གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་པ་སྐུ་བལྟམས་པར་སྔོན་བྱོན་གྱི་མཁས་པ་རྣམས་བཞེད་ཚུལ་མ་འདྲ་བའི་སྐོར།

2014-10-10 18:03:00 གངས་མྱི། ཀློག་གྲངས། མཆན ཡོད།

  སྤྱིར་སྟོན་པའི་སྐུ་འཁྲུངས་འདས་ཀྱི་སྐོར་ལ་སྔོན་བྱོན་གྱི་མཁས་པ་རྣམས་ལ་བཞེད་ཚུལ་མི་གཅིག་པ་དུ་མ་སྣང་། དེ་ཡང་སྟོན་པ་སྐུ་འཁྲུངས་ཚུལ་གྱི་ཐད་ལ་གཙོ་བོ་གྲགས་ཆེ་བའི་དབང་དུ་བྱས་ན་ལུགས་གཉིས་སུ་སྣང་སྟེ། ལུང་གླེང་གཞི་ལས། བཅོམ་ལྡན་འདས་དཔྱིད་ཟླ་ཐ་ཆུང་ས་ག་ལ་སྐུ་བལྟམས་སོ།།ཞེས་དང་། འབྲེལ་ཆུང་ལས། ཚེས་བདུན་ལ་སངས་རྒྱས་ཡུམ་གྱི་ལྷུམས་ནས་བལྟམས་ཞེས་དང་། འདུལ་བ་གཞུང་དམ་པ་ལས། བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཟླ་བ་གང་ལ་བཙས་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔྱིད་ཟླ་ཐ་ཆུང་ལ་བཙས་སོ།།ཞེས་སོགས་ཀྱི་རྗེས་སུ་འབྲང་ནས་ས་ཟླའི་ཚེས་བརྒྱད་ལ་སྐུ་འཁྲུངས་པར་རྗེ་བཙུན་ཏཱ་ར་ནཱ་ཐ་དང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་མཁས་པ་མང་པོས་བཞེད་ཅིང་། དེང་སང་ཕུག་ལུགས་པ་དག་གིས་ཀྱང་ས་ཟླའི་ཚེས་བདུན་ལ་སྐུ་བལྟམས་པར་འདོད་པ་ནི་གོང་གི་ལུང་གླེང་གཞི་སོགས་ཀྱི་ལུང་དེ་གཞིར་བཞག་པར་མངོན།
  ཡང་བཞེད་ཚུལ་གཅིག་ནི་མདོ་རྒྱ་ཆེ་རོལ་པ་ལས་སྐར་མ་ས་གས་ཉ་བའི་ཚེས་བཅོ་ལྔར་ལྷུམས་ཞུགས་ཀྱི་དུས་ཆེན་ཡོད་པ་གསུངས་པ་སོགས་གཞིར་བཞག་ནས་དབོ་ཟླའི་ཚེས་བཅུ་རྒྱལ་ཕུར་འཛོམས་པའི་དུས་ཁྱད་པར་ཅན་གྱི་ཉིན་མོར་སྐུ་བལྟམས་ཞེས་མཁས་པ་བུ་སྟོན་བ་དང་། འདུལ་འཛིན་སྐྱེད་ཚལ་བ་ཀུན་དགའ་ཆོས་བཟང་དང་། རྗེ་བཙུན་ཆོས་རྒྱན་སོགས་ཀྱིས་དེ་ལྟར་བཞེད། འགོས་ལོའི་དེབ་སྔོན་ལས་ཀྱང་དེ་ལྟར་བཞེད་པར་ཐོས། དེས་ན་བཞེད་ཚུལ་དང་པོའི་དབང་དུ་བྱས་ན་སྟོན་པ་ཡུམ་གྱི་ལྷུམས་སུ་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔར་ཞུགས་ནས་ས་ཟླའི་ཚེས་བདུན་ནམ་བརྒྱད་ལ་སྐུ་བལྟམས་པས་ཡུམ་གྱི་ལྷུམས་སུ་ཟླ་དགུ་དང་ཞག་ཉེར་གསུམ་མམ་ཉེར་གཉིས་ཙམ་བཞུགས། བཞེད་ཚུལ་ཕྱི་མ་ལྟར་ན་ས་ཟླའི་ཡར་ཚེས་བཅོ་ལྔར་ནམ་གྱི་གུང་ལ་ཡུམ་སྒྱུ་མ་ལྷ་མཛེས་གསོ་སྦྱོང་བླངས་པའི་རུམ་དུ་གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་ལྡན་གསེར་གྱི་དྲ་བས་གདོང་གཡོགས་པའི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས་པར་མཛད་ཅེས་གསུངས་ཏེ་ས་ཟླའི་ཚེས་བཅོ་ལྔར་ལྷུམས་སུ་ཞུགས་ནས་དབོ་ཟླའི་ཚེས་བཅུ་རྒྱལ་ཕུར་འཛོམས་པའི་ཉིན་མོར་སྐུ་བལྟམས་པས་ལྷུམས་སུ་ཟླ་དགུ་དང་ཞག་ཉེར་ལྔ་ཙམ་བཞུགས། དེའང་འདི་དག་ནི་ཉ་སྐར་གྱི་མིང་ནས་སྨོས་པའི་ཟླ་བ་ཡིན་པས་ཡར་ངོ་སྔོན་འགྲོ་དང་མར་ངོ་སྔོན་འགྲོའི་ཁྱད་པར་སོ་སོར་ཡོད། རྩི་ཚུལ་ནོར་ན་ཉིན་ཞག་བཅོ་ལྔ་སྔར་ཕྱི་འཁྲུག་ཉེན་ཡོད་པས་ཞིབ་ཏུ་དཔྱད་དགོས་སོ། །འོ་ན་སྟོན་པ་ལྷུམས་སུ་ཟླ་བཅུ་རྫོགས་པར་བཞུགས་ཞེས་མདོ་དང་བསྟན་བཅོས་དག་ལ་ཡོངས་སུ་གྲགས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ལྷུམས་སུ་ཟླ་བ་བཅུར་ཞག་བདུན་གྱིས་མ་ཆོག་པར་བཞུགས་པ་ལ། མདོར་ཟླ་བ་བཅུ་ཚང་བའི་ཐ་སྙད་ཀྱིས་བརྗོད་ཅིང་། འདིར་ཟླ་དགུ་ངོ་བཅུར་བརྗོད་པ་ཡིན་ནོ་ཞེས་གསུངས་པས་འགལ་བ་སེལ་ནུས་སོ།།
  གཞན་ཡང་། བཞེད་ཚུལ་གང་ལྟར་ཡང་སྤྱིར་ས་ག་ཟླ་བ་ནི་དུས་ཆེན་སུམ་འཛོམས་ཀྱི་དུས་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་ཆོག་སྟེ། བཞེད་ཚུལ་སྔ་མའི་ལུགས་ལ་ས་ཟླའི་ཚེས་བདུན་ནམ་བརྒྱད་ལ་སྐུ་བལྟམས་པའི་དུས་ཆེན་དང་། བཅོ་ལྔ་ལ་མངོན་པར་བྱང་ཆུབ་པའི་དུས་ཆེན་དང་སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཏེ་གསུམ་ཡོད། ཕྱི་མའི་ལུགས་ལའང་ས་ཟླའི་ཚེས་བཅོ་ལྔར་སྟོན་པ་ཡུམ་གྱི་ལྷུམས་སུ་ཞུགས་པ་ཡིན་པས་མདོ་རྒྱ་ཆེ་རོལ་པ་ལས་ཀྱང་ས་ཟླའི་ཚེས་བཅོ་ལྔར་ལྷུམས་ཞུགས་ཀྱི་དུས་ཆེན་ཡོད་པར་གསུངས། མངོན་བྱུང་གི་མདོ་དང་། འགྲེལ་ཆེན་དྲི་མེད་འོད་ལས་མངོན་པར་བྱང་ཆུབ་པའི་དུས་ཆེན་ཡོད་པར་གསུངས། མྱང་འདས་ཀྱི་མདོ་ལས་སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཡོད་པར་གསུངས་པའི་ཕྱིར། དེང་སང་མང་པོ་ཞིག་གིས་ས་ཟླའི་བཅོ་ལྔ་དུས་ཆེན་སུམ་འཛོམས་ཡིན་ཚུལ་ཤོད་སྐབས་སྐུ་བལྟམས་པ་དང་། མངོན་པར་སངས་རྒྱས་པ། མྱ་ངན་ལས་འདའ་བའི་དུས་ཆེན་ཞེས་བརྗོད་ཀྱིན་འདུག དེ་ནི་འུར་ཤོབ་ཙམ་ལས་ཞིབ་ཏུ་མ་དཔྱད་པའི་གཏམ་ཞིག་གོ།
  ཞེས་བོད་རབ་གནས་ཤིང་རྟ་ལོའི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར།   

             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།