བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ངོ་སྤྲོད་མདོར་བསྡུས།

         ༼སྔ་འགྱུར་རྙིང་མ་བའི་གྲུབ་མཐའ།༽
  རྙིང་མའི་གྲུབ་མཐའ་ནི་ཐེག་པ་རིམ་དགུར་གྲགས་པ་གསང་སྔགས་སྔ་འགྱུར་པའི་ཆོས་ལུགས་ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་དུས་སུ་བོད་སྐད་དུ་ཐོག་མར་འགྱུར་ཞིང༌།སློབ་དཔོན་པད་མ་འབྱུང་གནས་ཀྱིས་དར་རྒྱས་སུ་སྤེལ་པའི་རང་ལུགས་འཛིན་མཁན་རྗེས་འབྲང་དང་བཅས་པ་ཟེར།དེ་ལ་དབྱེ་ན།རིང་བརྒྱུད་བཀའ་མ།ཉེ་བརྒྱུད་གཏེར་མ།ཟབ་མོ་དག་སྣང་གི་བརྒྱུད་པ་སོགས་ཡོད།གསང་སྔགས་རྙིང་མ་བ་རྣམས་ཀྱིས་སྣང་སྟོང་དབྱེར་མེད་ཀྱི་ཆ་ནང་གསལ་གཞོན་ནུ་བུམ་སྐུ་ཀ་དག་སྐྱོན་རྣམས་ཡེ་ནས་དག་ཅིང༌།ཡོན་ཏན་ཡེ་ནས་རྫོགས་པའི་ལྷུན་གྲུབ་རང་གི་རིག་པ་ཆོས་སྐུ་ཀུན་དུ་བཟང་བོའི་རང་ཞལ་དེ་གནས་ལུགས་མཐར་ཐུག་ཏུ་བཞེད་དོ།
        ༼ཇོ་བོ་བཀའ་གདམས་པའི་གྲུབ་མཐའ།༽
   སངས་རྒྱས་ཀྱི་བཀའ་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་ཚང་མ་གདམས་ངག་ཏུ་གོ་བའི་གྲུབ་མཐའ་ཞིག་སྟེ།ཇོ་བོ་རྗེ་ཨ་ཏི་ཤ་ནས་དབུ་བརྙེས།འབྲོམ་སྟོན་པ་རྒྱལ་པའི་འབྱུང་གནས་ཀྱིས་སྲོལ་ཕྱེས།པོ་ཏོ་བ་དང༌།སྤྱན་སྔ་བ།ཕུ་ཆུང་བ་བཅས་སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད།གླང་རི་ཐང་བ་དང་ཤ་ར་བ་གཉིས་དང༌།བྱ་ཡུལ་བ་སོགས་ཀྱིས་དེ་བས་ཀྱང་དར་ཞིང་རྒྱས་པར་མཛད།བཀའ་གདམས་པའི་སློབ་རྒྱུད་ལ་བཀའ་གདམས་གཞུང་བ་དང་གདམས་ངག་པ་གཉིས་ཡོད།བཀའ་གདམས་གཞུང་བ་ནི་འབྲོམ་སྟོན་པའི་དངོས་སློབ་དགེ་བཤེས་པོ་ཏོ་བ་ལས་ཤ་ར་བ་དང་གྲྭ་སྐོར་མཁན་ཆེན་ཆོས་སྐྱབས་བཟང་བོའི་བར་རིམ་པ་བཞིན་བརྒྱུད་པའི་ཁྲིད་སྲོལ་ལ་ཟེར་ཞིང༌།རྒྱུ་མཚན་ནི་བཀའ་གདམས་གཞུང་དྲུག་དང་སྦྱར་ནས་ཁྲིད་གནང་སྲོལ་ཡོད་པས་དེ་ལྟར་ཐོགས་པ་ཡིན།བཀའ་གདམས་མན་ངག་པའམ་གདམས་ངག་པ་ནི་ཇོ་བོ་ཡབ་སྲས་ལས་སྤྱན་སྔ་ཚུལ་ཁྲིམས་འབར་ལ་བརྒྱུད་པའི་ཁྲིད་སྲོལ་ཏེ།གཞུང་གི་བཤད་པ་རྒྱ་ཆེན་པོའི་སྤྲོས་པ་མི་མཛད་པར།ཇོ་བོ་རྗེ་ཨ་ཏི་ཤས་མཛད་པའི་རྟེན་འབྲེལ་དང་བདེན་གཉིས་ཀྱི་ཁྲིད་ལ་བརྟེན་ནས་སློབ་མ་སྐྱོང་བར་མཛད་པས་མཚན་དེ་ལྟར་ཐོགས་པའོ།།
        ༼མཉམ་མེད་བཀའ་བརྒྱུད་པའི་གྲུབ་མཐའ།༽
    རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་གསང་སྔགས་ཀྱི་གདམས་པའི་བཀའ་བབས་ཀྱི་ཆོས་རྒྱུད་འཛིན་མཁན་ཞིག་སྟེ། ཏཻ་ལོ་བ་ལ་བཀའ་བབས་བཞི་ཡོད་པས་དེའི་བརྒྱུད་པ་ལ་བཀའ་བརྒྱུད་པ་ཟེར། བཀའ་བབས་བཞི་ནི་གསང་འདུས་དང༌། གདན་བཞི། སྒྱུ་ལུས། འཕོ་བ་བཅས་སོ། བོད་དུ་དེའི་རང་ལུགས་ཀྱི་སྲོལ་འབྱེད་པ་མཁས་གྲུབ་ཁྱུང་བོ་རྣལ་འབྱོར་ལས་བརྒྱུད་པ་ལ་ཤངས་པ་བཀའ་བརྒྱུད་དང༌། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ལས་བརྒྱུད་པ་ལ་དྭགས་པོ་བཀའ་བརྒྱུད་ཟེར། དེ་ལའང་ནང་གསེས་ཀྱི་དབྱེ་བ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོགས་ཡོད་དོ། ལྟ་བ་ཕྱག་ཆེན་གའུ་མ་ཞེས་པ་བདེ་སྟོང་གའུ་ཁ་སྦྱོར་བཞིན་སྒོམ་ནས་འོད་གསལ་མངོན་དུ་བྱེད་པའི་གདམས་པ་ཡིན། མཉམ་མེད་དྭགས་པོ་རིན་པོ་ཆེ་ནས་བཟུང་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སུ་གྱུར་པའོ།།
       ༼དཔལ་ལྡན་ས་སྐྱ་བའི་གྲུབ་མཐའ།༽
    རབ་བྱུང་དང་པོའི་དུས་སུ་འཁོན་དཀོན་མཆོག་རྒྱལ་པོས་སྲོལ་བཏོད།ས་ཆེན་ཀུན་དགའ་སྙིང་བོ་སོགས་གོང་མ་རྣམ་ལྔས་དར་རྒྱས་སུ་བཏང༌།གསུང་སྔགས་ལམ་འབྲས་ཆོས་ཀྱི་སྙིང་བོར་བྱེད་པའི་རང་ལུགས་འཛིན་མཁན་རྗེས་འབྲང་དང་བཅས་པ་ཟེར།དེ་ལ་ཆོས་རྒྱུད་དང་གདུང་རྒྱུད་གཉིས་ཡོད།ས་དཀར་པོ་ཡོད་སར་དགོན་པ་བཏབ་པས་ས་སྐྱ་བ་ཞེས་གྲགས་སོ།ས་སྐྱ་བ་རྣམས་ཀྱི་སྤྱི་སྐད་ལ། སེམས་རང་གི་ངོ་བོ་གྲུབ་ཙམ་ནས་གསལ་བ་མི་འདོར་བས་གསལ་བ་སེམས་ཀྱི་མཚན་ཉིད། གསལ་བ་དེ་དབྱིབས་དང་ཁ་དོག་སོགས་གང་དུ་བཙལ་ཀྱང་མི་རྙེད་པས་སྟོང་བ་སེམས་ཀྱི་རང་བཞིན་དེ་ལྟ་བུའི་གསལ་བའི་དུས་ཉིད་ན་སྟོང་ཞིང༌། སྟོང་བའི་དུས་ཉིད་གསལ་བས་གསལ་སྟོང་དབྱེར་མེད་ཟུང་འཇུག་བརྗོད་བྲལ་བཅོས་མ་མ་ཡིན་པའི་སེམས་ཀྱི་ངོ་བོ་གནས་ལུགས་མཐར་ཐུག་ཏུ་བཞག འཁོར་འདས་དབྱེར་མེད་དུ་བསྒྲུབ་ཚུལ་ཡང་སྣང་བ་སེམས་སུ་སྒྲུབ། སེམས་སྒྱུ་མར་སྒྲུབ། སྒྱུ་མ་རང་བཞིན་མེད་པར་སྒྲུབ་པ་གསུམ་པོ་དེས་རིམ་པ་བཞིན་གསལ་བ། སྟོང་བ། འཛིན་མེད་གསུམ་གཏན་ལ་ཕབ་ནས་མཐར་དགག་སྒྲུབ་གང་ཡང་མི་བྱེད་པར་འཛིན་མེད་ཀྱི་ངང་དུ་ཆམ་མེ་འཇོག་པ་ལ་ལྟ་ཐོག་ཏུ་བཞག་པ་ཞེས་ཟེར།
    ༼ཞི་བྱེད་གཅོད་ཡུལ་བའི་གྲུབ་མཐའ།༽
    སྤྱི་ལོ་དུས་རབས་བཅུ་གཉིས་པའི་འགོར་ཕ་དམ་པ་སངས་རྒྱས་ཀྱིས་སྲོལ་བཏོད་པའི་ཤེར་ཕྱིན་ཉམས་ལེན་གྱིས་སྲིད་ཞིའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཆ་ནས་མིང་བཏགས་པའི་གྲུབ་མཐའ་ཞིག   དེའང་གཅོད་ཅེས་པ་ནི་ཤེར་ཕྱིན་མན་ངག་ལ་བརྟེན་ནས་སྐྱེས་བུ་ཆུང་ངུའི་སྐབས་ཚེ་འདིའི་རྣམ་ཤེས་གཅོད་པ། འབྲིང་གི་སྐབས་འཁོར་བའི་སྡུག་བསྔལ་གཅོད་པ། ཆེན་པོའི་སྐབས་རང་དོན་ཡིད་བྱེད་དང་བདག་འཛིན་གཉིས་གཅོད་པ་ལ་ཟེར།དེ་ལ་ཕོ་གཅོད་དང་མོ་གཅོད་གཉིས་ཡོད། སྐྱོ་སྟོན་བསོད་ནམས་བླ་མ་དང་ཡར་ཀླུང་བ་སྨ་ར་སེར་པོ་གཉིས་ལ་དམ་པ་སངས་རྒྱས་ལས་བརྒྱུད་པ་ལ་ཕོ་གཅོད་དང༌། སྐྱོ་སྟོན་བསོད་ནམས་བླ་མ་ལས་མ་ཅིག་ལབ་སྒྲོན་དང་དེ་ལས་རིམ་པ་བཞིན་བརྒྱུད་པ་ལ་མོ་གཅོད་ཟེར།གཅོད་ཀྱི་ངོ་བོ་ནི་ལམ་ཐུན་མོང་གི་སྔོན་འགྲོ་རྣམས་གཞིར་བཅས། བྱམས་སྙིང་རྗེ་དང༌། སྟོང་བ་ཉིད་ཀྱི་ལྟ་བ་སྒོམ་པ་དེ་དངོས་གཞི་ཡིན། དུར་ཁྲོད་དང་དབེན་གནས་སོགས་སུ་མཚན་མོ་ཉམས་སུ་བླངས་ན་བོགས་ཐོན་པར་བཤད།ཐོག་མར་བློ་སྦྱངས་ཏེ། དུས་སུ་སླེབས་ན་ལུས་དངོས་སུ་བྱིན་པ་ལ་འཇིགས་སྐྲག་མི་སྐྱེ་བའོ། བརྒྱུད་པ་འདི་ལའང་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ཡོད། ཟབ་མོ་གཅོད་ཀྱི་གདམས་པ་འདི་ནི་རིས་མེད་གྲུབ་མཐའ་ཀུན་གྱིས་ཉམས་ལེན་གྱི་མཐིལ་དུ་བྱེད་པ་ཞིག་གོ།
     ༼རྒྱལ་བ་ཇོ་ནང་བའི་གྲུབ་མཐའ།༽
     དུས་རབས་བཅུ་གཅིག་པར་ཡུ་མོ་མི་བསྐྱོད་རྡོ་རྗེས་གཞན་སྟོང་གི་སྲོལ་བཏོད། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་དུ་དགོན་པ་བཏབ། ཕྱིས་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་རི་ཆོས་ངེས་དོན་རྒྱ་མཚོ་སོགས་བརྩམས་ནས་དར་རྒྱས་སུ་བཏང་བ་དང༌།ཏཱ་ར་ན་ཐས་ཀྱང་རྟག་བརྟན་ཕུན་ཚོགས་གླིང་ཞེས་པའི་དགོན་པ་བཏབ་ནས་ལྟ་བ་ལ་གསལ་ཁ་མང་དུ་བཏོད་དེ་བརྒྱུད་པའི་ཆོས་རྒྱུད་ལ་ཇོ་ནང་བ་ཞེས་གྲགས། བདེ་གཤེགས་སྙིང་བོའི་མདོ་སོགས་ལ་བརྟེན་ནས་གཞན་སྟོང་གི་ལྟ་བ་འཆད་པ་དང༌། གྲུབ་མཐའ་འདིའི་ལུགས་ལ་ལྟ་བ་དེ་དང་དུས་འཁོར་གྱི་སྦྱོར་དྲུག་སྦྱར་ནས་ཉམས་སུ་བླངས་ན་སྟོང་གཟུགས་མངོན་དུ་འགྱུར་པར་འདོད་དོ། །དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་ནི། སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་འཛིན་ཏེ་དྲུག་གོ།།
      ༼རི་བོ་དགེ་ལྡན་པའི་གྲུབ་མཐའ།༽
     དགེ་ལུགས་པ་ཞེས་པ་ནི་གདན་སའི་མིང་ལ་བརྟེན་ནས་ཐོགས་པ་ཡིན།    རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགའ་ལྡན་དུ་དགོན་པ་བཏབ་ནས་ཆོས་བརྒྱུད་སྤེལ་བས་ན། དགའ་ལུགས་པ་ཞེས་བོས་ན་བརྗོད་མི་བདེ་དབང་གིས་དགེ་ལུགས་པ་ཞེས་བརྗོད་བདེའི་དབང་གིས་བཏགས་པར་བཤད། གྲུབ་མཐའ་འདིའི་མཁས་གྲུབ་དག་གིས་འདུལ་བའི་བསྟན་པ་ལ་གཞན་ལས་ཀྱང་གཙིགས་ཆེན་གནང་སྟེ་རྟོགས་པའི་གོ་འཕང་མཐོན་པོར་གནས་ཀྱང་སོ་ཐར་གྱི་བཅས་མཚམས་ཕྲ་མོ་ཚུན་ཆད་ལས་མི་འདའ་བར་མ་ཟད། སྤྱོད་པ་རྣམ་པར་དག་པ་བཀའ་གདམས་པའི་རྣམ་ཐར་ལྷུར་བཞེས་ཏེ་མདོ་སྔགས་དང་བཤད་སྒྲུབ་ཟུང་འབྲེལ་གྱི་རིང་ལུགས་བཟུང་ནས་མཐའ་བྲལ་དབུ་མའི་ལྟ་བ་ལ་གྲུབ་མཐའ་གཞན་གྱིས་མ་ཐོན་པའི་རྩལ་བཤད་གནང་བས་གངས་ལྗོངས་ཀྱི་གྲུབ་མཐའ་ཀུན་གྱི་ཏོག་ལྟ་བུར་གྱུར་ཏོ། །མིང་གི་རྣམ་གྲངས་ལ་བཀའ་གདམས་གསར་མ་དང་ཞྭ་སེར་ཅོད་པཎ་འཆང་བའི་རིང་ལུགས་ཞེས་ཀྱང་འབོད་དོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ངོ་སྤྲོད་མདོར་བསྡུས།

2008-11-02 ངེད་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།