་བྱས་(Katia Buffetrille et Isabelle Henrion-Dourcy, Musique et épopée en Haute-Asie, Mélanges offerts à Mireille Helffer à l'occasion de son 90e anniversaire, L'asiathèque 2017, pp.409-427). ཕྱིས་སུ་ལྕམ་ཀ་ཏི་ཡ་བུ་ཧྥེ་ཏི་རིལ་གྱིས་བཅར་འདྲི་དེ་དབྱིན་སྐད་དུ་བསྒྱུར་གནང་མཛད། དེ་ནས་སྦྲ་རིགས་ཐོགས་མེད་ཀྱིས་དབྱིན་སྐད་ནས་བོད་སྐད་དུ་བསྒྱུར་བའོ།།

  ལུང་ཁུངས་ཡིག་ཆ་ཁག

  Bibliography

  Bacot, J. 1988 [1912] Le Tibet révolté. Vers Népémakö, la terre promise des Tibétains (Paris, peuples du monde-Raymond Chabaud).

  Blondeau, A.M. et A. Chayet. (trad.) 2014 L’épopée tibétaine de Gesar. Manuscrit David-Néel du musée Guimet (Paris, Éditions Findakly).

  Hamayon, R. 1990 La chasse à l’âme. Esquisse d’une théorie du chamanisme sibérien (Nanterre, Société d’ethnologie).

  Helffer, M. 1977 Les chants dans l’épopée tibétaine de Gesar d’après le livre de la course de cheval. Version chantée de Blo bzaṅ bstan ’jin (Genève-Paris, Librairie Droz).

  ———. 1997 L’origine des instruments de musique d’après un texte bon-po du XIXe siècle, in Karmay S.G. & Sagant P. (éds) Les habitants du Toit du monde. Hommage à Alexander W. Macdonald (Paris, Société d’Ethnologie), 343-361.

  Karmay, S.G. 1988 The Great Perfection (Rdzogs chen). A Philosophical and Meditative Teaching in Tibetan Buddhism (Leiden-New York Kobenhavn-Köln, Brill).

  ———. 1998 The Arrow and the Spindle. Studies in History, Myths, Rituals and Beliefs in Tibet (Kathmandu, Mandala Book Point).

  ———. [1994] 1998 Mountain Cult and National Identity. The Arrow and the Spindle. Studies in History, Myths, Rituals and Beliefs in Tibet (Kathmandu, Mandala Book Point), pp. 423-431. Karmay, S.G. et P. Sagant 1998 Les Neufs Forces de l’Homme : Récits des confins du Tibet (Paris, Société d’ethnologie).

  Snellgrove, D. Four Lamas of Dolpo: Autobiographies of Four Tibetan Lamas (15th-18th centuries). (Oxford, Bruno Cassirer).

  ———. 1980 [1967] The Nine Ways of Bon (Boulder, Prajna Press).

  Stein, R. A. 1956 L’épopée tibétaine de Gesar dans sa version lamaïque de Ling (Paris, PUF).

  ———. 1959 Recherches sur l’épopée et le barde au Tibet (Paris, Imprimerie Nationale)

འགྱུར་ཞུས་པ། གངས་དགའ།   རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་མི་ཞིག་གི་འགྲུལ་བཞུད།___བོད་རིག་པའི་ཞིབ་འཇུག་པ་ལྕམ་ཀ་ཏི་ཡ་བུ་ཧྥུ་ཏི་རིལ་(Katia Buffetrille) གྱིས་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་སུ་བཀའ་འདྲི་ཞུས་པ།

2020-09-28 ལྕམ་ཀ་ཏི་ཡ་བུ་ཧྥུ་ཏི་རིལ་(Katia Buffetrille) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།