གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤར་རྒྱ་གར་ཀུང་སིའི་མྱུལ་མས་བོད་དུ་སྤེལ་མྱོང་བའི་མྱུལ་ཞིབ་ཀྱི་བྱ་སྤྱོད་འགའ་།

2016-06-19 13:12:26 དམག ཀློག་གྲངས། མཆན ཡོད།

ཤར་རྒྱ་གར་ཀུང་སི་ནི་དབྱིན་ཇིས་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་བཙན་འཛུལ་བྱེད་པའི་དབྱིན་ཇིའི་དཔུང་སྒར་གྱི་ལྟེ་གནས་ཡིན་ཞིང་དེ་སྤྱི་ལོ༡༦༠༠ལོར་དངོས་སུ་བཙུགས།ཤར་རྒྱ་གར་ཀུང་སི་བཙན་འཛུལ་འཐབ་རྩོད་ཀྱི་གཞི་རྒྱ་ཆེ་རུ་གཏོང་བའི་ཧམ་སེམས་ཀྱིས་སྐུལ་ཏེ། དུས་རབས་བཅོ་བརྒྱད་པའི་དུས་མཇུག་ནས་འགོ་ཚུགས་ཏེ་བཙན་འཛུལ་གྱི་མདུང་རྩེ་ང་ཚོའི་བོད་ལ་གཏད་ཅིང་བོད་ནས་ཉེ་འཁོར་གྱི་ཀྲུང་གོའི་ནང་ཁུལ་དུ་ཟབ་འཇུག་བྱ་རྒྱུའི་རེ་བ་བཅངས་པ་རེད།

 ང་ཚོའི་བོད་ལ་བཙན་འཛུལ་གྱི་བྱ་སྤྱོད་སྤེལ་རིང་དུ་མིང་ལ་ལྦའེ་རན་ཧ་སེ་ཏིང་སེ(Warren. Hastings)ཟེར་བ་ཞིག་གིས་ཤར་རྒྱ་གར་ཀུང་སིའི་ཇུས་འགོད་པ་དང་གཙོ་འགན་འཁུར་ཞིང་། སྔ་རྟིང་དུ་མི་སེར་སྤེལ་བའི་རིང་ལུགས་པ་རྙིང་གྲས་སྦོ་སྒལ(BoGle)དང་ས་མུའི་ཀྲར་ནར

(Samuel  Turner)གཉིས་བཀྲ་ཤིས་ལྷུན་པོར་བྱ་སྤྱོད་སྤེལ་བར་བཏང་སྟེ་དེའི་བར"ཚོང་འགྲུལ་གྱི་འབྲེལ་བ"འཛུགས་རྒྱུའི་རེ་བ་བྱས་པ་དང་འབྲེལ་དེ་ལ་ཁ་གཡར་ནས་ང་ཚོའི་བོད་ཀྱི་ས་ཆའི་ཆབ་སྲིད་དང་དཔལ་འབྱོར། ཆོས་ལུགས། ཡུལ་སྲོལ། གོམས་གཤིས་སོགས་ཀྱི་གནས་ཚུལ་འབོར་ཆེན་བསྡུ་རུབ་བྱས་མྱོང་ཡོད་པ་རེད།

 སྤྱི་ལོ་༡༧༧༤ལོར་སྦོ་སྒལ་ཟེར་བའི་མྱུལ་ཞིབ་པ་ཞིག་ང་ཚོའི་བོད་དུ་འབྱོར་ཞིང་ཁོས་ཐབས་མཁས་ཀྱི་ངང་པཎ་ཆེན་(པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས།༡༧༣༨--༡༧༨༠)ལ་མཇལ་ཁ་ཞུས་པ་མ་ཟད། ཧ་སེ་ཏང་སེས་པཎ་ཆེན་ལ་ཕུལ་བའི་ཞུ་འཕྲིན་དང་སྐྱེས་སོགས་མཇལ་རྟེན་དུ་ཕུལ། དེ་ནི་དབྱིན་ཇིའི་དཔོན་རིགས་དང་བོད་ས་གནས་སྲིད་གཞུང་གཉིས་བར་འབྲེལ་གཏུག་བྱས་པ་ཐེངས་དང་པོ་ཡིན་པར་བཤད་ལ། སྦོ་སྒལ་ནི་ཧིན་རྡུར་ཡོད་པའི་དབྱིན་ཇི་བ་ཉུང་ཤས་ནང་ནས་བོད་པ་དང་འབྲེལ་གཏུག་ཡུན་རིང་བྱེད་མྱོང་བ་དང་། བོད་པའི་ཁྱད་ཆོས་དང་གཤིས་རྒྱུད་ཤེས་རྟོགས་བྱེད་མཁན་དབང་གྲགས་ཅན་ཞིག་དང་། ཁོ་ནི་ལྟ་ཞིབ་པ་ཕུལ་བྱུང་ཅན་ཞིག་ཡིན་པའི་ཐོག་ང་ཚོའི་བོད་པའི་བྱ་སྤྱོད་སྤེལ་སྟངས་ལ་ལད་མོ་བྱེད་པར་འཇོན་ཐང་ཡོད་པའི་མི་ཞིག་ཡིན་ཚོད་རེད།

  སྦོ་སྒལ་བོད་དུ་བསྡད་པའི་རིང་ཐོག་མཐའ་བར་གསུམ་དུ་བོད་དང་ཚོང་འགྲུལ་གྱི་འབྲེལ་བ་འཛུགས་པར་ཤུགས་གང་ཡོད་བཏོན་ཞིང་། ལྷ་སར་བསྐྱོད་རྒྱུར་རེ་ཞུ་ཡང་ཡང་བྱས་མོད། དམིགས་ཡུལ་དེ་སྐབས་དེའི་ལྷ་སའི་དཔོན་རིགས་ཀྱིས་ཁས་མ་བླངས་ཤིང་། སྐབས་དེར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཆོ་(༡༧༥༨--༡༨༠༤)སྐུ་ན་ཕྲ་བར་བརྟེན་དེ་མོ་ནོ་མིན་ཧན་གྱིས་སྲིད་སྐྱོང་གནང་གི་ཡོད་འདུག་ལ། ཁོང་ཚོས་སྒོ་སྦལ་གྱི་དམིགས་ཡུལ་ཤེས་རྟོགས་བྱུང་བའམ་སྦོ་གལ་ཡོང་དོན་མི་ལེགས་ཚུལ་དགོངས་ནས་སྒོ་བཀག་བྱས་འདུག    མཐར་སྦོ་སྒལ་ལ་ཕྱོགས་ཚང་མས་ངོ་རྒོལ་བྱས་སྟབས༡༧༧༥ལོའི་ཟླ༦བར་བཟོ་ལྟ་ཤོར་བཞིན་དུ་ཕྱིར་ལོག་པ་རེད།སྦོ་སྒལ་སོགས་ཀྱིས་བཙན་འཛུལ་གྱི་འཆར་གཞི་ལག་བསྟར་བྱེད་ཆེད་ཡང་བསྐྱར་ཐེངས་དུ་མར་བོད་དང་ཚོང་འགྲུལ་བྱ་རྒྱུའི་རེ་ངན་བཅངས་ཏེ་པཎ་ཆེན་ཚང་བེད་སྤྱོད་བྱ་ཐབས་བཙལ་མོད།མཐར་པན་ཆེན་ཚང་༡༧༨༠ལོར་པེ་ཅིན་དུ་ཞིང་ལ་གཤེགས་པ་དང་།༡༧༨༡ལོར་སྦོ་སྒལ་ཡང་ཚེ་ལས་འདས་པས་དབྱིན་ཇིས་བོད་དུ་སྤེལ་བའི་གསང་མྱུལ་གྱི་བྱ་སྤྱོད་ཐེངས་དང་པོ་དེ་མཇུག་སྒྲིལ།

  སྦོ་སྒལ་ང་ཚོའི་བོད་དུ་བསྡད་པའི་དུས་ཚོད་ནང་རང་རེའི་མི་རིགས་དང་ཆོས་ལུགས། ཆབ་སྲིད། གོམས་སྲོལ།ཚོང་དོན་བཅས་ཀྱི་གནས་ཚུལ་འབོར་ཆེར་ཤེས་རྟོགས་ཐུབ་ཡོད་ཅིང་། དེ་དག་སྙན་ཞུའི་ནང་བཀོད་དེ་ཧ་སེ་ཏང་སེ་ལ་ཕུལ་ཞིང་། ཁོས་འདོན་སྤྲོད་བྱས་པའི་གནས་ཚུལ་དེ་དག་གིས་ཕྱིས་སུ་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་བོད་ལ་བཙན་འཛུལ་བྱེད་པར་ནུས་པ་བླ་ལྷག་ཐོན་ཡོད་རབས་བཤད།

   སྤྱི་ལོ༡༧༨༣ལོར་ཤར་རྒྱ་གར་ཀུང་སིས་བོད་དུ་བྱ་སྤྱོད་སྤེལ་མི་ཐེངས་གཉིས་པ་གཏོང་རྒྱུའི་གཏན་འབེབས་བྱས་ཏེ།ཀྲར་ནར་ཟེར་བ་ཞིག་ང་ཚོའི་བོད་དུ་མངགས།  ཀྲར་ནར་བོད་དུ་འབྱོར་རྗེས་དཔོན་པོ་ཆེ་ཁག་འགས་མཇལ་འཕྲད་གནང་ཞིང་། ཀྲར་ནར་གྱིས་ཀྱང་སྦོ་སྒལ་དང་འདྲ་བར་བོད་བར་ཚོང་འགྲུལ་གྱི་ཆིངས་ཡིག་འཇོག་རྒྱུ་དང་ལྷ་སར་འགྲོ་རྒྱུའི་རེ་བ་བཏོན་པ་མ་ཟད། ཤར་རྒྱ་གར་ཀུང་སིས་བཀྲ་ཤིས་ལྷུན་པོར་ཚོང་ཁང་ཞིག་གཉེར་བ་སོགས་ཀྱི་རེ་ཞུ་བཏོན་ཀྱང་དེ་དག་ཚང་མ་བོད་ས་གནས་སྲིད་གཞུང་གིས་ཁས་ལེན་མ་བྱས་པས། ༡༧༨༣ལོའི་ཟླ༡༢བར་ཀྲར་ནར་སོགས་བོད་ནས་བྲལ་ཏེ་ཕྱིར་ལོག་ཅིང་། དེ་ལྟར་དབྱིན་ཇིས་བོད་དུ་སྤེལ་བའི་གསང་མྱུལ་གྱི་བྱ་སྤྱོད་ཐེངས་གཉིས་པ་ཡོངས་སུ་མཇུག་སྒྲིལ།

   ཀྲར་ནར་གྱིས་ང་ཚོའི་བོད་ཀྱི་ས་འོག་ཏུ་ཡོད་པའི་གཏེར་རྫས་སོགས་ལ་ཞིབ་ཅིང་ཕྲ་བའི་བརྟག་དཔྱད་བྱས་ཏེ་ཧ་སེ་ཏང་སེ་ལ་གནས་ཚུལ་མཁོ་འདོན་བྱས་ཡོད་པ་རེད་ལ། དེར་ཤར་རྒྱ་གར་ཀུང་སིས་ཀྲར་ནར་བོད་དུ་བསྐྱོད་པར་གདེང་འཇོག་བྱེད་སྐབས། ཕྱི་འབྲེལ་ཐད་ཕམ་ཡང་བོད་ཀྱི་ནང་ཁུལ་གནས་ཚུལ་དང་ཚོང་འགྲུལ་ཐད་གྲུབ་འབྲས་ཆེན་པོ་ཐོབ་པར་ངོས་འཛིན་བྱས་འདུག     

        སྤྱི་ལོ༡༨༡༡ལོར་དབྱིན་ཇི་བ་མཱན་ནིང་( Manning)གིས་སླར་ཡང་ང་ཚོའི་བོད་ལ་ལྐོག་འཛུལ་བྱས་ཤིང་། མཱན་ནིང་ནི་ལྷ་སར་ཆེས་ཐོག་མར་འབྱོར་བའི་དབྱིན་ཇི་བ་ཞིག་རེད།ཁོས་ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་བ་རྒྱལ་བ་ལུང་རྟོགས་རྒྱ་མཚོར་(༡༨༠༥--༡༨༡༥)མཇལ་ཁ་ཞུས་ཤིང་མཇལ་རྟེན་གྱི་དངོས་རྫས་མང་པོ་ཕུལ། མཱན་ནིང་གིས་བཙན་འཛུལ་པའི་ངོ་གདོང་འགེབས་ཆེད་རྒྱུན་དུ་བོད་ཆས་གྱོན་པ་དང་།སྐྲ་བཞར་ནས་མགོ་རིལ་བཟོོ་བ། སྨ་ར་རིང་པོ་འཇོག་པ་བཅས་རྫུན་ལས་སྣ་ཚོགས་བྱས་ཡོད་དེ།རྗེས་སུ་མཱན་ནིང་གི་གདོང་རིས་དམར་རྗེན་གསལ་འདོན་བྱས་ཤིང་། མཱན་ནིང་གིས་ང་ཚོའི་བོད་ཀྱི་ས་ཆར་ཆོས་ལུགས་སྤེལ་རྩིས་བྱ་ཡི་ཡོད་པར་དོགས་ནས་༡༨༡༢ལོར་ཕྱིར་བཙན་འདེད་བྱས།

       དེ་ལྟར་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ནས་དུས་རབས་བཅུ་དགུའི་དུས་འགོ་བར་དབྱིན་ཇིའི་མི་སེར་སྤེལ་བའི་རིང་ལུགས་པས་སྔ་རྗེས་སུ་སྦོ་སྒལ་དང་། ཀྲར་ནར། མཱན་ནིང་བཅས་བོད་དུ་ལྐོག་འཛུལ་གྱིས་མྱུལ་ཞིབ་ཀྱི་བྱ་སྤྱོད་སྤེལ་བར་མངགས་ཏེ། ཤར་རྒྱ་གར་ཀུང་སིའི་སྟོབས་ཤུགས་ང་ཚོའི་བོད་ལ་རྒྱ་སྐྱེད་བྱེད་པ་དང་། བོད་བར་འདྲ་མཉམ་མིན་པའི་ཆིངས་ཡིག་འཇོག་ཐབས་བྱས། མྱུལ་ཞིབ་པ་དེ་ཚོའི་དམིགས་ཡུལ་ནི་བོད་ཀྱི་གནམ་གཤིས་དང་ས་བབ། རང་བྱུང་ཁོར་ཡུག་གི་ཁྱད་ཆོས་བཅས་དང་། ལོ་རྒྱུས། ཆབ་སྲིད། ཆོས་ལུགས་སོགས་ལ་མྱུལ་ཞིབ་བྱེད་པ། དེ་མ་ཟད་བོད་ནས་ཚོང་ར་འཚོལ་བ་དང་། བོད་ཀྱི་ས་དབྱིབས་དང་ས་འོག་གི་གཏེར་རྫས་ས་ཁྲར་འགོད་པ། བོད་ནས་ཆོས་ལུགས་སྤེལ་ཤུགས་ཆེ་རུ་གཏོང་བ། བོད་མིའི་འཚོ་བ་རོལ་སྟངས་དང་རིན་ཐང་ལྟ་ཚུལ། དད་མོས། བཟོ་སྐྲུན་སོགས་ཕྱོགས་གང་ཐད་ནས་གནས་ཚུལ་བསྡུ་རུབ་བྱ་རྒྱུ་ཡིན་པ་ར་སྤྲོད་ཐུབ་ཅིང་། ཁོ་ཚོའི་བཙན་འཛུལ་གྱི་ཁ་གཡར་ས་ནི་"ཡུལ་སྐོར"དང་"ཚོང་འགྲུལ"།"ཆོས་ལུགས་སྤེལ་བ"དང་"མྱུལ་དཔྱད"བཅས་རེད་ལ། དེ་ལྟར་ཡུན་གྱིས་དབྱིན་ཇི་བཙན་འཛུལ་བས་ང་ཚོའི་བོད་ཐོག་ཏུ་ཐད་ཀར་དྲག་པོའི་བཙན་འཛུལ་བྱས་པ་སོགས་ཀྱི་སྦྱོར་བ་ཇི་སྙེད་ཅིག་སྤེལ་ཡོད་པ་རེད།

                                            ༢༠༡༥/༦/༡༡དཔེ་ཀློག་ཟིན་བྲིས་ཀྱི་ཚུལ་དུ།

                                                                          རྩོམ་སྒྲིག་པ། དབང་མོ།


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།