གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐེ་གེ

2015-11-23 16:09:34 བྱ་གཞུང་དབང་ཆེན་ཚེ་རིང་། ཀློག་གྲངས། མཆན ཡོད།

ལུག་དང་ར་མ་མཛོ་རྟ་བོང་བུ་སོགས། །
སྒོ་ཟོག་ཆེ་ཆུང་གཅན་གཟན་རི་དྭགས་ཀྱི། །
རྐང་པ་རེ་ན་ཐེ་གེ་རེ་རེ་སྟེ། །
བོད་ཀྱི་བྱིས་པར་རྩེད་ཆས་རང་བྱོན་ཡོད། །

ཆེ་ཟོག་ཐེ་གེ་ཆེ་ལ་ཕག་ཐེ་བཙོག །
བྱིས་པས་མི་འདོད་ལག་ཏུ་ཤོང་ཡང་དཀའ། །
ཆུང་ཟོག་ཐེ་གེ་ཆུང་ལ་ཡིད་དུ་འོང་། །
མཐེབ་མོས་འདེད་བདེ་འཁྱེར་ཁ་དེ་བས་བདེ། །

ཐེ་གེའི་རོལ་རྩེད་མི་གཉིས་ཡན་འདུས་ཏེ། །
ཐང་དང་ཚ་ཐབ་ཐ་ན་ཅོག་ཙེ་སོགས། །
གང་ལ་འཚམ་ན་དེ་གར་རྩེད་ཆོག་པའི། །
རྩེད་ཆས་འདི་ལ་ཡུལ་གྱི་བཀག་རྒྱ་བྲལ། །

ཐེ་གེའི་འབབ་ཚུལ་འདུག་ཚུལ་ལང་ཚུལ་ལ། །
བལྟས་ཏེ་རྟ་དང་བོང་བུ་ལུག་དང་ར། །
རྔ་མོང་སེང་གེ་ལ་སོགས་དབྱེ་ཚུལ་འདི། །
རྩེད་ཆས་ཡ་མཚན་ཅན་འདིའི་རྩེད་ལུགས་ཡིན། །

རྩེད་ར་སྤང་ཐང་ཡིན་པས་ཡངས་དགོས་ཏེ། །
ཐེ་གེ་ཕྱུགས་ཟོག་ཡིན་པས་བཀྲམ་དགོས་སོ། །
རྩེད་མཁན་ཕྱུགས་རྫི་ཡིན་པས་བསྡུ་དགོས་ཏེ། །
བསྡུས་པའི་ཁ་གྲངས་སུ་མང་འགྲན་དགོས་སོ། །

ཐེ་གེ་ཀེག་ལངས་སེང་གེའི་གཟུགས་བརྙན་ཏེ། །
རི་དྭགས་རྒྱལ་བོ་ཡིན་པས་འཕྲོག་དགོས་ལ། །
ཐེ་གེ་གྱེན་ལངས་རྔ་མོང་མཚོན་བྱེད་དེ། །
རྔ་མོང་མཐོང་དཀོན་དེ་ཡང་འཕྲོག་དགོས་སོ། །

ཐེ་གེ་མར་འཁོར་ལུག་ལ་ཡར་འཁོར་ར། །
མར་ལངས་རྟ་དང་ཡར་ལངས་བོང་བུ་སྟེ། །
རྟ་ལ་རྟ་རྒྱུག་བོང་ལ་བོང་རྒྱུག་དང་། །
ར་ལ་ར་རྒྱུག་ལུག་ལ་ལུག་རྒྱུག་བྱེད། །

རྒྱལ་བའི་ཐེ་གེ་ཚུར་ལ་བསྡུ་དགོས་ཏེ། །
བགོས་པའི་པང་སྐལ་ཚང་མིན་བལྟ་དགོས་ཏེ། །
ལྷག་ན་བཙོང་དང་ཆད་ལ་ཉོ་བ་ཡི། །
རིན་པ་ཐལ་ལྕག་གཞུ་བའི་ལུགས་སྲོལ་ཡོད། །
  ཐེ་གེ་ནི་རྩེད་ཆས་ཤིག་སྟེ། དེ་ནི་ཕྱུགས་ཟོག་གི་སུག་རུས་ལས་བཏོན་པའི་རུས་ཚིགས་ཐུན་མོང་མ་ཡིན་པ་དེ་ཡིན། རྩེད་ཆས་དེ་ནི་ང་ཚོའི་མེས་པོ་གོང་མ་དག་གི་རི་དྭགས་བསད་དེ་ཤ་ལ་སྤྱད་པ་ནས་བྱུང་ཞིང་། འབྲོང་ཕོ་མོ་བཏུལ་ནས་ནོར་དང་། རྐྱང་ཕོ་མོ་བཏུལ་ནས་རྟ་དང་བོང་བུ། དགོ་བ་ཕོ་མོ་བཏུལ་ནས་ར་དང་ལུག་ཏུ་བསྒྱུར་བ་ནས་བོད་ཁྱིམ་རེ་རེར་སྒོ་ཟོག་བྱུང་བ་དང་། སྒོ་ཟོག་བྱུང་བ་ནས་ཐེ་གེ་སྟོད་མངའ་རིས་སྐོར་གསུམ་ནས་རྩེ་སྟེ་བར་དབུས་གཙང་རུ་བཞི་དང་། སྨད་མདོ་ཁམས་སྒང་དྲུག་སྟེ། ཤ་གཟན་གདོང་དམར་ཅན་གྱི་ཡུལ་གྲུ་ཀུན་ཏུ་རྩེ་ནས་དར་ཞིང་རྒྱས་པར་གྱུར་ཏོ། །
  སྤྱིར་བཏང་དུ། ནོར་དང་ཕག་སོགས་ཀྱི་ཐེ་གེ་ཆེ་ལ་ར་ལུག་གི་ཐེ་གེ་ཆུང་། རེའུ་དང་ལུ་གུའི་ཐེ་གེ་ཆེས་ཆུང་བ་ཡིན། དུས་རྒྱུན་གྱི་རྩེད་འཇོའི་ཁྲོད་ནས་ང་ཚོ་ར་ཐེ་དང་ལུག་ཐེ་ལས། ནོར་ཐེ་དང་ཕག་ཐེ། རེའུ་ལུག་གི་ཐེ་གེ་སྤྱོད་པ་ཅུང་ཉུང་ལ། རྟ་ཐེ་དང་བོང་ཐེ་ལ་འཛེམ་ནས་སྤྱོད་པ་ཕར་ཞོག ཐ་ན་མིག་གིས་མཐོང་ཡང་དཀོན་ནོ། །དེའི་རྒྱུ་མཚན་གསལ་བོ་མི་ཤེས་ཀྱང་བཤད་རྒྱུན་ལ་ནོར་ཐེ་དང་ཕག་ཐེ་བོངས་ཆེ་ལ་ལྕི་བས་མཐེབ་མོས་ཕར་འདེད་ཚུར་འདེད་བྱེད་དཀའ་བ་དང་། སྒོས་སུ་རྩེད་མཁན་གྱི་ལག་པ་ཆུང་ཆུང་ནང་དུ་ཐེ་གེ་ཆེ་ཆེ་མི་ཤོང་པས་ཆེར་མི་སྤྱོད་ཅིང་། རྟ་ཐེ་དང་བོང་ཐེ་ནི་ང་ཚོ་བོད་པ་ཚོས་གནའ་ནས་ད་བར་དུ་ལུག་དང་ར་མ། དགོ་བ། གནའ། གཙོད། ནོར་དང་འབྲོང་སོགས་རྨིག་པ་ཁ་དབྲག་རིགས་ཀྱི་ཤ་ལ་ལོངས་སྤྱོད་པ་ལས། རྟ་དང་བོང་བུ། དྲེད། རྐྱང་སོགས་རྨིག་ཟླུམ་རིགས་ཀྱི་ཤ་ལ་འཛེམ་པའི་སྟབས་ཀྱིས་ཡིན། རེའུ་ལུག་གི་ཐེ་གེ་ནི་ཆུང་དྲགས་པས་ཐེ་གེའི་འབུར་ཀོང་གི་ཆ་མངོན་གསལ་དོད་པོ་ཞིག་མ་ཡིན་པའི་ཐོག་ལ་མདོག་བཙོག་ལ་ཡང་ཤས་ཆེ་བ་ཞིག་འདུག་པས་བྱིས་པ་ལོ་ཆུང་མཛུབ་སྟོབས་ཞན་པ་དག་ལས་གཞན་ལ་མི་འཚམ་མོ། ། དེ་ལས་ལྡོག་སྟེ། ར་ཐེ་དང་ལུག་ཐེ་ནི་ཡུན་ཅི་ཙམ་འགོར་ན་དེ་ཙམ་གྱིས་མིག་ལ་མཛེས་ཤིང་ལག་ལ་བྱང་བ་ཞིག་ཀྱང་ཡིན།
  ཐེ་གེ་ཡི་ཚུགས་ཀ་ནི་བརྐོས་རིས་སྒྱུ་རྩལ་པའི་རུས་བརྐོས་ཀྱི་ཚབ་མཚོན་བརྩམས་ཆོས་ཤིག་དང་འདྲ་བར་ཧ་ཅང་གསོན་ཉམས་ལྡན་པ་ཞིག་ཡིན་ཏེ། ཐེ་གེ་ཡར་འཁོར་མདུན་ཏེ། མདུན་གྱི་ཆ་ནི་ཀོང་ལ། མར་འཁོར་རྒྱབ་ནི་འབུར་བ་དང་། ཡར་འགྲེང་ཐོག་སྟེ་བདེ་ལ། ལྡོག་འགྲེང་འོག་ནི་ཀོང་བའི་ཚུལ་གྱིས་དབྱིབས་དབྱིན་ཡིག་གསལ་བྱེདSབཞིན་དུ་འཁྱིལ་ཡོད། ཐེ་གེ་ཀེག་ལང་སྐེ་སྟེ་ཤོ་ལ། ལྡོག་ལང་འཕོངས་ནི་རྒྱགས་འདུག དེ་ལྟ་བུའི་ངོ་མཚར་བའི་ཁྱད་ཆོས་ལ་གཞིགས་ནས་ང་ཚོའི་ཕ་མེས་བློ་གྲོས་ཅན་དག་གིས་ཐེ་གེའི་ལངས་ཚུལ་དང་འདུག་ཚུལ་ལྟར། ཐེ་གེ་ཡར་འཁོར་ར་དང་མར་འཁོར་ལུག ཡར་འགྲེང་བོང་བུ། ལྡོག་འགྲེང་རྟ། ཀེག་ལངས་རྔ་མོང་དང་། ལྡོག་ལངས་སེང་གེར་ངོས་འཛིན་མཛད་ཡོད།
  ཐེ་གེའི་རྩེ་སྟངས་ལ། རྩེ་མཁན་ཕོ་མོ་དང་ལོ་གྲངས། མང་ཉུང་གི་དབྱེ་བ་གང་ཡང་མེད་པར་རྒན་བྱིས་དང་། ཕ་མ་སྤུན་མཆེད། ཁ་ཡ་ན་ཟླ་སོགས་མི་གཉིས་དང་གཉིས་ཀྱི་ཡན་འཛོམས་ཚེ། ཐོག་མར་རྩེད་ར་སྤང་ཐང་ཡིན་པས་ཡངས་དགོས་ཞེས་རྩེད་ར་བདེ་ས་ཡངས་ས་སྒོ་ཕྱི་ནང་དང་། ལྷས་གོང་ཞོལ། གཡུལ་ཁ་དང་ཁང་ཀླད། ཐ་ན་ཚ་ཐབ་སོགས་གང་ཡང་རུང་སྟེ། རྩེ་མཁན་རེ་རེར་ཆ་སྙོམས་ཀྱིས་ཐེ་གེ་འདང་ཚོད་རེ་བགོས་རྗེས། རང་རང་གི་ཟ་སྐལ་ཅི་ཡིན་པ་དང་། སུ་ལ་བབས་པའི་རྟ་ཡི་མང་ཉུང་འགྲན་ནས་སྔ་གཞུག་བསྒྲིགས་ཏེ་རང་རང་གི་སྐལ་རྩོད་ལེན་བྱེད་པའི་འགྲན་བསྡུར་དངོས་ལ་འཇུག་དགོས་པ་ཡིན། དེ་ནས་ཐེ་གེ་ཕྱུགས་ཟོག་ཡིན་པས་བཀྲམ་དགོས་ཞེས་ཐེ་གེ་ཤུགས་ཀྱིས་གཏོར་ནས་རྩེད་རར་ཁྱབ་ཏུ་བཅུག་རྗེས། རྩེ་མཁན་ཕྱུགས་རྫི་ཡིན་པས་བསྡུ་དགོས་ཞེས་ཐེ་གེའི་རིགས་མཐུན་པ་བཙལ་ནས་མཐེ་བོང་དང་གོང་མཛུབ། དཀྱིལ་མཛུབ་ལས་གང་ཞིག་བདེ་ན་དེ་ཉིད་བཀུག་ནས་རྒྱག་དགོས། ར་དང་ར་དང་། ལུག་དང་ལུག་ལ་རྡུང་དང་། རྟ་དང་རྟ། བོང་བུ་དང་བོང་བུ་ལ་གཤིབ་ཅེས་ཕན་ཚུན་རྒྱག་དགོས། རིགས་མཐུན་པ་ཏག་ཏག་བྱུང་ན་འབྱུང་དཀའ་བ་ཡིན་པས་འཕྲོག་དགོས་པ་དང་། སེང་གེ་རི་དྭགས་ཀྱི་རྒྱལ་བོ་ཡིན་པ་དང་། རྔ་མོང་སྲོག་ཆགས་མཐོང་དཀོན་པ་ཡིན་ཟེར་ནས་དེ་གཉིས་བྱུང་ནའང་དེ་བཞིན་དུ་འཕྲོག་རེས་བྱེད་དགོས་ཀྱང་། རིགས་མི་མཐུན་པ་བྱུང་ན་མི་མཐུན་སྣ་བཞིའམ་སྣ་གསུམ་ཟེར་ནས་ཕན་ཚུན་རྒྱག་པའི་སྲོལ་མེད། བསྡུས་པའི་ཁ་གྲངས་སུ་མང་འགྲན་དགོས་ཞེས་ཐེ་གེ་གཉིས་རེ་བརྒྱབ་ན་རེ་རེ་བསྡུ་དགོས་པ་དང་། བསྡུས་པའི་ཁ་གྲངས་ཀྱི་མང་ཉུང་འགྲན་ནས། རྒྱལ་ཁ་འཐོབ་མཁན་གྱིས་ཕམ་ཁ་ཉོ་མཁན་གྱི་ཐོད་དཀྱིལ་དུ་རང་གི་སྐལ་ཕུད་པའི་ཐེ་གེའི་ལྷག་གྲངས་མཛུབ་བཀུག་བྱས་ཏེ་ཤུགས་ཀྱིས་བརྒྱབ་ཚེ་རྩེ་ཐེངས་དེ་གཞི་ནས་མཇུག་རྫོགས་པ་ཡིན།
  མི་ལ་ལས་ཐེ་གེ་ནི་མོ་འདེབས་བྱེད་དང་། རྒྱན་འཛུགས་བྱེད། ཁྲིམས་གཅོད་བྱེད་ཅིག་ཏུ་ངོས་འཛིན་གྱིན་ཡོད་ན་ཡང་། ངའི་སེམས་སུ་ཐེ་གེ་ནི་ནམ་ཡང་རྩེད་ཆས་ཤིག་སྟེ། དེས་ང་ཚོ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་རྣམས་ཀྱི་མཛའ་བརྩེའི་བསམ་བློ་ཆིག་སྒྲིལ་དང་། མཐུན་སྒྲིལ་ཨ་ལོང་ཆིག་མདུད་བྱ་བར་སྟོབས་ཤུགས་འདོན་བཞིན་ཡོད་སྙམ།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།