གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བེ་རི་ཞེས་པའི་མིང་ཇི་ལྟར་བྱུང་ཚུལ།

2009-03-06 09:59:00 བེ་རི་འཇིགས་མེད་དབང་རྒྱལ། ཀློག་གྲངས། མཆན ཡོད།

        བེ་རི་ཞེས་པའི་མིང་འདི་ད་ལྟའི་ཏྲེ་བོ་བེ་རི་བའི་རྒན་རབས་པ་ཚོའི་ངག་རྒྱུན་བཤད་སྲོལ་ལྟ་ན་བེ་ཤིང་གི་ནགས་རི་ཡོད་པའི་ཁོར་ཡུག་ཏུ་བརྟེན་གཞིར་བྱས་པས་བེ་རི་ཞེས་པའི་མིང་འདི་ཐོགས་པར་བཤད། འགྲེལ་བཤད་དེ་ཉིད་གཞིར་བཟུང་གིས་དཔྱད་པ་རགས་ཙམ་གཏོང་ན། སྔོན་གྱི་བེ་རི་རྒྱལ་པོའི་མི་རྒྱུད་གང་ལས་ཆད་པའི་ཁུངས། མི་རྒན་ཚོའི་ངག་སྒྲོས་སུ། དང་པོ་ཨ་གྲགས་བེ་རི་ནས་ཆད། བར་དུ་ཆབ་མདོ་བེ་རི་ཆགས། ཐ་མར་ཏྲེ་བོ་བེ་རིར་འཐོར། ཞེས་བཤད་སྲོལ་ཡོད་པའི་དང་པོ་བེ་རི་ཆད་སའི་ཨ་གྲག་ཏུ་བེ་ཤིང་གི་ནགས་རི་ཡོད་པར་བཤད་པས་དོན་དངོས་ཀྱི་བྱུང་རིམ་ཇི་ལྟར་བྱུང་མིན་མི་ཤེས་ཀྱང་སྒྲའི་འགྲེལ་བཤད་ནི་ཐག་ཉེ་བ་ལྟ་བུ་སྣང༌། མིའུ་གདུང་དྲུག་ལས་ཕུ་བོ་ལྡོང་གི་རྒྱུད་པ་བཤད་པའི་སྐབས་བེ་རི་འལ་མདོ་གླིང་པ་སོགས་ལྡོང་གི་རུས་སུ་བཤད་པས། དེ་ལྟར་ན་ལྡོང་གི་རུས་ལ་གནའ་སྔ་མོ་ནས་བེ་རི་ཞེས་པའི་མིང་འདི་ཡོད་པ་འདྲ།
        རྒྱ་བོད་ཡིག་ཚང་ཆེན་མོ་ལས།༼སྟག་ཚང་དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་༥ཐོག་གསལ།༽ "ཕུ་བོ་ལྡོང་ལ་མཆེད་དྲུག་ཡོད། །སྟོད་ན་སྤ་ཚབ་འབྲིང་ཡས་གཉིས། །བར་ན་རོ་འཛི་རག་ཤི་གཉིས། །སྨད་ན་མེ་ཉག་ཇི་ཐན་གཉིས། །ཆེ་དྲུག་མཚན་ན་བཙུན་དྲུག་དེ། །བེ་རི་ལ་མདོ་དང་གླིང་པ་གཉིས། །རོ་འཛི་ལ་ཕུ་དང་འདབ་པ་གཉིས། །གྱི་ཐན་ལ་རྒྱས་སྡུས་ཆེ་ཆུང་གཉིས། །དེ་ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། །"ཞེས་འབྱུང་བ་ལྟར་ལྡོང་གི་རུས་ལ་ཆེ་བཙུན་སྤེལ་མ་བཅུ་གཉིས་བྱུང་བའི་ནང་ཚན་མདོ་པ་དང་གླིང་པ་གཉིས་ལ་བེ་རི་ཞེས་འདོགས་པ་གསལ་བས། དེ་ལྟར་ན་བེ་རི་ཞེས་པ་གནའ་སྔ་མོ་ནས་ཡོད་པའི་ལྡོང་གི་རུས་བྱེ་བྲག་པ་ཞིག་ལ་རུས་ཀྱི་རྒྱུད་པའི་ཐོག་ནས་བཏགས་པའི་རུས་མིང་ཡིན་ལ། ས་གནས་དང་ཁོར་ཡུག་གི་ཐོག་ནས་འདོགས་པ་ཞིག་མིན་པའང་སྙམ་མོད། གང་ལྟར་བེ་རི་ཞེས་པའི་མིང་འདི་ཆེས་སྔ་མི་ཞིག་ནས་ཡོད་པ་ལས་དུས་ཕྱིས་གསར་བཟོ་བྱས་པའི་མིང་ཞིག་མིན་པ་ནི་ཤིན་ཏུ་གསལ། འབྲི་སྲོལ་ཐད་ལ་བཀའ་ཆེམས་མཐོང་བ་དོན་ལྡན་ལས༼ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པ༽ ལྷ་ཤངས་པ་འུ་ཡུག་བི་རི་གསར་རྙིང་སྦྲ་མོ་ཆེ་དང་བཅས་པ་ཞེས་ཀྱང་བྲིས་སྣང་བ་དང༌། དུ་ཀུ་ལའི་གོས་བཟང་དུའང་བེ་རིའི་ཚབ་ཏུ་བི་རི་ཞེས་ཡང་ཡང་བྲིས་སྣང་མོད། དེ་ལྟ་ནའང་དུ་ཀཱུ་ལའི་གོས་བཟང་དུ། ཁམས་ཀྱི་གཙང་པོ་ལེ་ཆུ་སྔོན་པོའི་འགྲམ་ངོགས་ཀྱི་ཐང་དུ་ཆགས་པར་ལི་ཐང་འབོད་རྒྱུར་ལི་ཐང་ཞེས་དང༌། གནའ་བོའི་བོན་གྱི་ཡིག་ཆ་ལོ་རྒྱུས་ཁུངས་ལྡན་ཀུན་གྱི་ནང་དུ་ཁ་གཅིག་གྲགས་ལྟ་བུའི་མེ་ཉག་ལ་མི་ཉག་ཅེས་ནན་གྱིས་བྲིས་པ་ལྟ་བུས་བེ་རི་ཡང་ཨུ་ཚུགས་ཀྱིས་བི་རི་ཞེས་བསྒྱུར་བྲིས་བྱས་པ་ཞིག་ཡིན་མིན་ཡང་ཁ་ཚོན་གཅོད་ཐབས་བྲལ་ཏེ། ༼འཇའ་མན་བོད་རིག་པའི་ཞིབ་འཇུག་བགྲོ་གླེང་ནང་ཕྲན་གྱིས་བེ་རི་རྒྱལ་པོའི་མངའ་ཐང་དར་རྒུད་སྐོར་གྱི་གཏམ་བཤད་སྤེལ་སྐབས་ཨ་ལགས་བོན་རྒྱལ་རིན་པོ་ཆེས་བེ་རི་ནི་སྔོན་གྱི་ཡིག་རྙིང་ཁག་ཏུ་བྷེ་རི་ཞེས་བྲིས་ཡོད་ཚུལ་ལས་འཕྲོས་པའི་དཔྱོད་གཏམ་རིན་ཐང་བྲལ་བ་ཞིག་གསུངས་སོང་ཡང་ཟིན་བྲིས་བཏབ་མ་ཐུབ་པས་ད་ཆར་དྲན་ལམ་ནས་ཡལ་ཟིན།༽ རུས་ཡིག་སྣ་ཚོགས་པདྨ་དཀར་པོའི་སྐྱེད་ཚལ་ལས། "སྔོན་ཁམས་བེ་རི་རྒྱལ་པོ་ཞེས་བྱ་བར་ཁམས་ཀྱི་རྒྱལ་བོ་ཆེན་པོ་དེའི་གདུང་རིགས།" ཞེས་དང༌། ཉང་ཆོས་འབྱུང་དུ། "མདོ་སྨད་ལྷོ་ངོས་བི་རིའི་ས་ཡི་ཆ་"ཞེས་དང༌། མདོ་སྨད་ཆོས་འབྱུང་ལས། "སྨར་གཡོ་གཙང་གསུམ་མདོ་ཁམས་སུ་ཕེབས་པའི་ཐད་དུ། མདོ་སྨད་ལྷོ་ངོས་ཀྱི་བེ་རི་ཚྭ་མཚོ་"ཞེས་དང༌། བསྟན་བཅོས་མི་བུ་འདྲ་ཆགས་ལས། "སྐྱ་བཀྲ་སྒང་ལ་གཅུད་བཞི་ཡོད། །སྐྱ་དང་འུ་སི་མི་སུ་གསུམ། །ཙོང་ཁ་བཟུང་བའི་བེ་རི་བཞི། །སྐྱ་བཀྲ་སྒང་གི་བཅུད་བཞི་ཡིན། །"ཞེས་སོགས་སྔོན་གྱི་ཡིག་རྙིང་དུ་མའི་ནང་དུ་བི་རི་དང་བེ་རི་ཅི་རིགས་སུ་བྲིས་འདུག་པ་གཅིག་བྱས་ན་འབྲི་ཚུལ་གཞན་ནམ་གདམས་ང་ཅན་ཞིག་མིན་ནམ་ཡང་སྙམ་མོད། ཡིག་རྙིང་རྣམས་ཀྱི་ཁྲོད་ནས་དབུས་གཙང་མཁས་པས་བྲིས་པ་མང་དག་ཞིག་གི་ནང་དུ་བི་རི་དང༌། མདོ་ཁམས་ཀྱི་མཁས་པ་ཕལ་ཆེ་བའི་ཡིག་ཆར་བེ་རི་ཞེས་བྲིས་འདུག་པས། གཅིག་བྱས་ན་དབུས་གཙང་གི་གདངས་ཀྱིས་ཤན་ཤུགས་ཐེབས་ནས་བི་རི་ཞེས་བྲིས་ཐལ་བ་ཡང་ཡིན་འགྲོ་སྙམ། དེང་སང་ནི་བེ་རི་འབྲི་སྲོལ་འདི་ཉིད་ཁོ་ན་གྲགས་ཆེ། བེ་རུ་ཞེས་ཚགས་ཤོག་འགའ་ཞིག་ཐོག་བཀོད་པ་དག་ནི་མི་ཤེས་པའི་རྨོངས་འཚང་བསྟན་པ་ཙམ་ལས་རུས་མཛོད་དང་ཡིག་རྙིང་གཞན་གྱི་ཁུངས་གང་ཡང་མེད། དེས་ན་བེ་རི་ཞེས་པའི་མིང་འདི་ལོ་རབས་གང་ཞིག་ནས་མགོ་བཙུགས་ཏེ་བྱུང་བ་དང༌། རྒྱུ་མཚན་གང་ཞིག་ལ་བརྟེན་ནས་བཏགས་པའམ། ཡང་རྒྱུ་མཚན་ལ་མ་བརྟེན་པར་འདོད་རྒྱལ་དུ་བཏགས་པ་གང་ཞིག་ཡིན་པའི་ཁུངས་གསལ་བ་ཞིག་ད་དུང་དཔྱོད་ཞིབ་མ་ཐུབ་པས་ལོ་རྒྱུས་རིག་པའི་གཞུང་ལ་མཐོང་ཐོས་མྱོང་བའི་གཟུར་གནས་མཁས་པ་ཚོས་ཅིས་ཀྱང་དཔྱད་པར་ཞུ། འདིར་བེ་རི་ཞེས་པ་འདི་ཉིད་བར་ཁམས་བེ་རི་གཅིག་པོའི་ས་ཁུལ་གང་ལ་ཡོད་མེད་ཙམ་ལ་དཔྱད་པ་ལས་བེ་རིའི་མིང་ཐོགས་ཚད་འདི་ཉིད་ཁོ་ནར་ངོས་འཛིན་ཞུ་ཐབས་ཀྱང་དཀའ་བར་སྣང་སྟེ།  བོད་ཀྱི་ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པས་རྒྱལ་སྤྱི་བོད་རིག་པའི་ཞིབ་འཇུག་ཐོག་གཏམ་བཤད་སྤེལ་བའི་བེ་རི་དང་བེ་རི་རྒྱལ་པོའི་ལོ་རྒྱུས་སྐོར་ལ་དཔྱད་པ་ཞེས་པའི་ནང་གསལ་བ་ལྟར་མཐའ་གཅིག་ཏུ་ངོས་འཛིན་ཞུ་རྒྱུ་ཡང་དཀའ་བ་སྙམ། རྣམ་པ་གཅིག་ཏུ་ན་བོད་ས་སྟོད་སྨད་གང་ས་ན་ཡོད་པའི་བེ་རིའི་ས་མིང་དང་ཡུལ་མིང༌། རུས་མིང་ཅི་རིགས་སྣ་ཚོགས་ཡོད་པ་ཀུན་ཀྱང་བེ་རིའི་ས་ཁུལ་འདི་ནས་ཆད་པའི་བུ་རབས་ཚ་རྒྱུད་རྣམས་བོད་ས་སྟོད་སྨད་གང་སར་གྱར་བའི་རྒྱུད་པ་ལས་བེ་རིའི་མིང་ཡང་གང་སར་ཁྱབ་པ་ཡིན་སྲིད་སྙམ་སྟེ། དཔེར་ན་ཞི་བྱེད་རས་པས་མཛད་པའི་མི་ལའི་རྣམ་ཐར་ལས། མི་ལའི་འཁྲུངས་ཡུལ་སྟོད་གུང་ཐང་རྩྭ་རྔ་ནས་ཡིན་པ་དང༌། རུས་བེ་རི་ཡིན་ཚུལ་གསུངས་ཤིང༌། གཙང་སྨྱོན་ཧེ་རུ་ཀས། མི་ལའི་མི་རྒྱུད་ཁྱུང་པོ་ནས་ཆད་ཚུལ་གསུངས་པས་རིགས་བསྒྲེས་ན་ཆོག་པར་སྙམ།
      དུས་རབས་བཅུ་གཅིག་པའི་ནང་མདོ་ཁམས་ཁུལ་དུ་གླིང་སྡེ་ཕན་ཚུན་ནང་ཁུལ་རྒྱལ་སའི་ཐོབ་ཐང་ལ་རྩོད་པའི་དུས་ཟིངས་སྐབས་ས་གནས་འདིའི་རྒྱལ་པོ་ལྡོང་བེ་རི་ཉི་མ་རྒྱལ་མཚན་ཡིན་པའི་ལོ་རྒྱུས་གླིང་སྒྲུང་དུ་གསལ་བ་ལྟར་ཅིས་ཀྱང་བདེན་ངེས་སྙམ། དེ་ནས་རིམ་པར་བཞིན་བེ་རི་རྒྱལ་རྒྱུད་བར་མ་ཆད་དུ་བྱུང་སྟེ། སིལ་བུར་ཐོར་བའི་བོད་ཀྱི་རྒྱལ་ཕྲན་སུམ་བརྒྱ་དྲུག་ཅུ་ལྷག་ཡོད་པའི་ནང་ནས་སྟོབས་ཆེ་ཤས་དང་དཔུང་བཙན་ཤས་དེ་ཡིན་པ་མ་ཟད། སྐབས་དེར་འཛམ་གླིང་ཧྲིལ་པོ་འདིའི་ཐོག་སྟོབས་ཤུགས་ཀྱི་འགྲན་ཟླ་མེད་པ་ཆེན་པོ་ཧོར་གྱི་རྒྱལ་ཁབ་དང་ཡང་བཟང་ཕྱོགས་ཀྱི་འབྲེལ་བ་ཟབ་བྱུང་ཡོད་པར་ངེས་ཏེ། གནའ་བོའི་ཡོངས་གྲགས་ཀྱི་བེ་རིའི་ས་ཁུལ་དང་དེང་སང་ཡོངས་གྲགས་ཀྱི་བེ་རིའི་ས་ཁུལ་གཉིས་མི་འདྲ་ཡང༌། དེང་གི་ཡོངས་གྲགས་ཀྱི་མཁས་པ་དུ་མས་ས་ཁུལ་འདི་གཉིས་ཀྱི་ངེས་འཛིན་གསལ་པོ་མ་ཤེས་པར་དེ་གཉིས་གཅིག་ཏུ་འདྲེས་ཤིང་བསྲེས་པའི་རྩོམ་ཡིག་ཀྱང་དུ་མ་བྲིས་འདུག གནའ་བོའི་བེ་རི་ནི་སུམ་པ་རྒྱལ་ཁབ་གྱི་ཁོངས་སུ་གཏོགས་ཤིང༌། དེ་རྗེས་རིམ་བཞིན་སྔོན་གྱི་རྒན་པོའི་ཁ་རྒྱུན་དུ། དང་པོ་ཨ་གྲགས་བེ་རི་ནས་ཆད། བར་དུ་ཆབ་མདོ་བེ་རིར་ཆགས། མཐའ་མར་ཧོར་ཁོག་བེ་རིར་ཐོར་ཞེས་པའིསྡོམ་ཚིག་ལྟར། བེ་རི་འདི་ཉིད་དང་པོ་ཆད་ས་ནི་ཨ་གྲགས་ནས་ཡིན། དེང་སང་ཡང་ཨ་གྲགས་རྫ་མ་བེ་རི་གསུམ་ལ་ཨ་རྫ་བེ་གསུམ་ཞེས་པའི་བསྡུས་མིང་མ་ཉམས་པར་ཡོད། དེ་ཡང་ཁམས་ལ་སྟོད་སྨད་བར་དུ་གསུམ་དུ་ཕྱེས་པའི་བར་ཁམས་ཀྱི་ས་ཡི་ཆར་གླིང་ཞེས་ཟེར་སྲོལ་ཡོད་པ་དེ་ལ་གླིང་ཁྲི་གོང་འོག་བར་དུ་དབྱེ་བའི་གླིང་ཁྲི་འོག་མ། གླིང་ཁྲི་ཞེས་པ་ཡང་དམག་མི་ཁྲི་ཚོ་གསུམ་རེ་ལ་གླིང་ཁྲི་རེ་རྩི་བ་ཡིན་འདུག ས་ཁུལ་དེ་ཉིད་སྔོན་གྱི་བེ་རི་ཆགས་པའི་ས་གནས་ཡིན་ལ་དེང་སང་ས་གནས་འདི་ཆབ་མདོ་གྲོང་བརྡལ་གྱི་ཁོང་དུ་གཏོགས་པ་ཡིན། དེ་ལྟ་ན་ཡང་བེ་རིའི་རྒྱལ་རབས་དང་མི་རབས་རིམ་པར་བྱུང་བ་རྣམས་ཀྱི་མངའ་ཐང་དར་རྒུད་ཐད་འཇིག་རྟེན་འཁོར་བ་སྤྱི་ཡི་འགྲོས་དང༌། ཡང་དགོས་བོད་ཀྱི་གནས་བབ་འགྱུར་འགྲོས་ཅི་རིགས་སྣ་ཚོགས་པ་བརྟེན་ནས་ས་ཁྱོན་དང་མངའ་འབངས་ཀྱང་ཆེ་ཆུང་དང་མང་ཉུང་གི་འགྱུར་བ་སྣ་ཚོགས་པ་ཞིག་བྱུང་བ་ནི་བཤད་མི་དགོས་པ་ལྟར། དབྱར་ཁའི་གནམ་གཤིས་དང༌། རྒྱ་མཚོའི་རྦ་རླབས་བཞིན་འཕོ་འགྱུར་ཅི་རིགས་པའི་འོག བེ་རི་ལ་སྟོད་སྨད་གཉིས་སུ་ཆད་དེ། སྟོད་པ་ལ་གླིང་པ་དང༌། སྨད་པ་ལ་མདོ་བ་ཡང་ཟེར་བ་འདྲ།
     བེ་རི་སྟོད་པའམ་གླིང་པ་ནི། གོང་དུ་བཤད་པ་ལྟར་ གླིང་ཁྲི་གོང་འོག་བར་དུ་དབྱེ་བའི་གླིང་ཁྲི་འོག་མ་ཨ་གྲག་རྫ་དམར་དགེ་རྒྱས་སོགས་ཡིན་ལ། ས་གནས་གཏེ་བ་བཟུང་ས་ནི་བེ་རི་དམར་ཞེས་པར་ཡིན་ཚུལ་དང༌། དེ་ལ་བརྟེན་ནས་བེ་རིའི་མིང་ཐོགས་ཚུལ་ཡང༌། ཁམས་སྤྲུལ་བཞི་པའི་རང་ཉིད་གང་དུ་འཁྲུངས་པའི་རུས་རིགས་བཤད་པའི་སྐབས་རང་རྣམ་དུ། ཆེ་རྒྱུད་ལྡོང་ལ་ཡོད༌། སྣ་མང་དབྲ་ལ་ཡོད། དཔའ་རྩལ་འབྲུ་ལ་ཡོད་པར་གྲགས་པའི་ནང་ནས་བདག་གི་རུས་ནི་ཆེ་རྒྱུད་སྨུག་པོ་ལྡོང༌། རིགས་ནི་མདོ་ཁམས་བྱང་འབྲོག་གི་རིགས་དྲགས་པ་ཞིག་སྟེ། དེ་ཡང་རྨ་ཡུལ་གྱི་ས་ཆ། བེ་རི་དམར་དུ་གྲགས་པར་སྡོད་གནས་ཆགས་པས་བེ་རི། ཞེས་གསུངས་པས་སོ། ཕྱིས་མི་རྒྱུད་འདི་ནས་ཆད་པའི་བེ་རི་དགེ་རྒྱལ་གྱི་སྐབས་མངའ་ཐང་རྒྱས་ཏེ་སོག་རྟ་ཁྲབ་ཅན་ཡང་ཕམ་པར་བྱས། རྒྱལ་ས་ལྟེ་བ་འབྲུ་ཆུ་སྟོད་རྒྱུད་པ་སྤོས།
     བེ་རི་སྨད་པའམ་མདོ་བ་ནི། ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལས༡༣༧། ངས་བེ་རི་ཁྲིད་ནས་ངོ་བལྟས། འདིར་ལ་ཤིན་ཏུ་ངོ་བླཏ་ལེགས་པས། སྟོད་མངའ་རིས། དབུས་གཙང་པ་རྣམས་ནས་ངོ་བལྟས། བེ་རི་ཐ་ཐད་ཚོ་ཡང་ངོ་ལྟ་བར་ཡོད་བྱས་པས་ད་བར་ལ་དམག་ན་སོང་བ་དེས་ཕན་པ་ཡིན་ཏེ། སྟོད་ཀྱི་མི་རྣམས་དེ་ཚོ་མི་ཤེས་ཏེ་མཆིས། ཞེས་དང༌། ཉང་རལ་ཆོས་འབྱུང་༤༤༡ལས། དམར་གཡོ་གཙང་གསུམ་"སྤྲང་ཆས་སུ་ཞུགས་ནས་བྲོས་ཏེ། ཆོས་འདུལ་བ་དྲེལ་ཁལ་གཅིག་བཀལ་ནས་མངའ་རིས་སྟོད་ལོ་རྒྱུས་ཁ་ཤས་ནང་ག་ལོག་དང་ཁ་ཤས་ནང་ངམ་ཤོད་ཅེས་བཀོད་འདུགནས་ལམ་བྱུང༌། རྒྱལ་ཁྲིམས་མི་གཅིག་པའི་ས་ཆ་ནས་བསྟན་པ་དར་བར་བྱ་བསམས་ནས། གང་དུ་ཡང་མ་ནུས་ནས། ཉིན་མོ་གབ་ཅིང་ནུབ་མོ་བྱོན། དགེ་བསྙེན་ཤེས་རབ་གོ་ཆ་བྱ་བ་གཅིག་ལ་མིང་ཤཱཀྱ་ཤེས་རབ་ཏུ་བཏགས། དེ་གཡོག་ལ་ཁྲིད་ནས་མདོ་སྨད་ལྷོ་ངོས་བེ་རིའི་ས་ཆ། དེའུ་ཚྭ་མཚོ་ནས་ལམ་བྱས། རྨ་ལུང་རྡོ་རྗེ་བྲག་ར་ཨ་ཆུང་གནམ་གྱི་ཡང་རྫོང་གཙུག་ལག་ཁང་རྒྱ་ཕིབས་ཡོད་པ་དང༌། དན་ཏིག་ཤེལ་གྱི་ཡང་གོང་དུ་བྱོན།" ཞེས་དང༌།  བུ་སྟོན་ཆོས་འབྱུང་༡༡༣ལས། ཀྲུང་གོ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་"དར་མས་བསྟན་པ་བསྣུབས་པའི་དུས་སུ། འཇད་ཀྱི་གྱེལ་མི་གཙང་རབ་གསལ། བོ་དོང་བ་གཡོ་དགེ་འབྱུང༌། སྟོད་ལུང་པ་དམར་ཤཱཀྱ་མུ་ནི་དང་གསུམ་དཔལ་ཆུ་བོ་རི་ན་སྒོམ་ཞིང་ཡོད་པ་ན་བཙུན་པ་ཁྱི་ར་བྱེད་པ་མཐོང༌། གཏམ་དྲིས་པས། རྒྱལ་པོས་བསྟན་པ་བསྣུབས་པར་ཤེས་ཏེ། འདུལ་བ་དྲེལ་ཁལ་གཅིག་བཀལ་ཏེ་མངའ་རིས་སྟོད་དུ་བྲོས་ནས་གར་ལོག་ནས་ལམ་ཐོན་ནས་ཧོར་ཡུལ་དུ་ཕྱིན་ཏེ་སྐད་རིགས་མི་གཅིག་པའི་སར་བསྟན་པ་དར་བར་བྱ་སྙམ་པ་ལ་དར་བར་མ་མ་ནུས་ཏེ་མདོ་སྨད་ལྷོ་ངོས་ཀྱི་བེ་རི་ཚྭ་མཚོ་ན་ཚུར་བྱུང་སྟེ་རྨ་ལུང་རྡོ་རྗེ་བྲག་ར། ཨ་ཆུང་གནམ་རྫོང་ཏན་ཏིག་ཤེལ་གྱི་ཡང་དགོན་ན་སྒོམ་ཞིང་ཡོད་པ་ལས། རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ་དགོངས་ཀ་མི་འདུས་པ་རྣམས་ལ་སྨྲས་པ། ལས་དང་སྐལ་བར་ལྡན་པ་མོས་པས་སྤྱོད་པའི་ས་པ་མུ་གཟུ་གསལ་འབར་བྱ་བས་བལྟར་ཕྱིན་པས་དད་ནས་རབ་ཏུ་འབྱུང་བར་ཞུས་པས། འདུལ་བའི་པོ་ཏེ་གཏད་ནས་འདི་ལྟོས་དད་ན་རབ་ཏུ་དབྱུང་གསུངས། བལྟས་པས་དད་དེ་མཆི་མ་བྱུང་ངོ༌།" ཞེས་གསུང་པའི་བེ་རི་དེ་ཉིད་ཡིན་ལ། བེ་རིའི་ཚྭ་མཚོ་ནི། འཇང་གླིང་གཡུལ་འགྱེད་ཀྱི་གླིང་སྒྲུང་ནང༌། ད་འུ་ཚྭ་མཚོ་དཀར་མོ་ཞེས་པ་དེ་ཡིན་ནམ་ཡང་སྙམ། གལ་ཏེ་དེ་ལྟར་ཡིན་ན་སྐབས་དེའི་བེ་རི་སྨད་པ་དེ་འཇང་གི་ས་མཚམས་རྣམས་སུའང་ཡོད་དགོས་པར་སེམས་མོད། རྒྱ་ནག་གི་རྒྱལ་རབས་གསུམ་པ་ལྟ་བུ་དང་མི་འདྲ་བར་རྒྱ་གར་གྱི་མ་ཧཱ་བྷ་ར་དང༌། བོད་ཀྱི་གེ་སར་གླིང་སྒྲུང་རྣམས་ནི་ལྷ་སྒྲུང་ཙམ་ལས་ལོ་རྒྱུས་ཀྱི་གཞི་འཛིན་ས་གང་ཡང་མེད་པས་དཔྱད་གཞིའི་རིན་ཐང་མི་ལྡན་ནའང་སྐབས་འགར་རྩོམ་པ་པོའི་མཁྱེན་དཔྱོད་ནས་ཉམས་མྱོང་ལས་ས་གནས་འགའ་རེ་དང༌། ཡུལ་གོམས་གཤིས་ལུགས་མི་ཉུང་བ་རེར་ནི་དཔྱད་གཞི་ཙམ་དུ་རུང་བའང་སེམས་སོ། །མདོ་སྨད་ལྷོ་ངོས་ཞེས་པ་ཡང་སྲོང་བཙན་སྐབས་ཀྱི་སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་མདོ་སྨད་དང༌། ས་སྐྱའི་སྐབས་ཀྱི་ཆོལ་ཁ་གསུམ་དུ་ཕྱེས་པའི་མདོ་སྨད་གང་ཞིག་ལ་གོ་དགོས་མིན་ཡང་བརྟག་པར་བྱ་བའི་གནས་སོ། །བོད་ཀྱི་ལོ་རྒྱུས་སྨྲ་བ་ཆབ་མདོ་ཤེས་རབ་ཀྱིས། ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་༤༦༠ལས། "གོང་གི་ལུང་དེ་དག་ལས་གསུངས་པའི་བེ་རི་ཡང་མདོ་པའི་རིགས་ཀྱི་བེ་རི་ཡིན་པར་འདྲ་སྟེ། མཁས་པ་མང་པོས་དོན་ཡོད་རྒྱལ་གྱི་ཡབ་མེས་ཡིན་པར་སེམས་ལ། སྐབས་དེར་ས་པཎ་བྱོན་པའི་ས་ཚུགས་ལ་བལྟས་ན་ཡང་ཕལ་ཆེར་བདེན་ཤོས་ཆེ་ཞིང༌། མདོ་སྨད་ལྷོ་ངོས་ཟེར་བ་ཉེ་རྒྱངས་གང་ལ་འགྲེལ་ཆོག་ཅིང་དེའི་ཚྭ་མཚོ་ནི་བོད་ཀྱི་མཚོ་སྨན་རྒྱལ་མོ་མཆེད་བདུན་ནང་གི་གཅིག་ཡིན་ལ། ད་ལྟའི་སྨར་ཁམས་སྒང་གི་ཁོངས་སུ་ཡོད་སྐད་ཐོས་པས། དེ་འདྲའི་བེ་རི་ཡང་ཆབ་མདོ་བེ་རི་འདི་ཡིན་ནམ་སྙམ་མོ། །"ཞེས་བྲིས་འདུག་པར་ལྟར་ན་བེ་རི་མདོ་བ་ནི་དེང་སང་གི་སྨར་ཁམས་ས་ཁུལ་ཡན་མན་ཞིག་ཏུ་ཡིན་པར་འདྲ་ལ། དེ་བར་བེ་རི་རྒྱལ་པའི་འབྲོག་པའི་ཐབ་ཤུལ་གཟིགས་ཚུལ་ཁམས་ཀརྨ་ཆགས་མེད་རང་རྣམ་དུ་གསལ་བས་ཅེས་ཀྱང་བདེན་ངེས་སྙམ། ཁོང་གིས་བེ་རི་ཚྭ་མཚོ་སྨར་ཁམས་ཡོད་སྐད་ཐོས་པའི་མཚོ་དེ་གཅིག་བྱས་ན་སྨར་ཁམས་ཀླུ་ར་དང་ཁད་ཉེ་བའི་ཇུས་མཚོ་མོ་ལ་དགོངས་པ་ཡིན་ནམ་ཡང་སྙམ་མོད། བེ་འཇང་དམག་འཁྲུགས་སྐབས་ཇུས་མཚོ་མོའི་ཁར་བེ་རིའི་དམག་སྒར་བརྒྱབ་ཚུལ་སྨར་ཁམས་པ་ལ་གྲགས་ཆེ་བས་དེ་ཉིད་བདེན་དཔང་དུའང་རུང་བར་སྙམ་མོད། འོན་ཀྱང་ཇུས་མཚོ་མོ་ལ་དེའུ་ཚྭ་མཚོ་ཞེས་པའི་མིང་བཏགས་ཚུལ་གྱི་ཁ་རྒྱུན་དང་ཡིག་ཆ་ད་ཕན་མཐོང་ཐོས་གང་ཡང་མ་བྱུང༌།  
     
ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས། སྡེ་དགེ་དགོན་ཆེན་གྱི་དཀར་ཆག་༼ཤོག་ངོས་༢༡༤༽ ལས། "གང་གི་ཚེ་ཨ་གྲོ་དཔོན་ལ་གཉེན་སྲས་དང༌། སེ་འབལ་དང༌། སྦལ་ཁམ་དགེ་ཞེས་བྱ་བ་སྟེ་གསུམ་བྱུང་ངོ༌། ཕྱི་མས་ཨ་གྲོའི་རྫོང་ཆེན་བྱ་འབོ་རྫོང༌། བཅུ་འབོ་རྫོང༌། གཉི་འབོ་རྫོང༌། རྫོང་དཀར། སྐྱེ་ཚོང་རྫོང༌། རྫོང་དམར། འདམ་རོང་རྫོང༌།  གཤེ་གྲོ་རྫོང༌། ར་ཁོ་རྫོང༌། ཨོ་བའི་རྫོང་སྟེ་བཅུར་གྲགས་པ་བསླང་བ་སོགས་དང་ཆོས་མིན་གྱི་ཁྲིམས་ལས་འགའ་ཞིག་བརྩམས་པའི་སྐྱོན་གྱིས། ཇུས་སྲིད་ཐམས་ཅད་འཕགས་པ་རིན་པོ་ཆེས་ཡར་བཞེས་སོ། དེ་རྗེས་ཙམ་ནས་ས་སྐྱ་པའི་གདུང་སྲས་ཞིག་ཀྱང་ཕྱོགས་འདིར་ཕེབས་པ་བཅས་གླིང་དང་མཆོད་ཡོན་དུ་འབྲེལ་བ་ཟབ་པ་བྱུང༌། མཐར་གྱིས་ལོ་གྲངས་ཁ་ཤས་བརྒལ་བའི་སྐབས་ཤིག་ནས་སྟོད་ཕྱོགས་ཐམས་ཅད་དགེ་རྒྱས་དང༌། སྨད་ཕྱོགས་བེ་རིས་བཟུང་སྟེ་ཕྱི་མའི་དཔོན་ཡང་དགེ་རྒྱས་ཡིན་ཞེས་གྲག་གོ །"ཞེས་བར་ལམ་ནས་སྡེ་དགེ་ས་ཁྱོན་བེ་རིས་བཟུང་པར་བཤད་པའི་བེ་རི་ཡང་བེ་རི་སྨད་མའམ་མདོ་པ་ཡིན་དགོས་པར་སེམས་ཏེ། ལྡོང་འབྲོང་པའི་དེབ་ཐེར་སྨུག་པོ་༢༡༧ལས། "སྨར་ཁམས་ནས་བེ་རི་སྨད་མའི་བུ་དོན་ཡོད་སྣང་ཞིག་བོན་པོ་ཟླ་བ་རྒྱལ་མཚན་གཉིས་ནང་སྡེབས་ཀྱིས་ཆབ་མདོ་བྲག་གཡབ་སྡེ་དགེ་སོགས་མདོ་ཁམས་ཡུལ་གྲུ་ཕལ་ཆེར་རྡོ་སྒྱོགས་ཀྱི་འཕྲུལ་འཁོར་དང་བཅས་མངའ་འོག་ཏུ་བཅུག" ཞེས་གསུངས་པས་ཀྱང་ཤེས་ནུས་སོ་སྙམ།
      གཞིས་བཞུགས་བོད་ཀྱི་ལོ་རྒྱུས་སྨྲ་བའི་གཞོན་སྐྱེས་ཁྲོད་ནས་གཟུ་བོར་གནས་ཤིང་མཐོང་རྒྱ་ཡང་ངེས་ཅན་ཡོད་པའི་གྲོགས་པོ་རྒྱལ་མོ་འབྲུག་པས་བྲིས་པའི་བེ་རི་དང་བེ་རི་རྒྱལ་པོའི་ལོ་རྒྱུས་སྐོར་ལ་དཔྱད་པའི་ནང༌། མྱང་ཆོས་འབྱུང་དང༌། ཆོས་འབྱུང་མཁས་པའི་དགའ་སྟོན༌། ཀརྨ་པ་རོལ་བའི་རྡོ་རྗེའི་རྣམ་ཐར་རྣམས་སུ་གསུངས་པའི་བེ་རིའི་སྐོར་ལ་ཁུངས་སུ་བྱས་ནས་མདོ་སྨད་དེ་དེང་སང་གི་ཨ་མདོའི་ཁུལ་གྱི་བེ་རི་ཞིག་ཀྱང་ཡོད་པར་འདྲ་བའི་དོགས་བསླང་བྱས་རྗེས། འོན་ཀྱང་དེ་དག་ནས་གསུངས་པའི་ས་ཚིགས་རྣམས་དེང་སང་གང་དུ་ངོས་འཛིན་ཞུ་དགོས་མིན་སྐོར་ལ་དཀའ་ངལ་ཡོད་ཚུལ་བཀོད་འདུག ཡང་རྣམ་པ་གཅིག་ཏུ་ན་བེ་རི་འདི་དང་པོ་མདོ་སྨད་ནས་ཆད། དེ་ནས་ཁམས་སུ་ཆགས་པའང་ཡིན་སྲིད་ཚུལ་གྱི་དོགས་བསླང་དང༌། ད་དུང་རང་ཉིད་དངོས་སུ་དེང་སང་གི་བར་ཁམས་བེ་རིའི་ས་ཆར་སོང་ནས་ཡིག་ངག་གཉིས་ཐོག་ནས་བེ་རིའི་གནའ་བོའི་ལོ་རྒྱུས་དང་མི་རྒྱུད་ལ་བརྩད་བཅད་བྱས་ཀྱང་དེ་བས་ཁ་གསལ་བ་དང་གཏིང་ཟབ་པའི་དཔྱད་གཞི་ད་ཕན་མ་རྙེད་ཚུལ་བྲིས་འདུག་པ་ནི། དངོས་དོན་འཚོལ་བའི་ལོ་རྒྱུས་སྨྲ་བ་ཞིག་གི་གཏམ་ཡིན་པས། ད་དུང་མུ་འཐུད་དཔྱད་པར་བྱ་བའི་གཞི་ལས། ཁ་ཚོན་གཅད་པ་མི་སྔ་བར་གཞག་ན་དགེ་མཚན་ཆེ་བར་སེམས་སོ། ། 
      འདིར་བཤད་པར་བྱ་བའི་བེ་རི་གཙོ་བོ་ནི་གཙང་པ་ཆོས་རྒྱལ་ཆེན་པོའི་སྐབས་ཀྱི་མདོ་ཁམས་ཕལ་བོ་ཆེ་ལ་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་མདོ་ཁམས་བེ་རི་རྒྱལ་པོ་ཞེས་ལོ་རྒྱུས་ཐོག་ཡོངས་སུ་གྲགས་པ་དེའི་མངའ་འབངས་ས་རིས་གང་དུ་ཆགས་པའི་བེ་རིའི་ས་ཁུལ་རྣམས་ཡིན་ལ། དེ་ཉིད་ས་ཁུལ་གང་དུ་ཡོད་པའི་ངོས་འཛིན་ཐད། ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་པར་ཐེངས་དང་པོའི་སྐབས་པར་ཐེངས་གཉིས་པའི་སྐབས་བཟོ་བཅོས་གནང་ཡོདདང༌། དཔྱད་གཞི་དེ་ཉིད་མཐོང་བ་ཙམ་གྱིས། གཞི་རྒྱ་ཆེ་བའི་ལོ་རྒྱུས་དང་སྤྱི་བཏང་གི་ལོ་རྒྱུས་ལ་དཔྱོད་པའི་ཕྱག་ལས་ཀྱིས་མི་ཚེ་སྐྱེལ་ཞིང༌། དཔྱད་གཞི་གཅིག་གི་ཐོག་ལ་ཞིབ་འཇུག་ནན་པོ་གནང་བའི་དུས་ཀྱི་ཁོམ་པ་དེ་ཙམ་མ་བྱུང་བའི་ཉམས་ཞིབ་པ་དུང་དཀར་སྤྲུལ་སྐུའི་དུང་དཀར་ཚིག་མཛོད་དང༌།  རྒྱལ་མོ་འབྲུག་པས་ཀྱང་དེ་སྔོན་ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་མ་མཐོང་པའི་སྔོན། བོད་ཀྱི་ལོ་རྒྱུས་གླེང་པའི་གཏམ་(འདི་པར་ཐེངས་གཉིས་པའི་སྐབས་བཟོ་བཅོས་གནང་ཡོད)སོགས་སུ་བེ་རི་ནི་དེང་སང་གི་དཀར་མཛེས་ཁུལ་གྱི་བེ་རི་རང་དུ་ངོས་འཛིན་བྱས་ནས་བྲིས་འདུག འོ་ན་སྐབས་དེའི་བེ་རིའི་ས་གནས་དེ་གང་དུ་ངོས་འཛིན་བྱེད་དགོས་སམ་ཞེ་ན། "ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་ལས། དེས་ན་སྐབས་དེར་བེ་རིས་མདོ་ཁམས་ཕལ་ཆེར་དབང་བསྒྱུར་ཞིང་རྒྱལ་པོ་འཁོར་བཅས་འབྲོགསྡེ་ཡིན་པས་ས་གང་སྐྱིད་དུ་སྤོ་བསྐྱོད་བྱེད་ཀྱི་ཡོད་འདུག་ཀྱང༌། གནས་གཞི་ངོ་མ་ནི་དེང་གི་ཆབ་མདོ་ཁུལ་གྱི་བེ་རི་ས་མལ་འདི་ལྟེ་བ་བྱས་པའི་ས་མཚམས་གོ་འཇོ་དང་བྲག་གཡབ་དང་ཚ་བ་སྒང་གི་འབྲོག་ས་ཁག་ལའང་སྐབ་ས་སུ་སྡོད་ཀྱི་ཡོད་པ་ཤེས་ཏེ།" ཞེས་དང༌། "༤༢༧སྐབས་དེའི་བེ་རི་ནི་དེང་ཆབ་མདོའི་ཁུལ་དེ་ལས་བརྒལ་མེད་པའི་ངེས་ཤེས་ཇེ་བརྟན་བྱས་ཤིང༌། སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ་༼༤༩༦༽ལས། གཡུང་དྲུང་བསྟན་པའི་དར་ཆེན་ཕྱར་བའི་མཁན། རིག་འཛིན་གྷོད་མི་ཉི་འོད་ཀྱི་སྤྲུལ་བ་སྐམ་ནམ་མཁའ་རྒྱལ་མཚན་ལ་སོགས་གསུམ་པོས་ནི། མདོ་སྨད་དུ་ཕྱི་གསང་གསུམ་གྱིས་ཚུལ་འཛིན་ཅིང་བསྟན་པ་འཛིན་སྐྱོངས་སྤེལ་བའི་མངའ་བདག་ཏུ་གྱུར་པ་ཏེ། ཀུན་ཀྱི་ཁ་ཤོད་ལ། སྐམ་རྒྱལ་མཚན་གསུམ་གྱི་སྐུ་ཐོག་ལ། ཁམས་བེ་རི་རྒྱལ་པོའི་མངའ་རིས་སུ། །བོན་གཡུང་དྲུང་གི་བསྟན་པ་མེ་ལྟར་འབར། །ཞེས་ཟེར་བ་བྱུང་ངོ༌།" །ཞེས་གསུངས་པའི་བོན་བྱི་བསྟན་པ་མེ་ལྟར་འབར་ས་ཡང་ས་གནས་དེར་ཡིན་པ། གོ་འཇོ་ཨ་ཕོ་བླ་ཆུང་(རྒན་པོ་ཤེས་རབ་རྒྱལ་མཚན་དགེ་ཆོས་གསུང་སི་ཁྲོན་པར་མའི་འགོ་བརྗོད་འབྲི་མཁན་དེ་ཡིན)གི་གསུར་ལས་ཤེས་པ་ཞིག་ཡིན།  འདུག་པ་འདིས་གསལ་བར་ཤེས་ནུས་སོ། །
        དེ་ཡང་ས་ཆ་དེ་དག་གོ་འཇོ་དང་བྲག་གཡབ་དང་ཚ་སྒང་སོགས་ཀྱི་སྒྲ་སྦྱར་བ་ནི་གནའ་བོའི་བརྗོད་སྲོལ་ལྟར་ལས་སྲིད་འཛིན་ཁོངས་གཏོགས་ཡིན་མིན་གྱི་འབྲེལ་བ་གང་ཡང་མེད་དེ། སྐབས་དེར་སྨར་ཁམས་ཞེས་བརྗོད་པའི་ས་ཁུལ་རྣམས་དེང་གི་སྨར་ཁམས་རྫོང་ཁོངས་ཡིན་མི་དགོས་པ་བཞིན་ནོ།།"ཞེས་པ་འདི་ཉིད་དོན་དངོས་དང་མཐུན་པའི་དཔྱད་གཏམ་སྟེ། དེའི་ཁུངས་ནི། ལྷ་ཐོག་གདུང་རབས་ལས༤༦། "བེ་རི་ལྷ་བསོད་དར་དུས་ཀྱང་ལྷ་ཐོག་ས་ཆར་མ་བསྡད། བྱང་སྙི་ཐང་དང༌། གོ་གྱོ་མུ་མན་གཞུང༌། ཝ་ཤ་བ་ཐང༌། མདོར་འོ་མཚོ་ཐང༌། འཛི་ཡི་སུ་རུ་གངས་འགག་སོགས་ལ་བྱོལ།" ཞེས་པ་འདི་ལས་བཙན་པ་ཅི་ཞིག་དགོས། ད་དུང་དཀའ་བཅུ་རྒྱ་མཚོའི་རྣམ་ཐར་དད་པ་རྒྱ་མཚོ༣༢ ན་ ལས། བྱ་བྲལ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པ། "བེ་རི་རྒྱལ་པོས་གདན་འདྲེན་བྱས། གོ་འགྱོ་ཡི་ཕྱོགས་སུ་བྱོན། བེ་རི་རྒྱལ་པོ་དང་ཞུ་མཇལ་མཛད། ཇ་དར་གོས་གསུམ་རྟ་དྲེའུ་སེམས་ཅན་ལ་སོགས་འབུལ་བ་དེའི་འཁོར་ནས་འབུལ། ཞབས་ཏོག་བསྙེན་བཀུར་མང་པོ་བྱས། ཨ་མཚོ་སྒར་པས་ཀླད་ཕོ་རུས་བྱས་ནས་འབུལ་བ་མང་པོ་བྱས།" ཞེས་དང༌། ཞལ་སྔ་ཆོས་འབྱུང་༡༨༠ལས། འཕགས་པ་ལྷ་མཐོང་བ་དོན་ལྡན་"དེ་ནས་གླང་ཆེན་སྣར་ཕེབས། བེ་རི་གཅོད་པ་རྒྱལ་དང་འཕན་ཕྱུག་རྒྱལ་ཇ་འདྲེན་ལ་སླེབས། དེ་ནས་གངས་དཀར་བདེ་ཆེན་ལ་ཕེབས། བེ་རི་རྒྱལ་པོ་ཡང་ཕྱག་འབུལ་དེར་སླེབས།" ཞེས་དང༌། ༡༨༡"བེ་རི་རྒྱལ་པོས་ཚ་བ་སྟོད་སྐུ་ལྷ་ངང་ཡག་གི་འདབ་ཞོལ་དུ་གདན་དྲངས།" ཞེས་དང༌། ཁམས་འབྲུག་རྣམ་ཐར་༡༧༥ལས། "ལྕགས་སྤྲེལ་༡༦༢༠དབོན་པོ་འཕྲིན་ལས་ལྷུན་གྲུབ་ཛོ་རི་ཐི་དང༌། གཞན་ཡང་སྒྲུབ་སྡེ་དང༌། རྒྱལ་ཁམས་ལ་འབྱོན་འོས་རྣམས་ཀྱང་བརྫངས་བར་མཛད་ནས་མཚམས་ལུགས་ཀྱིས་བཞུགས་པར་དཔོན་མགོན་པོ་བསམ་འགྲུབ་བྱོན་ནས་བརྒྱ་འབུལ་མཁན་ཀྱང་ཡོད་པས་སྡེ་ནང་དུ་ཕེབས་དགོས་ཚུལ་དང༌། བུ་ཚང་དུའང་གདན་ཞུས་བྱུང་བ་ལྟར་སྤར་ཐོག་ཏུ་ཐོ་པའི་ཁོངསཕེབས།" ཞེས་སོགས་ས་མིང་ཡུལ་མིང་དེ་དག་དང༌། གོང་དུ་ཀརྨ་ཆགས་མེད་དམ་མཁས་གྲུབ་ར་གཱ་ཨ་སིས་ཀྱང་བེ་རི་རྒྱལ་པོའི་བླ་རི་འཛི་ཡི་ས་ཆར་ཡོད་ལུགས་རྣམས་ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པར་རེ་རེ་བཞིན་བགྲངས་འདུག་པ་ལ་གཟིགས་ན་མཁྱེན་ངེས་ཡིན། བེ་རི་འབྲོག་སྡེའི་མཚེར་ས་ལྟེ་བ་ཞིག་ནི་ཕལ་ཆེར་ར་ལ་བཞི་མདོ་ཟེར་བ་དེར་ཡིན་པར་འདྲ་སྟེ། ཁམས་འབྲུག་རྣམ་ཐར་༢༨༠ལས། "བེརིས་སྤྱན་འདྲེན་བྱུང་བས་དཔོན་སློབ་ཉུང་ཤས་ཤིག་ར་ལ་བཞི་མདོར་ཕེབས།" ཞེས་པ་འདི་རྣམ་ཐར་གོང་འོག་དུ་མ་ནས་ཡང་ཡང་འབྱུང་བས་སོ། །དེས་ན་གཙང་རྒྱལ་སྐབས་ཀྱི་ཁམས་བེ་རི་ཞེས་ཡོངས་སུ་གྲགས་པ་དེ་ནི་ད་ལྟའི་ཆབ་མདོའི་ས་ཁུལ་གྱི་སྟོད་སྨད་རྣམས་སུ་ངོས་འཛིན་ཞུ་རྒྱུ་ལས། ཁུངས་གཞན་དག་གང་ཡང་མེད་པ་དེ་ཅིས་ཀྱང་ཤེས་དགོས་པ་ཡིན་ཏེ། ད་ལྟའི་དཀར་མཛེས་ཁུལ་གྱི་བེ་རི་ནི་ཆབ་མདོ་བེ་རི་ལ་སོག་ཇག་གིས་གད་ཆག་བཏང་རྗེས་སུ་རུས་དེ་ནས་ཆད་པའི་མི་རྒྱུད་ཡུལ་གྱར་དུ་སོང་བ་ལས་རྟེན་གཞི་ཆགས་པ་ཡིན། གཞན་ཡང་ལེ་ཐང་བེ་རི་དང༌། ནང་ཆེན་བེ་རི། སྟོད་མངའ་རིས་བེ་རི། ཁམས་ཁྱུང་པོ་བེ་རི། མདོ་སྨད་ཧོར་གཙང་བེ་རི་སོགས་སུ་གྱེས་པ་ཡང་མང་ངོ༌། །
                                                            གསུམ་པ། བེ་རིའི་རྒྱལ་རྒྱུད་དང་མི་རྒྱུད།
        
བེ་རི་རྒྱལ་པོའི་གདུང་རིགས་ནི་བོད་ཀྱི་རིགས་ཆེན་བཞིའི་ནང་གི་ལྡོང་ལ་ཤུལ་ཆེན་བཅོ་བརྒྱད་དང་རིགས་ཆེན་བཅོ་བརྒྱད་ཕྱེས་པའི་ཕྱི་མའི་ནང་ཚན་ལྷ་ལྡོང་གི་རྒྱུད་པར་བཤད་དེ། དབུ་ནག་མི་བུ་འདྲ་ཆགས་ལས༣༤། བེ་རི་ཁྱུང་པོ་རོང་པོ་གསུམ། །གྲགས་པ་ཅན་གྱི་མི་གསུམ་ཡིན། །ཞེས་གྲགས་པའི་ནང་ཚན་ཁམས་ཀྱི་བེ་རི་རྒྱལ་པོའི་གདུང་རིགས་ནི་ལྷ་ལྡོང་དཀར་པོའི་རྒྱུད་པ་ཡིན་ཚུལ་ལྡོང་གི་རུས་མཛོད་ལས་གསུངས་ཤིང༌། དེ་ལྟར་ན་རྒྱལ་པོ་འདིའི་གདུང་རིགས་དང་བོད་ཀྱི་བཙན་པོ་རིམ་བྱུང་གི་གདུང་རུས་ཀྱང་གཅིག་པ་ཡིན་ཏེ། ལྷ་ལྡོང་དཀར་པོ་འདི་བོད་བཙན་པོའི་གདུང་རྒྱུད་ལ་ཐུག་པས་སོ། །རུས་མཛོད་མེ་ཏོག་སྐྱེས་ཚལ་༩༢ལས། "སྔོན་ཁམས་བེ་རི་རྒྱལ་པོ་ཞེས་པ་ཁམས་ཀྱི་རྒྱལ་པོ་ཆེན་པོ་དེའི་གདུང་རིགས་ནི། ལྷ་ལྡོང་དཀར་པོའི་རྒྱུད་པ་དངོས་དེ་ཡིན་ལ། ཞེས་པ་ནས་བར་ཁམས་ངོམ་ཤོད་དུ་ལྡོང་དཀར་པོའི་མི་རྒྱུད་འདི་ཡོད་ལ། སྔར་ཀར་དབང་ཞྭ་དམར་བ་རིན་ཆེན་གསུམ་པ་སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་ཀྱི་སློབ་མ་ངོམས་པ་བྱ་བྲལ་ནམ་མཁའ་རྒྱལ་མཚན་ཞེས་པ། ལུས་མ་སྤངས་པར་མཁའ་སྤྱོད་དུ་མངོན་སུམ་དུ་བྱོན་པ་དེ་ཉིད་འཁྲུངས་པའི་རིགས་དེ་ཡིན་ལ། རྗེས་ནས་འདི་ཡི་རིགས་དེ་རྗེ་ཀརྨ་ཆགས་མེད་རིན་པོ་ཆེའི་སྐུ་ཞང་དུ་གྱུར་པའི་རིགས་དེ་ད་ལྟའང་ཡོད་དོ།" ཞེས་གསུངས་པ་ལྟར་རོ། །དབུ་ནག་མིའུ་འདྲ་ཆགས་༡༠༨ལས། སྨུག་པོ་ལྡོང་གི་ཆེ་དྲུག་བཤད་པ་ན། "སྟོད་ན་ཚ་བ་འབྲི་གཡག་གཉིས།། དབུ་ནག་བོད་ཀྱི་འགོ་འཛིན་བྱེད།། བར་ན་ཁ་བོ་བེ་རི་གཉིས།། དབུ་ནག་བོད་ཀྱི་གཞུང་འཛིན་བྱེད།། སྨད་ན་མི་ཉག་ཁྱི་ཐན་གཉིས།། ཁམས་ཀྱི་མགོ་ལོ་རྡོག་པས་མནན།།" ཞེས་ལྡོང་གི་རུས་ཆེན་བཅོ་བརྒྱད་དང་ཤུལ་ཆེན་བཅོ་བརྒྱད་ཕྱེས་པའི་ནང་ཚན་སྨུག་པོ་ལྡོང་དང༌། དེ་ལའང་དྲུག་ཏུ་དབྱེ་བའི་བར་བ་བེ་རི་དང་ཁ་བོ་གཉིས་དབུ་ནག་བོད་ཀཡི་གཞུང་ཤིང་ཡིན་པར་བཤད་དེ། བཤད་ཚུལ་དེ་གཉིས་ཀ་ལྡོང་རིགས་སུ་མཚུངས་ཀྱང་ནང་གསེས་ལྷ་ལྡོང་དང་སྨུག་པོ་ལྡོང་གི་ཁྱད་པར་མི་འདྲ་བ་སྣང་ཡང༌། ལྡོང་རིགས་འདི་གཉིས་ཀ་འབྲོང་རབས་ལས༡༥༧། སྤོ་ཆུ་རྣམ་ཆུ་དཀར་པོའི་སྲས།། ཡབ་ལྡོང་ཆེན་པོ་སྤོ་གྲོ་བྱུང༌།། དེ་སྲས་ལྡོང་རྗེ་གཉའ་ཁྲི་བཙན།། ས་བདག་གཉན་ར་རྒྱལ་པོ་ཡི།། བུ་མོ་ཁབ་ཏུ་བཞེས་པ་ལས།། ལྡོང་གི་རུ་ཁྲི་རྒྱལ་པོ་ནས།། རིམ་རྒྱུད་ཆོས་འཕན་ནག་པོ་ལས།། འབྲོང་གླིང་གཉིས་ཀྱི་རྒྱུད་པ་བྱུང༌།། ཞེས་དང༌། འབྲོང་པའི་དེབ་སྨུག་ལས༡༥༩། ཉི་མ་ལེབ་ཆེན་ཉི་མའི་བུ།། ཟླ་བ་ལེབ་ཆེན་ཟླ་བའི་བུ།། སྐར་མ་ལེབ་ཆེན་སྐར་མའི་བུ།། ཆོས་ལ་འཕན་དེ་ལྡོང་གི་བུ།། ཞེས་གསུང་པའི་ཉི་མ་ལེབ་ཆེན་ནི་ལྷ་ལྡོང་དང༌། ཆོས་འཕན་ནག་པོ་ནི་སྨུག་པོ་ལྡོང་གི་རྒྱུད་པ་ཡིན་པས་འདི་དག་ཕན་ཚུན་ཕ་ཚན་གཅིག་པས་འགལ་བ་ཆེར་མེད་པར་སེམས་སོ། ། དེར་བརྟེན་ད་ལྟའི་བར་ལྷ་ལྡོང་བེ་རི་རྒྱལ་པོ་ཞེས་ལོ་རྒྱུས་ཡིག་ཆ་དུ་མའི་ནང་གྲགས་པ་ཡང་ཁུངས་འདི་དག་ལ་བརྟེན་པ་སེམས་སོ། ། དེ་ནས་རིམ་པར་བཞིན་བརྒྱུད་དེ་དུས་རབས་བཅུ་པ་དང་བཅུ་གཅིག་པའི་མགོ་སྟོད་ཡན་མན་དུ་གླིང་སྒྲུང་རྣམས་སུ་གསལ་བའི་ལྡོང་བེ་རི་ཉི་མ་རྒྱལ་མཚན་ཞེས་གྲགས་ཆེ་བ་བྱུང་འདུག་པ་བདེན་ན་འདི་ཡང་བེ་རི་ལྡོང་གི་རིགས་ཡིན་པའི་དཔང་རྟགས་སུ་རུང་ངོ་སྙམ་མོད། འོན་ཀྱང་གླིང་སྒྲུང་ནི་ལོ་རྒྱུས་ཀྱི་དཔྱད་གཞིར་རུང་བ་ཙམ་ལས་ལོ་རྒྱུས་ཀྱི་གཞི་འཛིན་ས་ནི་ནམ་ཡང་མི་རུང་བ་དེ་ཡང་ཤེས་དགོས་པ་ཞིག་ཡིན། དུས་རབས་བཅུ་དྲུག་པའི་མཇུག་མཐར་བེ་རི་སྡེ་བ་གཉིས་སུ་གྱེར་སྣང་སྟེ། བེ་རི་སྟོད་མའམ་གླིང་དང༌། བེ་རི་སྨད་མའམ་མདོ་བ་གཉིས་བྱུང་འདུག་པས་སོ། དེ་ཡང་བེ་རི་སྟོད་པའི་རྒྱལ་རྒྱུད་ཁྲོད་སྐད་གྲགས་ཆེ་ཤོས་ནི། བེ་རི་ཉ་མཚོ་དགེ་རྒྱལ་ཡིན། བེ་རི་སྨད་མའི་རྒྱལ་རྒྱུད་ཁྲོད་ནས་སྙན་གྲགས་ཆེ་ཤོས་ནི། བེ་རི་དོན་ཡོད་རྒྱལ་ཡིན། དེས་ན་འདིར་བེ་རི་སྟོད་སྨད་ཀྱི་རྒྱལ་རྒྱུད་དང་མི་རྒྱུད་ཕྱེ་ནས་བཤད་ན་ཅུང་ཟད་གོ་བདེ་བར་སེམས་སོ། །

                                                            བེ་རི་སྟོད་མའམ་དགེ་རྒྱལ་གྱི་རྒྱལ་རྒྱུད་དང་མི་རྒྱུད།
      བེ་རི་སྟོད་མའི་རྒྱལ་རྒྱུད་ཀྱི་རིགས་དང་རིས་ནི། གོང་དུ་བགྲངས་པ་ལྟར་གནའ་བོའི་རུས་མཛོད་རྣམས་སུ་ལྡོང་གི་རིགས་ལས་ཆད་པར་གསུངས་ཤིང་དེ་ནས་མི་རབས་དང་དུས་རབས་དུ་ཙམ་སོང་ཡོད་པ་ནི་སུས་ཀྱང་བཤད་མི་ནུས་མོད། ལོ་རྒྱུས་ཡིག་རྒན་ཁག་གཅིག་ནས་རྙེད་པ་ནི་བེ་རི་ཇ་པ་རྒྱལ་ནས་ཡིན། དེར་བརྟེན་འདིར་བེ་རི་ཇ་བ་རྒྱལ་ནས་མགོ་བཙུགས་ཏེ་དགེ་རྒྱལ་བེ་རིའི་མི་རྒྱུད་སྐོར་རགས་ཙམ་འཆད་པར་འདོད་དོ། །

 དགེ་རྒྱལ་བེ་རིའི་རྒྱལ་རྒྱུད་རེའུ་མིག

ལྡོང་བེ་རི་ཉ་མཚོ་དགེ་རྒྱལ་གྱི་མི་རྒྱུད།
བེ་རི་ཉ་མཚོ་ཇ་པ་རྒྱལ།
ནམ་མཁའ་རྒྱལ།                མཁའ་འགྲོ་རྒྱལ་མིང་གཞན་དགེ་རྒྱལ།
དགེ་རྒྱལ་གྲུབ་པ་སྟོད་ཚ། ཡུལ་ཤུལ་འཕེན་པོ་སྣ་ཚ།    ར་ཤུལ་སྐྱ་བ་ཁ་ཆེ།
བེ་རི་ལྷ་རྒོད་འབུམ་བེ་རི་དཔོན་སྨྱོན།    བེ་རི་ཐུབ་པ་འབུམ།
བེ་རི་ར་ལོད།                         བེ་རི་ཁྱི་ལོད།
བེ་རི་ལྷ་རྒྱལ་མགོན།       བེ་རི་བཀྲ་ཤིས་མགོན།
མགོན་པོ་ལྷ་དར། ཀརྨ་གཡུལ་རྒྱལ་ཕུན་ཚོཊ། སྲས་མོ་ཀརྨ་བསྟན་པ་ཆོས་སྒྲོན།
དགེ་རྒྱལ་ངང་མ་གྲགས།
སྲས་མོ་ཡོན་ཏན་འབྱུང་གནས། ཐའི་ཇི་ཚེ་དབང་རབ་བརྟན། དཔོན་ལྷ་དབང༌། ? ? ཐུ་རུ་བསྟན་སྐྱོང༌།
ཁམས་སྤྲུལ་ཆོས་ཀྱི་ཉི་མ།  ཕུན་ཚོགས་དར་རྒྱས།   དགེ་རྒྱལ་སྨད་མ་མིང་ཐོཊ་གསུམ།

                                    ༼དགེ་རྒྱལ་ནག་ཚང་པ་མི་ཐོག་ལྔའི་རྗེས།༽                      ཆེ། འབྲིང༌།   ཆུང༌།

ཚེ་དབང་ལྷ་རྒྱལ།          དགེ་རྒྱལ་དཔོན་ཚེ་དབང་རབ་བརྟན།        ཀརྨ་དོན་འགྲུབ

༼འདི་ནས་རྫ་སྲིབ་ཟུར་དུ་ཆད།༽               ༼འདི་ནས་དགེ་རྒྱལ་བར་མ་དཔོན་ཚང་འབྱུང༌།༽

ཀརྨ་དོན་གྲུབ།                                                དཔོན་འོད་གསལ།

                                       བེ་རི་སྨད་མའམ་བེ་རི་དོན་ཡོད་ཀྱི་རྒྱལ་རྒྱུད།
བེ་རི་རྩ་འབུམ།
ཆོས་རི་ཆོས་འབུམ།
བེ་རི་ཨ་འཕེན་རྒྱལ།   བེ་རི་ཀླུ་བཙན་རྒྱལ།
བེ་རི་དོན་ཡོད་རྒྱལབུ་རྒྱལ བེ་བཟའ་ལྷ་མཛོམ།
བེ་སྲས་དོན་གྲུབ་ནོར་བུ།   བེ་སྲས་གཡུང་དྲུང་སྟོབས་རྒྱལ།   བེ་བཟའ་ཆེན་བ་ཀུན་ལྷུན་གསང་ཡུམ་     བེ་བཟའ་ཆུང་བ་ལྷ་ཐོག་ཡུམ།
ལྷ་རྗེ་ངག་དབང་ཡེ་ཤེས།    ?
མི་ཐོག་འགའ་ཞིག་གི་རྗེས།
བེ་རི་རྒྱལ་སྲས།
བེ་རི་ཁྲོམ་དགེ
བེ་རི་སྲས་ཀུན་དགའ་བསྟན་པའི་རྒྱལ་མཚན།      ?
བེ་རི་རྒྱལ་རྒན་མ།
བེ་རི་མཁྱེན་བརྩེ་འོད་ཟེར་རིན་པོ་ཆེ། བེ་རི་དཔལ་ལྡན་སྒྲོལ་མ།
བེ་རི་སྲས་དབང་འདུས།
བེ་རི་བསོད་ནམས་རྒྱལ། བེ་རི་ནམ་མཁའ་རྒྱལ།
ལི་ཐང་བེ་རིའི་རྒྱལ་རྒྱུད།
བེ་རི་སྲས་གཡུང་དྲུང་སྟོབས་རྒྱལ་ནི། བེ་རི་དོན་ཡོད་རྒྱལ་གྱི་བུ་ཡིན། བེ་རི་བུ་རྒྱལ་ཇུས་ཉེས་པའི་རྗེས་སུ་འདིས་སྣེ་ཁྲིད་དེ་བེ་རི་མི་བརྒྱ་རྟ་བརྒྱ་ལེ་ཐང་ཕྱོགས་སུ་བྲོས་བྱོལ་ལ་སོང་ནས་གཞིས་ཆགས་ཚུལ་སྒོ་བསྟན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ན་གསལ་ཏེ། དེ་ཉིད་༥༠༣ལས། ཡབ་རྒྱལ་པོ་དོན་ཡོད་ནི་བཀྲོང་བས། སྲས་སྟོབས་རྒྱལ་བཙོས་པའི་བེ་རི་མི་བརྒྱ་རྟ་བརྒྱ་ལེ་ཐང་ཕྱོགས་སུ་འབྲོས་སོང་བ་དང་མཉམ་དུ། ལྷ་བླ་ཡང་དེར་བྱོན་པས། ཕྱིས་སྟོབས་རྒྱལ་གཙོས་པའི་མི་བེ་རི་མི་བརྒྱ་རྟ་བརྒྱ་ལེ་ཐང་ཕྱོགས་སུ་འབྲོས་སོང་བ་མཉམ་དུ། ལྷ་ལྷ་བླ་ཡང་དེར་བྱོན་པས། ཕྱིས་བེ་རི་ལྷ་བླ་མ་ཉམས་སུ་ཡོད་པ་དེའི་དོན་ནོ། ཞེས་གསུངས་པས་གསལ་བར་ཤེས་ནུས་པ་ཡིན། འདིའི་རྒྱལ་རིམ་པར་བྱུང་ཚུལ་གྱི་ཡིག་ཆ་ད་ཕན་མཐོང་ཐོས་མ་བྱུང༌། འདི་དག་གི་རྒྱུད་པའི་བེ་རི་ལེ་ཐང་ཁ་ལ་ཤོག་དྲུག་གང་དུ་ཡོད་མེད་ད་ཕན་མ་ཤེས་ཀྱང༌། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མངས་གྲྭ་ཚང་གི་ཆོས་འབྱུང་ལས། ཧ་གདོང་ཁང་ཚན་གྱི་ནང་ཚན་བེ་རི་མི་ཚན་ཞེས་པ་ཞིག་འདུག་པས་དེའི་གྲྭ་རྒྱུན་ཡོང་ཁུངས་ཕལ་ཆེར་ལེ་ཐང་བེ་རི་ལས་འོས་མེད་པར་སེམས་སོ། །

མདོར་ན། བེ་རི་བི་རི་གཉིས་ལས། སྔོན་གྱི་རིགས་མཛོད་སོགས་སུ་བེ་རི་ཁོ་ན་འབྲི་བ་ལས། བི་རི་བྲིས་པ་ཞིག་མེད། བེ་རུ་ནི། རྒྱལ་ཁབ་ཕྱི་ལོག་ལ་ཡོད་པའི་ཚགས་ཤོག་ཁ་ཤས་ཐོག་གནས་ལུགས་མ་རྟོགས་པར་བེ་རི་རུ་བ་འདྲ་བོ་ཞིག་ལ་བསམས་ནས་འབྲི་བ་ཡིན་སྲིད་པ་ལས། ཁུངས་གང་ཡང་མེད། འདི་ནི་མཛུན་མོ་རི་སྟོན་ལས། རྒྱས་པ་ནི། ཁོ་བོས་བྲིས་པའི་བེ་རི་རྒྱལ་པོའི་མངའ་ཐང་དར་རྒུད་ཀྱི་བསྐོར་དུ་བཀོད་པས་དེར་གཟིགས་དགོས།


 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།